རྩོམ་པ་པོ་སྟག་འབུམ་རྒྱལ་གྱི་བསྒྱུར་རྩོམ་རིང་མོ《འཇིག་རྟེན་དཀར་ངོགས་ཀྱི་མཚན་མོ་ཡོད་རྒུ》།

རྩོམ་པ་པོ།:སྟགའབུམ་རྒྱལ་གྱིས་བསྒྱུར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-05-15 09:42:00 ཀློག་གྲངས།:

འཇིག་རྟེན་དཀར་ངོགས་ཀྱི་མཚན་མོ་ཡོད་རྒུ།
ཁྲུ་ཙེ་ཇན་གྱིས་བརྩམས།(རྒྱ་རིགས)
སྟག་འབུམ་རྒྱལ་གྱིས་བསྒྱུར།

ལེའུ་དང་པོ།  སྒྱུ་འཕྲུལ་མཁན་པོ་དང་བོང་རྒན་གྱོལ་བོ།
     ངས་རང་ཉིད་ཀྱི་ངོ་གདོང་ཧྲིལ་བོར་འཇིམ་པ་མཐུག་པོས་གཡོགས་ཏེ་མི་རྣམས་ལ་ཁོ་བོའི་སྨྲེང་སྐྱོ་མཐོང་དུ་འཇུག་མི་འདོད།
     ངའི་ཁྱོ་ག་ནི་སྒྱུ་འཕྲུལ་མཁན་པོ་ཞིག་ཡིན། ཟླ་གཉིས་སྔོན་གྱི་མཚན་མོ་ཞིག་ལ། ཁོ་རང་མཚན་མོའི་རོལ་རྩེད་ཁང་ནས་འཁྲབ་སྟོན་བྱས་ཚར་ཏེ་བག་ཕེབས་ངང་ཕྱིར་ལོག་པའི་དུས་སུ། རྒྱ་ལམ་གྱི་བཞི་མདོ་ཞིག་བརྒལ་སྐབས་སུ་སྒྲོན་འོད་དམར་བོར་འགལ་བའི་སྦག་སྦག་འཁོར་ལོ་ཞིག་དང་གདོང་གཏུག་འཁེལ་ཏེ་སྒྲོན་འོད་བཀྲ་བའི་སྲང་ལམ་དུ་བསྒྱེལ་སོང་།  སྦག་སྦག་ཞོན་མཁན་ནི་རྫོང་མཁར་ཉེ་འདབས་ཀྱི་ཞིང་བ་ཞིག་ཡིན་འདུག་ཅིང་།ཉིན་དེར་སྔོ་ཚལ་བཙོངས་ཏེ་ཡོང་སྒོ་མང་བོ་བྱུང་བས་གྲོགས་པོ་ལྷམ་བཟོ་བ་ཞིག་དང་སྲན་ཕྱུར་འཚོང་མཁན་གཉིས་ལ་ཁ་ཆད་བྱས་ཏེ་ཟ་ཁང་ཆུང་བ་ཞིག་ཏུ་ཆང་འཐུང་དུ་སོང་བ་དང་། ཁོ་ཚོས་ཚྭ་ཆུས་བཙོས་པའི་སྲན་སེར་གང་བུ་སྡེར་མ་གང་དང་ཕག་སུག་བསྙལ་མ་གསུམ། སུར་པན་དང་མཁལ་འདབ་བརྔོས་མ་སྡེར་མ་གཅིག་དང་། སྒོང་བ་བརྔོས་མ་སྡེར་མ་གཅིག  ད་དུང་ཆང་དཀར་རྒྱ་མ་དོ་བཅས་བླངས་ནས་བཟའ་བཏུང་འགྲངས་ཐག་ཆོད་པར་རོལ། ཆང་འཐུང་ནས་ཚར་བའི་དུས་ནི་ཕལ་ཆེར་ནམ་གུང་ཙམ་ལ་སོན་འདུག ལྷམ་བཟོ་བ་ནི་འཁྱལ་འཁྱོར་ངང་ཁོ་རང་གི་གླས་པའི་ཁང་ཆུང་ནང་དུ་ལོག་སོང་བ་དང་སྲན་ཕྱུར་འཚོང་མཁན་ཡང་དེ་གའི་གོར་དམར་བཙོ་བཞིན་པའི་ཁོའི་དགའ་གྲོགས་འཚོལ་དུ་བུད་སོང་། ཚལ་འཚོང་བ་ཁོས་ཁྱིམ་ནང་གི་ཆུང་མ་སེམས་ལ་སྒོམ་སྟེ་སྦག་སྦག་རྙིང་རྡུགས་དེ་ཞོན་ནས་མཚན་ལམ་བརྒྱབ་པ་རེད།
     གནས་ཚུལ་ཞིབ་ཕྲ་འདི་དག་ནི་དོན་དག་བྱུང་བའི་རྗེས་སུ་བཀག་བསྐྱིལ་ཁང་དུ་བཅུག་པའི་ཚལ་འཚོང་མཁན་དེས་ང་ལ་བཤད་པ་ཡིན། ཁོས་བཤད་ན་ཉིན་དེར་ཆང་ལན་པ་མ་ཡིན་པར་གཅིན་པ་སྦོས་དྲགས་པ་དེ་ལན་པ་ཡིན་སྐད། ཆང་འཐུང་ཚར་མཚམས་ཁོས་གཅིན་པ་གཏོང་དགོས་བྱུང་མོད། ཡིན་ན་ཡང་ཟ་ཁང་ཆུང་བ་དེ་རིགས་ཀྱི་ནང་དུ་སྤྱོད་ཁང་མེད་པ་རེད། སྒོ་ཕྱིར་བུད་རྗེས་སྤྱི་སྤྱོད་སྤྱོད་ཁང་དུ་འགྲོ་སྙམ་ཡང་དེར་འགྲོ་ན་རྒྱ་ལམ་གཉིས་བརྒལ་དགོས་པར་མ་ཟད། སྤྱི་སྤྱོད་སྤྱོད་ཁང་གི་གློག་ཀྱང་མཚན་མོའི་དུས་སུ་བརྒྱ་ཆའི་དགུ་བཅུ་ཞ་ར་ཡིན་པས་མུན་ནག་གི་ཁྲོད་དུ་ཁོ་རང་སྐྱག་དོང་ནང་ དུ་ལྷུང་ཨེ་འགྲོ་བར་སྐྲག་དགོས་བྱུང་། དེ་བས་ཁོས་ཟ་ཁང་རྒྱབ་རོལ་གྱི་ཧྲག་བར་སྟོང་བ་དེར་སོང་།  བསམ་ཡུལ་ལས་འདས་པ་ལ་ཧྲག་བར་སྟོང་བ་དེ་ཡང་སྟོང་བ་མ་ཡིན་པར་སྐྱེས་པ་ཞིག་དང་སྐྱེས་མ་ཞིག་གིས་འཁུན་སྐད་འདོན་བཞིན་དུ་འོ་སྦྱོར་བྱེད་ཀྱིན་འདུག དེ་བས་ཁོ་རང་འུ་ཐུག་སྟེ་ཕྱིར་ལོག་ནས་སྦག་སྦག་གི་གོང་དུ་བུད་ཅིང་། ཉིན་མོར་སྐར་མ་བཞི་བཅུའི་ལམ་ཐག་ཡོད་ཀྱང་དགོང་མོ་ལམ་འགྲོ་བ་ཉུང་བས་སྐར་མ་ཉི་ཤུས་སླེབས་ངེས་སུ་འདུག་སྙམ་སྟེ་གཅིན་པ་སྦོས་བཞིན་དུ་ལམ་ལ་ཆས། གཅིན་པའི་དྲག་སྐུལ་དང་མུན་པའི་རོགས་འདེགས་འོག་བྱ་འཕུར་བ་ལྟར་སྔོན་དུ་བསྐྱོད་ཅིང་། སྲང་མདོའི་སྒྲོན་འོད་དམར་བོ་ནི་ཁྱིམ་ལྷས་འདབས་སུ་དོར་བའི་གད་སྙིགས་བཞིན་མིག་གིས་ལྟ་འདོད་མེད་པའི་ཚད་དུ་གྱུར། ཆག་སྒོ་ནི་ཏག་ཏག་སྐབས་དེར་བྱ་རྟུག་གདོང་ལ་ལྷུང་བ་ལྟར་ཐོན་ཏེ་ཁོ་རང་རི་རྩེ་ནས་གཅོང་རོང་དུ་བརྫངས་པ་རེད།
     ལམ་ནང་དུ་སྒྲོན་འོད་ཀྱི་རྟགས་ཟེར་བ་ཞིག་གཏན་ནས་མེད་ཀྱང་ཆོག་པ་ལ། དེ་ལྟར་ཡིན་ཚེ་མི་རྣམས་ལམ་ནང་དུ་འགྲོ་དུས་གཡས་གཡོན་ལ་བལྟས་ནས་འགྲོ་ངེས་རེད།  ཁྱོད་ཀྱི་ཁྱོ་གས་ཀྱང་ང་རང་ལ་བལྟ་ངེས་རེད་ཅིང་། ཁོས་བསྒུགས་ཏེ་ང་རང་ཕར་ཡོལ་མཚམས་སུ་གཞི་ནས་སོང་ཆོག་པ་རེད། ཚལ་འཚོང་བས་སྐད་ཆ་འདི་བཤད་དུས་སུ་ཁ་འགྲམ་དུ་ངུ་དགོད་ཀྱི་ཉམས་ཤིག་མངོན་འདུག
     ཁོས་བཤད་རྒྱུར། ཟ་ཁང་ཆུང་བ་དེས་ཀྱང་རིན་མི་དགོས་པའི་ཇ་དེམ་གཅིག་དེ་བྱིན་མེད་ཀྱང་ཆོག་པ་རེད། སྐྱག་ཇ་དེ་ལན་པ་ཡིན།འོན་ཀྱང་མ་འཐུང་ན་ཡང་འོས་མེད་པ་འདྲ། སྲན་ཕྱེ་འཚོང་མཁན་ནི་ཇ་འཐུང་བར་དགའ་བོ་མི་འདུག་ཅིང་།  ལྷམ་བཟོ་བས་ཀྱང་ཤེལ་ཕོར་ཕྱེད་ཙམ་ལས་མི་འཐུང་བས། ཇ་དེམ་གང་བོའི་མང་ཆེ་བ་ངས་འཐུང་བ་ཡིན།   ཚལ་འཚོང་བས་བཤད་རྒྱུར། འོན་ཀྱང་ཇ་ཡི་ནང་དུ་འདྲེ་ཞུགས་ཡོད་པ་སུ་ཞིག་གིས་ཤེས་སམ་ཟེར།
     ཚལ་འཚོང་བས་མ་བཤད་པ་ཞིག་ནི།  དོན་དག་བྱུང་རྗེས་ཁོའི་གཅིན་པས་དོར་མ་བརླན་ཞིང་།  ད་དུང་མ་ཉེས་ཁ་གཡོགས་ཐེབས་པའི་ངང་ངའི་ཁྱོ་གའི་བྲང་ཁར་འཐམས་ནས་ངུད་མོ་བྱེད་བཞིན་དུ། ངའི་སྦག་སྦག་ངན་པ་འདིར་བོང་རྒན་གྱོལ་བོ་ཞིག་གི་ཤེད་ཤུགས་མ་གཏོགས་མེད་པས།  ཁྱོད་ནི་སྲན་ཕྱེ་ཡིས་བཟོས་པ་མིན་ནམ།  གནམ་རྒན་མ་ཡ། ཞེས་ངུ་འབོད་བྱེད་ཀྱིན་འདུག་ཟེར།
     འདི་ནི་དོན་དག་དངོས་སུ་མཐོང་མཁན་ཞིག་སྟེ། མཚན་མོའི་ལས་གྲོལ་བྱས་པའི་ཚོས་བསྒྱུར་ཁང་གི་བཟོ་བ་ཞིག་གིས་ང་ལ་བཤད་པ་ཡིན། དེའི་རྐྱེན་གྱིས་ངའི་ཁྱོ་གའི་རྐྱེན་ངན་ལ་ཐོག་དང་བོར་ངུད་མོ་འདོན་མཁན་ནི་ང་རང་མ་ཡིན་པར"བོང་རྒན་གྱོལ་བོའི"བདག་པོ་ཡིན་པར་འདུག
     ང་རང་ཚལ་འཚོང་བར་བལྟ་རུ་འགྲོ་དོན་ཡང་ངའི་ཁྱོ་གའི་ཆེས་མཇུག་མཐའི་གནས་ཚུལ་ཅི་འདྲ་ཞིག་ཡིན་པ་དེ་རྟོགས་འདོད་པས་ཡིན། ཁོ་རང་དེ་མ་ཐག་ཏུ་དབུགས་ཀྱི་རྒྱུ་བ་ཆད་པར་གྱུར་བ་ཡིན་ནམ། ཡང་ན་འཁུན་སྐད་ཕྱུངས་བཞིན་ཅུང་ཙམ་ལ་བསྡད་པ་རེད།  གལ་ཏེ་ཁོ་རང་དེ་མ་ཐག་ཏུ་དབུགས་ཆད་པར་གྱུར་བ་མིན་ཚེ། འཁྲེང་སེམས་ཀྱི་ཁྲོད་ནས་ཁོས་སྐད་ཆ་ཅི་ཞིག་བཤད་ཨེ་ཡོད་སྙམ་པ་ཡིན།
     ངས་ཚལ་འཚོང་བ་ལ་དེ་ལྟར་འདྲི་བའི་དུས་སུ། ཁོས་ལན་བཏབ་པ་ནི་ཟ་ཁང་ཆུང་བའི་ནང་གི་ཇ་དང་།  ཆང་དཀར།  ཁོ་རང་ལ་གཅིན་གཏོང་བའི་གནས་མལ་མ་བྱིན་པའི་འོ་སྦྱོར་བྱེད་པའི་ཕོ་མོ་ཟུང་།  ལམ་མདོའི་སྒྲོན་འོད་དང་སྦག་སྦག་འཁོར་ལོ་རྙིང་རྡུགས་དང་བཅས་པའི་ཚར་རྒྱུ་མེད་པའི་གནས་ཚུལ་བཤད་བྱུང་ལ།  འདི་དག་ཡོད་ཚད་ཀྱང་ཁོ་རང་གི་ལས་བདའ་བྱ་ཡུལ་གྱུར་འདུག  ཁོས་ད་དུང་ཁོ་རང་ཉིད་ཀྱང་སྐྱེས་པ་སེམས་ཡན་ཞིག་མིན་པ་དེར་ལེ་བདའ་བྱེད་ཀྱིན་འདུག  གལ་ཏེ་ཆང་གི་ངར་ལ་བརྟེན་ནས་བུད་མེད་སླ་མོ་ཞིག་བཙལ་ཏེ་མགྲོན་ཁང་ཞིག་གླས་པ་ཡིན་ན་ཆག་སྒོ་འདི་དང་གཡོལ་ཐུབ་སོང་བ་རེད། ཁོས་ད་དུང་ང་ལ་བཤད་རྒྱུར།  དོན་དག་བྱུང་བ་ནས་བཟུང་ཁོས་ཁ་དོག་དམར་བོ་ཞིག་མཐོང་མ་ཐག་ཏུ་མིག་ན་འོང་བ་སྟེ།  དྲག་ཏུ་ཁྲོས་པའི་གཡག་རྒོད་ཅིག་དང་འདྲ་བར་དེའི་ཐོག་ལ་བརྒྱུགས་པར་ཐེ་ཚོམ་མི་འདུག་ཟེར།
     ཉིན་དེར་ངས་ལུས་ལ་ཁ་དོག་ནག་པོའི་འདུན་གོས་གྱོན་ཡོད་པས་ཁོས་ང་ལ་བལྟས་པའི་མིག་འོད་ནི་ཧ་ཅང་བག་ཕེབས་སུ་སྣང་། ཁོས་ང་ལ་བཤད་པ་ནི་འདི་ལྟ་སྟེ། ཁོ་རང་ངའི་ཁྱོ་གའི་སྟེང་དུ་འཐམས་པའི་དུས་སུ་ཁོར་ད་དུང་འཁུན་སྐད་ཙམ་འདོན་གྱིན་འདུག་མོད། མཇུག་མཐར་མྱུར་སྐྱོབ་རླངས་འཁོར་སླེབས་པའི་དུས་སུ་གཞི་ནས་ཁ་གྲགས་མི་ནུས་པར་གྱུར་སོང་ཟེར།
     དོན་ངོ་མར་ཁོས་སྡུག་ཅི་ཡང་མ་མྱངས་བར་བདེ་བ་ཅན་དུ་བུད་སོང་བ་རེད། ཚལ་འཚོང་བས་བཤད་རྒྱུར་།  ང་དང་ག་ལ་འདྲ།  ང་ནི་འདི་འདྲའི་འགོང་ཁང་ཞིག་ཏུ་བཙུད་སོང་བ་རེད་ཟེར།
     ཁྱོད་ད་དུང་ལོ་ཆུང་བར་མ་ཟད་མོ་སྒོ་ཡང་མི་ཆོག་རྒྱུ་མི་འདུག་པས། ད་དུང་སྐྱེས་པ་ཞིག་ཚོལ་དང་ཆོག་པར་འདུག  འདི་ནི་ང་རང་བཀག་བསྐྱིལ་ཁང་ནས་ཕྱིར་འབུད་པའི་དུས་སུ་ཚལ་འཚོང་བས་ཆེས་མཇུག་མཐར་ང་ལ་བཤད་པའི་སྐད་ཆ་རེད།  ཁོའི་བཤད་ཚུལ་དེ་ནི་ཞིང་བ་ཞིག་གིས་ཕྱུགས་ཟོག་ཉོ་ཚོང་བྱེད་ས་ཞིག་ཏུ་རྒོད་མ་འདེམས་པ་དང་ཧ་ཅང་འདྲ་བར་འདུག་སྟེ། ན་སོ་གཞོན་པ་ཞིག་བློར་བབས་ན་ཡང་དེ་ནི་ཏག་ཏག་མི་གཞན་གྱིས་སྔོན་ནས་ཉོས་ཟིན་འདུག་པས།  ཁོས་སླར་ཡང་ན་སོ་ཅུང་གཞོན་པ་ཞིག་གི་སར་བརྒྱུགས་ནས་།  ང་ལ་འདི་ཡིན་ཡང་ཆོག་འདུག་ཟེར་བ་དང་གཅིག་མཚུངས་སུ་འདུག
     འོན་ཀྱང་ང་ནི་རྒོད་མ་ག་ལ་ཡིན།
     ངས་ནམ་རྒྱུན་ཁྱོ་གའི་དངོས་མིང་ནས་འབོད་ཀྱིན་མེད། ངས་ཁོ་ལ་སྒྱུ་འཕྲུལ་མཁན་པོ་ཞེས་འབོད་ཀྱིན་ཡོད།  ཁོ་རང་ནི་དངོས་ནས་སྒྱུ་འཕྲུལ་མཁན་པོ་ཞིག་ཡིན་ཏེ། ལོ་བཅུ་ལྷག་གི་སྔོན་དུ།  ང་རང་ད་དུང་སློབ་ཆུང་ཞིག་གི་སྐད་ཡིག་དགེ་རྒན་ཡིན། ལོ་ཞིག་གི་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་སྐབས་སུ་ངས་བྱིས་པ་དག་ཁྲིད་ནས་ཟློས་གར་ཁང་དུ་སོང་སྟེ་འཁྲབ་སྟོན་ལ་བལྟ་རུ་བཅུག་པ་ཡིན། ཐོག་དང་བོར་གར་སྟེགས་སུ་བུད་པ་ནི་སྒྱུ་འཕྲུལ་མཁན་པོ་ཁོ་རེད། ཁོའི་གཟུགས་རིང་ཞིང་ཤ་སྐམ་པོ་ཡོད་ཅིང་། ལུས་ལ་སྒྱུ་འཕྲུལ་མཁན་པོ་དག་གིས་གྱོན་གྱིན་པའི་ཁུག་རྟའི་མཇུག་སྒྲོའི་དབྱིབས་ཀྱི་ལྭ་བ་ནག་པོ་དེ་གྱོན་འདུག་པར་མ་ཟད། མགོ་ལ་ཡང་རྒྱ་གར་ལི་མོ་ནག་པོ་ཁོད་ཡངས་ཤིག་མཐའ་བརྫེ་སྟེ་གྱོན་ཡོད་པ་དང་། ལག་འབོབ་དཀར་བོ་གྱོན་ཏེ་གསེར་མདོག་གི་འཁར་བ་ཞིག་ལ་ཁེན་བཞིན་དུ་མི་རྣམས་ཀྱི་དགོད་སྒྲའི་ཁྲོད་ནས་གར་སྟེགས་སུ་བུད་བྱུང་།  ཁོ་རང་སྟེགས་བུའི་སྟེང་དུ་བུད་མ་ཐག་ནང་ཡོངས་ཐལ་མོ་རྡེབ་སྒྲས་ཁེངས་པར་གྱུར་བས།  ཁོས་མགོ་བོ་དང་ཁོག་སྟོད་མཉམ་དུ་བསྒུར་ནས་གུས་ལུགས་ཤིག་བསྟན་མ་ཐག་ལག་ནང་གི་འཁར་བ་གློ་བུར་དུ་ཐང་གཅལ་འགྱེལ་བར་གྱུར།  ཁོས་འཁར་བ་དེ་ས་ནས་ཡར་སྒྲུག་དུས་སུ་གསེར་མདོག་གི་འཁར་བ་དེ་གཡུ་མདོག་ཏུ་གྱུར་ཟིན་འདུག  ཁོས་ཡ་མཚན་དང་བཅས་འཁར་བ་ཡར་བཏེགས་ནས་གཡས་ལྟ་གཡོན་ལྟ་བྱེད་སྐབས། འཁར་བ་སླར་ཡང་ལག་ནས་ཤོར་ཏེ་ཐང་ལ་ལྷུང་སོང་། ཁོས་སླར་ཡང་ཐང་ནས་ཡར་སྒྲུག་ཡོང་བའི་དུས་སུ་འཁར་བའི་ཁ་དོག་དམར་བོར་གྱུར་འདུག་པས།  མི་རྣམས་ཀྱི་སྣང་ངོར་ཟློས་གར་སྟེགས་བུ་དེ་ཚོས་བསྒྱུར་གཤོང་བུ་ཞིག་ཡིན་པ་སྟེ།  དངོས་བོ་ཅི་ཞིག་དེའི་སྟེང་དུ་ལྷུང་ཚེ་ཁ་དོག་འགྱུར་གྱིན་པའི་ཚོར་སྣང་བྱིན་ཡོང་།  སྒྱུ་འཕྲུལ་མཁན་པོའི་ལག་ནང་གི་དངོས་པོ་རེ་རེར་ཡང་གསང་བའི་བཀྲ་ལག་རེ་བྱས་ཡོད་པ་མི་ཚང་མས་རྟོགས་པ་རེད་མོད།  འོན་ཀྱང་དོན་དངོས་སུ་འཁྲབ་སྟོན་བྱེད་པའི་དུས་སུ་ཁྱོད་ཀྱི་སྣང་ངོར་འཁར་བ་དེ་ལ་ངོ་མ་གདོན་འདྲེ་ཞུགས་ཡོད་པ་ལྟར་ཧ་ལས་པའི་ནུས་པ་ཞིག་འདུག་སྙམ་ངེས་རེད།
     ང་རང་ཡང་ཕལ་ཆེར་སྐབས་ཐོག་དེར་སྒྱུ་འཕྲུལ་མཁན་པོར་དགའ་བར་གྱུར་བ་ཡིན་འདུག བྱིས་པ་ཚོའི་སྤྲོ་དགའི་འཛུམ་དཀར་གྲོལ་བར་བྱེད་པའི་གཟུགས་རིས་དེ་ནི་ངའི་མིག་ལམ་དུ་ནམ་ཡང་ཡ་མཚན་ཞིག་ཏུ་སྙམ་གྱིན་ཡོད།
     ཡ་མཚན་གྱི་དོན་དག་ནི་ལོ་བདུན་གྱི་སྔོན་དུ་བྱུང་བར་གྱུར་སོང་།
     ངས་བྲིས་པའི་ན་ཆུང་བྱིས་པའི་སེམས་ཁམས་རིག་པའི་སྐོར་གྱི་དཔྱད་རྩོམ་འགའ་རྒྱལ་ཁབ་རིམ་པའི་དུས་དེབ་སྟེང་དུ་བཀོད་པར་རྐྱེན་བྱས་ཏེ། གྲོང་ཁྱེར་བུད་མེད་དང་བྱིས་པའི་ཞིབ་འཇུག་ཁང་གིས་ང་རང་ཁོ་ཚོའི་ལས་ཁུངས་སུ་ལས་སྤོར་བྱས་ཏེ་ཞིབ་འཇུག་རམ་འདེགས་པ་བྱེད་དུ་བཅུག  ཐོག་མར་དེ་གར་འགྲོ་དུས་སུ་རློམ་སེམས་ཆེན་པོས་རང་ཉིད་ཀྱིས་ལས་དོན་ཆེན་པོ་ཞིག་སྒྲུབ་ཤེས་པར་སྙམ་གྱིན་ཡོད་མོད།  ཡིན་ན་ཡང་ཞིབ་འཇུག་ཁང་གི་མཁའ་དབུགས་ཀྱིས་ཅང་མ་འགོར་བར་ང་ལ་སུན་སྣང་སྐྱེ་རུ་བཅུག་སོང་། ལས་ཁུངས་འདིར་ཁྱོན་སྡོམ་མི་ཉི་ཤུ་ཐམ་པ་འདུག་ཅིང་དེའི་ནང་དུ་སྐྱེས་པ་བཞི་མ་གཏོགས་མི་འདུག བུད་མེད་མང་བོ་ལྷན་གཅིག་འདུས་པ་ནི་དོན་དག་ལེགས་པོ་ཞིག་གཏན་ནས་མ་རེད། ཚང་མས་ཕན་ཚུན་ལ་འཛེམས་དོགས་དང་ཕན་ཚུན་ལ་དོགས་ཟོན་བྱེད་ཀྱིན་ཡོད་ཅིང་། དེ་གར་འཁོན་རྩོད་ཀྱི་བྱ་བ་ཅི་ཡང་མེད་ན་ཡང་དགོད་སྒྲ་ཡང་མི་འདུག་པས་། མིའི་སྣང་ངོར་མྱ་ངན་མུན་པའི་དུར་ཁུང་དུ་འཛུལ་བ་ལྟ་བུའི་ཚོར་སྣང་ཞིག་བྱིན་ཡོང་།   མ་དངུལ་དཀོན་པོ་ཡིན་པའི་རྐྱེན་གྱིས་ཞིབ་འཇུག་བྱ་གཞི་ཡོད་ཚད་མིང་ཡོད་དོན་སྟོང་དུ་གྱུར་ཏེ་སྤེལ་ཐུབ་ཀྱིན་མི་འདུག་པས། ང་རང་གཞི་ནས་སློབ་གྲྭ་དང་ཁ་གྱེས་པར་འགྱོད་པ་སྐྱེས་པར་གྱུར་ཅིང་བྱིས་པ་ཚོའི་ཉི་དགའ་མེ་ཏོག་ལྟ་བུའི་དགའ་བའི་ངོ་གདོང་རེ་རེ་དྲན་བྱུང་། ཞིབ་འཇུག་ཁང་གིས་གྲོང་ཁྱེར་གྱི་ཞོགས་པའི་ཚགས་པར་དང་དགོང་དྲོའི་ཚགས་པར་མངགས་ཉོ་བྱས་ཡོད་པས། ཚགས་པར་ཐོན་མ་ཐག་མི་རྣམས་ནི་ཁྱི་ལྟོགས་སྐོར་གཅིག་གིས་རུས་པ་མཐོང་པ་བཞིན་དུ་འཕྲོག་རྩོད་བྱས་ནས་ལྟ་རེས་བྱེད་ཀྱིན་འདུག  ངས་ནི་དགོང་དྲོའི་ཚགས་པར་གྱི་རིག་གནས་ལུས་རྩལ་གསར་འགྱུར་ལ་ལྟ་ཀློག་བྱེད་པའི་སྐབས་སུ་སྒྱུ་འཕྲུལ་མཁན་པོར་བཅར་འདྲི་བྱས་པའི་སྐོར་གྱི་རྩོམ་ཡིག་ཅིག་མཐོང་བས།  ཁོའི་འཚོ་བར་འགྱུར་ལྡོག་བྱུང་ཟིན་པ་ཤེས་བྱུང་།  ཁོའི་ཆུང་མ་ནི་ལོ་གཅིག་གི་སྔོན་དུ་ནད་ཀྱིས་འདས་ཟིན་ཞིང་། ཁོ་དང་ཆུང་མར་བརྩེ་དུང་ཤིན་ཏུ་ཟབ་པའི་རྐྱེན་གྱིས་ལོ་ཧྲིལ་བོ་གཅིག་ལ་ཁོ་རང་འཁྲབ་སྟོན་གང་ལ་ཡང་ཞུགས་འདོད་མ་བྱུང་ཞིང་ད་ལྟ་ཁོ་རང་སླར་ཡང་གར་སྟེགས་སུ་འབུད་གྲབས་ཡོད་འདུག  ད་དུང་ཡང་སེམས་སུ་གསལ་བ་ཞིག་ནི་བཅར་འདྲི་མཇུག་རྫོགས་པའི་སྐབས་སྒྱུ་འཕྲུལ་མཁན་པོས་གསར་འགྱུར་འགོད་མཁན་ལ་བཤད་པའི་སྐད་ཆ་སྟེ།  འཚོ་བ་ལ་སྒྱུ་འཕྲུལ་མེད་དུ་མི་རུང་ཞེས་པ་དེ་རེད།
     ངས་གཞི་ནས་སྒྱུ་འཕྲུལ་མཁན་པོའི་འཁྲབ་སྟོན་ལ་མཉམ་འཇོག་བྱེད་མགོ་བརྩམས་པ་ཡིན། ཟློས་གར་ཁང་ཆེན་པོའི་ནང་ངམ་འཁྲབ་ར་ཆུང་ངུའི་ནང་སོགས་གང་ནས་འཁྲབ་སྟོན་བྱས་ཀྱང་ང་རང་གཅིག་ལའང་ཆད་དུ་མ་བཅུག་པར་བལྟ་རུ་སོང་བ་ཡིན། ངས་སུན་སྣང་མེད་པའི་ངང་ཁོས་ཇི་ལྟར་སྤར་མོའི་ནང་ནས་ལག་རས་གྲུ་བཞི་དེ་བླངས་ཡོང་བ་དང་། ཡང་ལག་ཕྱིས་དེ་སྤྲུགས་རྡེབ་ཅིག་བྱས་མ་ཐག་འཕུར་ལྡིང་བྱེད་ཀྱིན་པའི་ཕུག་རོན་ཞིག་ཏུ་གྱུར་འགྲོ་བར་བལྟས་པ་དང་།  ཁོང་གིས་ཇི་ལྟར་ཐག་པ་ཞིག་དུམ་བུར་བཅད་རྗེས་སླར་ཡང་ལག་ཟུང་འདར་ལྷེབ་ཙམ་བྱས་པའི་ཡུན་དུ་ཐག་པ་དེ་སླར་ཡང་ཁྱད་མཚར་བའི་ངང་རྒྱུན་གཅིག་ཏུ་སྦྲེལ་འདུག་པ་སོགས་ལ་བལྟས་པ་ཡིན། ང་རང་ནི་བྱིས་པ་ཞིག་དང་འདྲ་བར་སྒྱུ་འཕྲུལ་ཀློང་དུ་དྲངས་ཤིང་དགོད་སྒྲ་དབང་མེད་དུ་ཤོར་བར་བྱེད།  སྒྱུ་འཕྲུལ་མཁན་པོའི་སྐམ་ཞིང་རིད་པའི་བཞིན་རས་དེ་ངའི་སེམས་ཁོང་དུ་རྡོ་ལ་རི་མོ་བརྐོས་པ་བཞིན་ཡལ་རྒྱུ་མེད་པར་གྱུར།
     ཉིན་ཞིག་ལ་འཁྲབ་སྟོན་མཇུག་རྫོགས་རྗེས། ལྟད་མོ་བ་དག་རིམ་བཞིན་གྲོལ་བའི་སྐབས་སུ་ཁོ་རང་གཞི་ནས་གར་སྟེགས་ཀྱི་གཤམ་དུ་བབས་ཏེ་ངའི་ཕྱོགས་སུ་ཐོན་བྱུང་། ཁོས་ཀྱང་ང་རང་ནམ་རྒྱུན་ཁོའི་འཁྲབ་སྟོན་ལ་ལྟ་རུ་ཡོང་གིན་ཡོད་པར་མ་ཟད། ད་དུང་རིན་གོང་ཆེས་དཀའ་བའི་གྲལ་ཤར་མདུན་མའི་སྟེང་དུ་བསྡད་ཡོད་པར་མཉམ་འཇོག་བྱས་ཟིན་འདུག ཁོས་ང་ལ་ཐོག་དང་བོར་བཤད་པའི་སྐད་ཆ་ནི། སྒྱུ་འཕྲུལ་སློབ་ན་འདོད་དམ་ཞེས་པ་དེ་རེད།
     ངས་ནི་སྒྱུ་འཕྲུལ་སློབ་མ་ཐུབ་པའི་ཁར་ང་རང་སྒྱུ་འཕྲུལ་མཁན་པོའི་ཆུང་མར་གྱུར་སོང་།
     ང་ཚོས་གཉེན་སྟོན་བྱེད་པའི་སྐབས་དེར། ཁོ་རང་ཡོད་སའི་ཟློས་གར་ཚོགས་པའི་འཁྲབ་སྟོན་ཡང་ཉམས་རྒུད་དུ་གྱུར་ཏེ་ཟློས་གར་ཁང་དུ་ཡོང་བའི་མི་ཇེ་ཉུང་ནས་ཇེ་ཉུང་དུ་འགྱུར་གྱིན་འདུག་པས།  སྒྱུ་འཕྲུལ་མཁན་པོ་ཡང་ཟློས་གར་ཚོགས་པ་དང་ལྷན་དུ་གཞི་རིམ་དུ་བསྐྱོད་ནས་འཁྲབ་སྟོན་བྱས། ཉེ་བའི་ལོ་འགའི་རིང་ལ་ཁོ་རང་ཡང་འུ་ཐུག་སྟེ་དགོང་མོའི་མཚན་མོའི་རོལ་རྩེད་ཁང་དག་ཏུ་བསྐྱོད་དགོས་བྱུང་། ཕོ་མོའི་རྩེད་བྲོ་ལ་བལྟས་ནས་ཡིད་སུན་པ་དང་ཁཱ་རOKའདོད་གཞས་བླངས་ནས་ཐང་ཆད་པར་གྱུར་བའི་གསར་བུ་དག་གིས་མཚན་མོར་ན་ཆུང་མ་དག་དང་ཕན་ཚུན་འབྲེལ་འདྲིས་འོས་འཚམས་བྱུང་བའི་སྐབས་དག་ཏུ་རེ་ཞིག་སྒྱུ་འཕྲུལ་སྟོན་པར་ཡང་ལྟ་བར་བྱེད་ཅིང་།  བལྟས་ནས་ཉམས་འུར་ལངས་བའི་དུས་དག་ཏུ་ཁོ་ཚོས་སྒོར་མོ་འཕྱར་ནས་ཁོའི་གདོང་ལ་འཕེན་བཞིན་འུར་བརྒྱབ་སྟེ་ཁོ་ལ་སྒོར་མོ་དེ་དག་གསེར་རྡོག་ཏུ་འགྱུར་དུ་འཇུག་པའམ་བུད་མེད་ཀྱི་བྲང་ཁེབས་གཙགས་དྲུབ་མར་འགྱུར་དུ་འཇུག་དགོས་ཟེར། དེའི་རྐྱེན་གྱིས་ལོ་འདི་དག་ལ་སྒྱུ་འཕྲུལ་མཁན་པོའི་ངོ་གདོང་བསྡད་ཀྱིན་བསྡད་ཀྱིན་དུ་སྐྱ་སྲད་དུ་གྱུར་ཅིང་སེམས་ཁམས་ཀྱང་བསྡད་ཀྱིན་བསྡད་ཀྱིན་དུ་ཡིད་མུག་པར་འགྱུར་གྱིན་འདུག།  ཁོས་ཐེངས་དུ་མར་ཟློས་གར་ཚོགས་པའི་མགོ་ཁྲིད་ལ་གྲོས་བསྡུར་བྱས་ཏེ་ཁོ་རང་མཚན་མོའི་རོལ་རྩེད་ཁང་དུ་འགྲོ་འདོད་མེད་ཚུལ་ཞུས་པ་ན།  མགོ་ཁྲིད་ཀྱིས་སྔར་བཞིན་ཞུ་བ་བྱེད་པའི་གདངས་ཀྱིས་བཤད་རྒྱུར། ཁྱོད་ནི་སྐྱེས་པ་ཞིག་ཡིན་པས་འོས་མིན་ལུས་འབྲེལ་གྱི་གནད་དོན་ལ་སྐྲག་དགོས་མེད། ཁོ་ཚོས་སྒྱུ་འཕྲུལ་ལ་བལྟ་བ་ཡང་སྤྲོ་བ་བསངས་ཐབས་ཙམ་འཚོལ་བ་ཡིན་པ་རེད་པས། ཁྱོད་ལ་ཤ་ན་རུས་བསྣད་ཀྱི་དོན་ཅི་ཡང་བྱུང་མི་སྲིད།  བུ་མོ་དག་ལ་མཚོན་ན་ཡང་སྐབས་རེར་མེ་ཏོག་འབུལ་བའི་གོ་སྐབས་དང་བསྟུན་ནས་འགྲུལ་བ་དག་གིས་པྲ་ཚགས་སྣ་ཚོགས་མྱོང་དགོས་པ་སྟེ། གཞན་གྱིས་གང་བྱུང་ངང་བྲང་ཁ་དང་འཕོངས་ཚོས་ལ་རེག་རེག་སོགས་བྱས་ཀྱང་ཁོ་ཚོས་བཟོད་བསྲན་བྱེད་དགོས་པ་རེད།  ཟློས་གར་ཚོགས་པའི་འཚོ་སྡོད་ཀྱི་ཆེད་དུ་ཁྱོད་ཀྱིས་ཀྱང་འོས་མེད་མཐུན་ཐབས་བྱེད་དགོས་འདུག་པས། མུ་མཐུད་བཟོད་སྒོམ་གནང་རོགས་ཟེར།
     སྒྱུ་འཕྲུལ་མཁན་པོས་ཀྱང་བཟོད་བསྲན་མི་བྱེད་ཐབས་མེད་བྱུང་། ཁོས་མཚན་མོའི་རོལ་རྩེད་ཁང་དུ་འཁྲབ་སྟོན་བྱས་པ་དག་ཀྱང་ཟློས་གར་ཚོགས་པས་འབྲེལ་གཏུགས་བྱས་པ་ཤ་སྟག་ཡིན་ཞིང་། འཁྲབ་སྟོན་བྱས་པའི་ཡོང་སྒོ་བཞི་དང་དྲུག་བྱས་ཏེ་ཁོའི་ཡོང་འབབ་ནི་བཞི་དང་ཟློས་གར་ཚོགས་པའི་ཡོང་འབབ་ནི་དྲུག་ཡིན་པ་རེད། ཁོས་ནམ་རྒྱུན་རང་ཉིད་ཀྱི་ཡོང་འབབ་བཞི་དེས་ང་རང་ལ་མེ་ཏོག་ལུག་མཉེ་དཀར་བོ་ཚོམ་བུ་གཅིག་གམ་སྲན་ཕྱེ་སྣུམ་བསྲེགས་མ་ཕྲེང་བ་གཅིག  ཡང་ན་ཨ་རག་དམར་བོ་དམ་བི་གང་རེ་ཉོས་ཡོང་གིན་ཡོད།
     ཟླ་འོད་ཧ་ཅང་གསལ་བའི་མཚན་མོར་ང་དང་སྒྱུ་འཕྲུལ་མཁན་པོ་གཉིས་ཀྱིས་དྲ་ཡོལ་འཐེན་གྱིན་མེད།  ཟླ་འོད་དཀར་བོས་འཇམ་མཉེན་ངང་ཁང་བའི་ནང་དུ་སྣུམ་སྒྲོན་གྲངས་མེད་སྒྲོན་པ་རེད།  གློ་བུར་དུ་གཉིད་ལས་སད་པའི་ཚེ་ན།  ཟླ་འོད་འོག་གི་ཁོའི་འབུར་གཤོང་གསལ་བའི་ངོ་གདོང་ལ་ཞིབ་ལྟ་བྱེད་བཞིན་ང་ལ་སེམས་འགུལ་ཁྱད་པར་བ་ཞིག་ཐེབས་ཀྱིན་འདུག   ང་རང་ཁོའི་འབུར་དུ་དོད་པོའི་སྨིན་མའི་ཁྲུམས་རུས་ལ་ཧ་ཅང་དགའ་བས། སྐབས་དེ་དག་ཏུ་དུང་བ་གནོན་མ་ཐུབ་པར་སྨིན་མའི་ཁྲུམས་རུས་ལ་ལག་པས་བྱིལ་བྱིལ་བྱས་པ་ན། ཚོར་བ་ཞིག་ལ་རང་ཁྱིམ་གྱི་རྩིག་ངོས་སུ་རེག་པ་ཇི་བཞིན་ཧ་ཅང་སྙིང་ཉེ་ཞིང་སེམས་བདེ་བ་ཞིག་ཡིན་འདུག
     འདི་ལྟ་བུའི་དུས་ཚོད་དེ་ཡིད་འཕྲོག་པའི་གླིང་བུའི་སྐད་སྙན་རྒྱང་རིང་གི་རི་གྲོག་ཁྲོད་དུ་ཡལ་བ་ལྟར་གྱུར་སོང་བས།  ངས་ནམ་རྒྱུན་དེ་དག་ཕྱིར་དྲན་གྱིས་འཐུ་བའི་དུས་སུ། རྣ་ལམ་དུ་གྲགས་འོང་བ་ནི་གང་སར་ཁྱབ་པའི་གྲངཤུར་གྱི་རླུང་སྒྲ་ཡིན་འདུག
     སྒྱུ་འཕྲུལ་མཁན་པོ་སྦྱིན་སྲེག་གི་ཐབ་ཁུང་ནང་དུ་འདེད་པའི་སྐད་ཅིག་མ་དེར་།  ངས་བེམ་པོ་འདྲུད་པའི་མི་དེ་རེ་ཞིག་སྡོད་དུ་བཅུག་པ་ཡིན། ཁོ་ཚོའི་སེམས་ལ་ངས་ཁོ་ལ་མཐའ་མཇུག་གི་མིག་ལྟ་ཞིག་བྱས་རྗེས་འགྱོགས་བྱམས་དང་འདྲ་བའི་བེམ་པོ་འདྲུད་བྱེད་དེ་དང་ཁ་གྱེས་ངེས་རེད་སྙམ་གྱིན་འདུག  ངས་ཁོའི་སྨིན་མའི་ཁྲུམས་རུས་ལ་ལག་པས་བྱིལ་བྱིལ་བྱེད་བཞིན་དུ་ཁོ་ལ། ཁྱོད་རང་འདི་ལྟར་བུད་སོང་ཚེ། རྗེས་ཕྱོགས་ད་དུང་སུ་ཞིག་གིས་ང་དང་ལྷན་དུ་མལ་ཁྲིའི་སྟེང་ཉལ་ནས་ཟླ་འོད་ལ་བལྟ་དགོས་པ་ཡིན།  ཁྱོད་ནི་སྒྱུ་འཕྲུལ་མཁན་པོ་ཡིན་པ་མིན་ནམ། ངས་ཁྱོད་ལ་ཞུ་བ་བྱེད།  ཁྱོད་རང་ང་དང་ཁ་མི་འབྲལ་རོགས།  རང་ཉིད་སྒྱུ་འཕྲུལ་གྱིས་སླར་ཡང་གསོན་དུ་འཇུག་རོགས་ཞུ།  ཞེས་ཞུས།
     ངས་བསུས་ཡོང་བ་ནི་ཁོ་རང་བསྐྱར་གསོན་བྱུང་བའི་སྤྲོ་སྣང་ཡིན་རྒྱུ་མ་བྱུང་བའི་ཁར།   དེ་ལས་ལྡོག་སྟེ་གདུང་སྐྱེལ་དུ་ཡོང་བའི་མི་དག་གི་རྒྱ་མཚོའི་རྦ་རླབས་བཞིན་གཡོས་འོང་བའི་ངུ་སྐད་རེད།
     བློ་ཡུལ་ལས་འདས་པའི་དོན་དག་ཅི་ཡང་འབྱུང་རྒྱུ་མི་འདུག འདི་ལྟར་བོང་རྒན་གྱོལ་བོ་ཞིག་གིས་ངའི་སྒྱུ་འཕྲུལ་མཁན་པོ་དྲུད་ནས་བུད་སོང་བ་རེད།
     ངའི་སེམས་ལ་མ་ཉེས་ཁ་གཡོགས་ཆེན་པོ་ཞིག་ཐེབས་པའི་སྣང་བ་སྐྱེས་བྱུང་།  ཚོར་སྣང་ཞིག་ལ། ངས་བསམ་བཞིན་དུ་མ་ཡིན་པར་རང་ཉིད་ལ་མཚོན་ན་མི་ཡུལ་འདིའི་ཆེས་རིན་ཐང་བྲལ་བའི་ལེགས་སྐྱེས་ཞིག་བརྐུས་ཡོད་པ་ལ། ད་ལྟ་དེ་ཉིད་བདག་པོ་ངོ་མར་ཕྱིར་སྤྲོད་དགོས་བྱུང་བ་ལྟ་བུའི་སྣང་བ་སྐྱེས་བ་སྐྱེས་བྱུང་།
     ང་རང་རི་གསུམ་མཚོ་ཁུལ་ལ་སེམས་གཡེང་དུ་འགྲོ་རྒྱུར་སེམས་ཐག་བཅད།
     རི་གསུམ་མཚོ་ཁུལ་དུ་མིང་དུ་གྲགས་པའི་མེ་རི་འཕྱུར་ཤུལ་དུ་ལུས་པའི་རང་བྱུང་ཆུ་ཚན་ཞིག་ཡོད་ཅིང་།  དེའི་ཁྲོད་ཀྱི་ཆུ་མགོ་ཞིག་ལ་འཇིམ་དམར་ཆུ་མགོ་ཟེར། བཤད་ཚུལ་ལ་ཆུ་ཞབས་ཀྱི་འཇིམ་པ་དམར་བོ་དེས་རིམས་ནད་མང་བོ་བཅོས་དྲག་འབྱུང་དུ་འཇུག་ཐུབ་ཟེར། དེ་བས་འཇིམ་དམར་ཆུ་ཚན་དུ་སྡོད་པའི་མི་དག་གིས་ངོ་གདོང་དང་ལུས་སྟེང་ཧྲིལ་བོར་འདམ་བག་བསྐུས་ཏེ་འཇིམ་སྐུ་རེ་རེ་དང་འདྲ་བ་བྱེད་ཀྱིན་འདུག  དེ་སྔོན་སྒྱུ་འཕྲུལ་མཁན་པོ་དང་ངེད་གཉིས་ཀྱིས་བརྙན་འཕྲིན་ལས་རི་གསུམ་མཚོ་ཁུལ་གྱི་ཆེད་སྒྲིག་ལེ་ཚན་ལ་ལྟ་སྐབས། དབྱར་དུས་ཀྱི་ཁོམ་གསེང་ཞིག་བཙལ་ནས་འདི་གར་དབྱར་ཁའི་གུང་གསེང་གཏོང་རྒྱུའི་ཁ་བརྡ་བྱས་མྱོང་། སྐབས་དེར་ངས་ད་དུང་ཁོ་ལ་ཀུ་རེ་རྩེ་སྟེ་ཆུ་ཚན་གྱི་འགྲམ་དུ་འཇིམ་པའི་མིས་གང་ནས་ཡོད་པས་ཁོས་ཆུང་མ་ངོས་འཛིན་དཀའ་ཚུལ་ལབ་པ་ན། སྒྱུ་འཕྲུལ་མཁན་པོས་བརྩེ་བའི་ངང་ནས་བཤད་རྒྱུར། གང་ལྟར་ཁྱོད་ཀྱི་མིག་ཟུང་འཇིམ་པས་མ་བསྒྲིབས་ཚེ་ངས་ཁྱོད་རང་ངོས་ཟིན་ཐུབ། ཁྱོད་ཀྱི་མིག་ཟུང་ནི་ཧ་ཅང་དྭངས་ཤིང་གཙང་བ་ཞིག་ཡིན་ཟེར། ཁོའི་སྐད་ཆ་འདིས་སྐབས་དེར་ང་ལ་སེམས་འགུལ་ཚད་མེད་ཐེབས་ཏེ་མིག་ཟུང་བརླན་པར་བྱས་སོང་།
     ད་ལྟ་གཅིག་པུར་རི་གསུམ་མཚོ་ཁུལ་དུ་འགྲོ་དུས་འདིར།  ངའི་སེམས་ལ་དྲན་རྒྱུ་ཉག་གཅིག་ནི་ངོ་གདོང་ལ་འཇིམ་པ་མཐུག་པོས་གཡོགས་ཏེ་མི་གཞན་ལ་ངའི་གདོང་གི་མྱ་ངན་མཐོང་དུ་མི་འཇུག་རྒྱུ་དེ་ཡིན། ང་རང་ད་དུང་རི་གསུམ་མཚོ་ཁུལ་གྱི་ཉེ་ལོགས་སུ་ཡོད་པའི་སྡེ་གྲོང་དག་ལ་སོང་སྟེ་དམངས་སྲོལ་རིག་པའི་ཕྱོགས་ནས་བརྟག་དཔྱད་ཅིག་བྱེད་དགོས་པ་སྟེ། དམངས་གླུ་དང་ལྷ་འདྲེའི་གཏམ་རྒྱུད་འཚོལ་སྡུད་བྱེད་འདོད། གལ་ཏེ་ལྷ་བ་ཞིག་དང་འཕྲད་ཐུབ་པ་བྱུང་ཚེ་ལྷག་པར་དུ་བཟང་བ་རེད། ངས་དམངས་གླུའི་འགྱུར་ཁུག་ཁྲོད་ནས་འཚོ་སྡོད་ཀྱི་མེ་ལྕེ་བསྐྱར་དུ་སྦར་བ་དང་།  ལྷ་འདྲེའི་གཏམ་རྒྱུད་  ཁྲོད་ནས་འདས་ཟིན་པའི་གཤིན་པོའི་རྣམ་ཤེས་ཀྱི་ལོག་མལ་རྙེད་པར་རེ་བ་བྱེད་བཞིན་ཡོད།  ངོ་མ་དེ་ལྟར་ཡིན་ཏེ། གལ་ཏེ་ལྷ་བ་ཞིག་གིས་དངོས་གནས་རྣམ་ཤེས་བསྐྱར་འགུགས་བྱེད་ཐུབ་པ་བྱུང་ཚེ།  ངས་ཡུད་ཙམ་རིང་ལ་སྒྱུ་འཕྲུལ་མཁན་པོའི་རྣམ་ཤེས་དང་བསྐྱར་མཇལ་ཐེངས་གཅིག་བྱེད་འདོད་དེ། ཐ་ན་གློག་འཁྱུག་པ་ལྟ་བུ་དང་མིག་རྡེབ་དབང་ཙམ་གྱི་སྐད་ཅིག་མའི་ཡུན་ལས་མེད་ཀྱང་ཆོག་པ་ཡིན།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།