གསར་དུ་བཞེངས་པའི་ངན་རྒུ་ཚང་བའི་ལས་ཁུངས།

རྩོམ་པ་པོ།:རྒྱ་གྲོལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-03-14 09:00:00 ཀློག་གྲངས།:

གསར་དུ་བཞེངས་པའི་ངན་རྒུ་ཚང་བའི་ལས་ཁུངས།
     ཞོལ་གྲོང་ཚོ།

     བདག་ངེས་པར་འགྲོ་འདོད་པ་ནི་ཞོལ་གྲོང་ཚོ་ཡིན། ཞོལ་གྲོང་ཚོ་ནི་པོ་ཏ་ལའི་ཆ་ཤས་ཤིག་ཡིན་ཞེས་བཤད་ཀྱང་འགྲིག་ལ། ཡང་ན་པོ་ཏ་ལའི་རམ་འདེགས་བྱེད་པའི་ལས་ཁུངས་ཀྱི་ཁུལ་ཞིག་ཡིན་ཞེས་བཤད་ཀྱང་ཆོག འདི་ལ་འགྲོ་བ་ནི་དགའ་ལྡན་ཕོ་བྲང་ལ་རྒྱུས་ལོན་པའི་ཆེད་དུ་ཡིན་ཞེས་བཤད་ན་ཡང་མི་ཆོག་པ་མེད།
     ཞོལ་གྲོང་ཚོ་ཕོ་བྲང་པོ་ཏ་ལའི་འོག་ཏུ་ཆགས་ཤིང་། མཁར་རྫོང་མཐོན་པོའི་གཤམ་འོག་ཏུ་གནས་པའི་གྲོང་ཚོར་ཞོལ་ཞེས་ཟེར་ཞིང་། དེར་ཞོལ་ལས་ཁུངས་ཡོད་ཅིང་དེ་ནི་བཀའ་ཤག་གི་ལས་ཁུངས་ཆེན་པོ་ཞིག་སྟེ་དེའི་ཁོངས་སུ་རྫོང་གཞིས་བཅོ་བརྒྱད①ཡོད།
     པོ་ཏ་ལ་ནས་བལྟས་ན་ཞོལ་གྱི་ཁང་བ་དག་གི་ཀླད་ནི་གཡུང་དྲུང་གི་རི་མོ་བཞིན་སྦྲེལ་ནས་འདུག་ཟེར་མོད། ཕངས་པ་ཞིག་ལ་པོ་ཏ་ལ་ལྟ་དུས་མཉམ་མ་བཞག ཞོལ་གྲོང་ ཚོའི་ལྕགས་རི་ཤིན་ཏུ་མཐོན་པོས་བསྐོར་བ་དང་བརྗིད་ཆགས་ལྡན་པ། དེ་ལ་ཤར་ལྷོ་ནུབ་གསུམ་ལ་སྒོ་ཆེན་རེ་ཡོད་པའི་ནང་དུ་གནས། རྩེ་ཞོལ་དུ་གངས་ཅན་ཕན་བདེའི་གཏེར་མཛོད་ཅེས་པར་ཤིང་དང་། དགའ་ལྡན་ཕུན་ཚོགས་གླིང་ཞེས་པར་ཤིང་བཞུགས་ཡུལ་ཡིན་པ་དེ་བོད་ཀྱི་པར་ཁང་ཆེ་གྲས་བཞིའི་ནང་གི་ཡ་གྱལ་གཅིག་ཡིན།
     ཞོལ་དུ་ད་དུང་ནས་ཁང་ཆེན་མོ། དམག་སྤྱི་ཁང་། གོ་མཛོད་རྡོ་རྗེ་གླིང་། འདོད་འཇོའི་དཔལ་སྐྱིད། ཆིབས་ར་མདོ་སྦུག མཛོ་མོ་རྭ། ཞོལ་ཆང་ཁང་། ཞོལ་བཙོན་ཁང་། སྡེ་དཔོན་མི་དྲག་གྲགས་ཅན་གྱི་གཟིམ་ཤག་ལ་སོགས་མང་བོ་ཡོད།
     བདག་གིས་པོ་ཏ་ལའི་ཐང་ཆེན་དུ་ལྕམ་མོ་རྡོར་དབྱིངས་ལ་སྒུག་ནས་ཅུང་འགོར་རྗེས་མོ་སླེབས་ཤིང་། མོས་ཁ་པར་བཏང་བ་ལས་ན་གཞོན་རྩོམ་པ་བོ་ལ་མོ་ཚེ་རིང་བཀྲ་ཤིས་བསུ་བར་སླེབས་བྱུང་། ཁོང་གིས་ངོ་སྤྲོད་བྱེད་ཀྱིན་དབྱིག་མཛོད་ཁང་དང་། ཞོལ་ལས་ཁུངས། བཙོན་ཁང་། དངུལ་པར་ཁང་། ལུང་ཤར་ཚང་བཅས་ལ་ལྟ་སྐོར་བྱས། ད་ལྟ་གསར་དུ་བཟོས་པའི་དངོས་པོ་དེ་དག་ནི་བདག་གིས་ཆེས་ལྟ་ན་མི་འདོད་པའི་ལོ་རྒྱུས་ཀྱི་བདེན་དཔང་རེད། གྲོང་ཚོ་འདིར་ད་ལྟ་མུས་གྲུ་བཞི་མ33470ཡོད་ཅིང་། སྔོན་ཆད་སྲིད་གཞུང་གི་བྱ་བ་སྒྲུབ་མཁན་དང་ཁྲིམས་གཉེར་བ། ཁྲལ་སྡུད་པ། དཔར་བ། ཞིང་བ་དང་བཟོ་བ་སོགས་ཀྱང་སྡོད།
     ད་ལྟ་ཞོལ་ལས་ཁུངས་འདི་ནི་སྔོན་གྱི་རི་བོ་ཆེན་པོ་གསུམ་ངོ་སྤྲོད་བྱེད་པའི་རྒྱལ་གཅེས་རིང་ལུགས་ཀྱི་འགྲེམ་སྟོན་ཁང་དུ་བྱས་ཡོད། དྲ་བའི་སྟེང་དུ་ཞོལ་ལས་ཁུངས་སྒོ་ཕྱེས་པ་ཡང་གནས་འདི་ནས་སྤྱི་ཚོགས་རྙིང་བ་ནས་གསར་བར་འགྱུར་བའི་རིམ་པ་དང་སྤྱི་ཚོགས་རྙིང་བའི་མུན་ནག་གི་འཇིག་རྟེན་དེ་བསྟན་ནས་སྤྱི་ཚོགས་རིང་ལུགས་ཁོ་ནས་བོད་སྐྱོབ་ཐུབ་ཅེས་བཤད་ཡོད། དེ་ནི་ཞོལ་ལས་ཁུངས་སྒོ་ཕྱེས་པའི་ཆབ་སྲིད་ཀྱི་དོན་སྙིང་རེད།
     འདིའི་ཆེད་དུ2002ནས2005ལོའི་བར་པོ་ཏ་ལ་ཐེངས་གཉིས་པ་སླར་གསོ་བྱེད་དུས་འདི་ན་ཡོད་པའི་གྲོང་བའི་དུད་ཁྱིམ303གཞན་དུ་གནས་སྤོར་དུ་བཅུག ཆེད་ལས་མཁས་པ་མང་དུ་གདན་དྲངས་ཏེ་སྔོན་གྱི་ལོ་རྒྱུས་ཀྱི་གནའ་ཤུལ་གཞིར་བཟུང་ནས་ད་ལྟའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་འདི་བསྐྲུན་པ་རེད། འདིའི་བཞེངས་པའི་སྐབས་སུ་ཆེད་ལས་མཁས་པ་དག་གིས་སེམས་ཞིབ་མོས་བཀོད་སྒྲིག་བྱས་པ་ལས་སྔོན་གྱི་ལོ་རྒྱུས་ཇི་བཞིན་བསྐྱར་དཔར་བྱས་པ་ཞིག་གཏན་ནས་མིན། འདིའི་ཆེད་དུ་རྒྱལ་ཁབ་ཀྱིས་སྒོར་ཁྲི་དྲུག་བརྒྱ་བཏང་ཡོད་འདུག
     ད་ལྟ་དངོས་སུ་སྒོ་ཕྱེས་ཡོད་པའི་གནས13ཡོད་ཟེར་ཀྱང་བདག་འགྲོ་དུས་དབྱིག་མཛོད་ཁང་དང་ཞོལ་ལས་ཁུངས། དངུལ་པར་ཁང་། ལུང་ཤར་གྱི་སྒོ་ར་ལས་གཞན་སྒོ་ཕྱེས་མི་འདུག ཡིན་ན་ཡང་། ཞོལ་པར་ཁང་ལ་འགྲོ་མ་ཐུབ་པ་ལ་ཕངས་སེམས་ཤིན་ཏུ་ཆེ།

1


     དབྱིག་མཛོད་ཁང་འདི་ནི་གསར་དུ་བཟོས་པའི་འགྲེམ་སྟོན་ཁང་ཞིག་ཡིན་ལ། པོ་ཏ་ལའི་ཞོལ་དུ་འདི་ལྟ་བུའི་ལོ་རྒྱུས་འགྲེམ་སྟོན་ཁང་ཞིག་བཟོ་དགོས་པའི་དོན་སྙིང་གང་ཡིན་ནམ། ངས་དེ་ལྟར་བསམ་བཞིན་འགྲེམ་སྟོན་ཁང་ལ་ལྟད་མོ་བྱས། ར་བ་འདི་སྔོན་ཆད་བཀྲས་ཁང་གི་གཞིས་ཀ་ཡིན་ཞིང་། འགྲེམ་སྟོན་ཁང་འདི་བོད་ཀྱི་ཁྱད་ཆོས་གཞིར་བཟུང་ནས་བཞེངས་ཏེ་མིང་ལ་དབྱིག་མཛོད་ཁང་ཞེས་བཏགས། འགྲེམ་སྟོན་ཁང་འདི་ནི་ཕྱི་བོད་ལུགས་དང་ནང་དེང་རབས་ཀྱིས་ཁྱད་ཆོས་ལྡན་པའི་ཁང་བ་སུམ་ཐོག་ཅིག་ཡིན་ལ་རྒྱ་ཁྱོན་མུས་གྲུ་བཞི་མ2000ཡོད་ཟེར། འདི་ནི་ཐེངས་གཉིས་པར་པོ་ཏ་ལ་བསྐྱར་གསོ་བྱེད་དུས་ཀྱི་ལས་གཞི་ཞིག་སྟེ། 2006ལོར་ལས་མགོ་བརྩམས་ཤིང2009ལོར་སྒོ་ཕྱེས་ཤིང་འགྲོ་གྲོན་སྒོར་ཁྲི1900བཏང་ཟེར།
     སྐུ་ཞབས་ལ་མོ་ཚེ་རིང་བཀྲ་ཤིས་ཀྱིས་འདིའི་རྟེན་མང་ཆེ་བ་གནའ་རྫས་ཡིན་ལ་ད་དུང་འདྲ་པར་བསྐྱར་དཔར་བྱས་པ་ཡང་གང་མང་ཞིག་ཡོད་ཟེར། ད་དུང་དྲ་བ་ལས་མཐོང་བ་ལྟར་ན་འདི་ལྟར་འགྲེམ་སྟོན་བྱས་པའི་དམིགས་ཡུལ་ནི“ཀྲུང་དབྱང་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གི་འབྲེལ་བ་དང་བོད་དང་མེས་རྒྱལ་གྱི་རིག་གནས་བརྗེ་རེས་མཚོན་པའི་ཆེད་དུ་ཡིན་ལ་པོ་ཏ་ལ་མཇལ་སྐོར་བྱེད་མཁན་མང་བས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་འགྲེམ་སྟོན་འདིས་ལྟད་མོ་བ་མང་བོ་འགུག་ཐུབ”ཟེར།
     ནང་དུ་སོང་མ་ཐག་ཏུ་མིག་ལམ་དུ་མངོན་འོངས་པ་ནི་པོ་ཏ་ལ་རུ་ཡོད་པའི་རྒྱལ་དབང་ལྔ་བ་དང་མན་ཇུ་གོང་མ་མཇལ་འཕྲད་ཀྱི་འདྲ་རིས་ཆེན་པོ་དེ་ཡིན་ལ། ཉིས་ཐོག་ལ་སོང་ན་རིག་དངོས་དེ་དག་མིག་ལམ་དུ་མངོན་འོང་། དེར་རྟེན་རྫས་རྩ་ཆེན་གང་མང་ཞིག་ཡོད་ཅིང་མང་ཆེ་བ་བོད་ཀྱི་དགོན་སྡེ་མང་བོའི་སྐུ་གསུང་ཐུགས་རྟེན་རྩ་ཆེན་དག་གདན་འདྲེན་ཞུས་ཡོད་པས་ངེས་པ་དོན་གྱི་དབྱིག་མཛོད་ཁང་ཞིག་ཏུ་གྱུར་འདུག འདིའི་ནང་དུ་ཡི་གེ་དང་། འདྲ་པར། འདྲ་འབག ཏ་ལའི་ལོ་མའི་གླེགས་བམ། དངོས་རྫས། རྫ་ཆས། འདྲ་སྐུ། ཆོས་ལུགས་ཀྱི་ཉེར་སྤྱད། ཐང་ག འཚོ་བའི་ཉེར་སྤྱད་སོགས་འགྲེམ་སྟོན་བྱེད་ཀྱིན་པའི་རིག་དངོས200ཡོད་ཅིང་། གཞན་དུ་མཐོང་དཀོན་པ་མང་བོ་ཡོད་པས་ལྟ་རྒྱུ་དང་མཇལ་རྒྱུ་གཉིས་ཀ་ཡོད་པ་ཞིག་རེད།
     དེ་བས་འདི་ལས་བོད་ཀྱི་ཆོས་ལུགས་དང་གོམས་སྲོལ་ཆབ་སྲིད་རིག་གནས་སྒྱུ་རྩལ་གྱི་རིན་ཐང་བྲལ་བའི་རྒྱུ་ཆ་མང་བོ་ཞིག་ཡོད་པ་རེད། དཔེར་ན་དུས་རབས་ལྔ་བ་དྲུག་པའི་སྐབས་ཀྱི་སྟོན་པས་ཆོས་འཁོར་བསྐོར་བའི་འདྲ་སྐུ། དུས་རབས་བཅུ་གཉིས་པའི་ནང་དུ་བྱུང་བའི་དུང་དཀར་གཡས་འཁྱིལ་དང་དུས་རབས་དགུ་བའི་ཏ་ལའི་ལོ་མའི་གླེགས་བམ། གོང་མ་སོ་སོས་བོད་ཀྱི་བླ་དཔོན་དག་ལ་གནང་བའི་ཐམ་ཀ་སོགས་དུས་རབས་སོ་སོའི་རིག་དངོས་མང་བོ་ཡོད་པ་རེད། ད་དུང་པད་མ་འདབ་བརྒྱད་དཀྱིལ་ན་ཀྱེ་རྡོར་གྱི་དཀྱིལ་འཁོར་བཞུགས་པའི་རྟེན་ཁྱད་པར་བ་ཞིག་ཀྱང་བཞུགས།

2

     ཞོལ་བ་ལས་ཁུངས་ནི་སྔར་ལྷ་སའི་གླིང་སྐོར་ཕྱི་དང་ཞོལ་འོག་རྫོང་གཞིས་བཅོ་བརྒྱད་ལ་ཁྲལ་སྡུད་ཁྲིམས་གནོན་བྱེད་པའི་སྲིད་འཛིན་གྱི་ལས་ཁུངས་གྲགས་པ་དང་ལྡན་པ་ཞིག་ཡིན།
     ལོ་རྒྱུས་དེབ་ཐེར་ལ་འཁོད་པ་ལྟར་ན་རྒྱལ་དབང་ལྔ་བའི་གོང་དུ་ལས་ཁུངས་འདིར་མི་འགའ་ཤས་ལས་མེད་ལ་སྤྱི་ལོ1675ལོར་སྡེ་སྲིད་བློ་བཟང་སྦྱིན་པས་ཞོལ་ལས་ཁུངས་བཙུགས་པ་ནས་ལྷ་སའི་གླིང་སྐོར་གྱི་ཕྱི་ལ་གནས་པའི་ཡུལ་གྲོང་ཁག②དང་། རྫོང་གཞིས་བཅོ་བརྒྱད་ཀྱི་གྱོད་དོན་ཆེ་རིགས་ཐག་གཅོད་བྱེད་མི་ཐུབ་པ་དག་བཀའ་ཤག་ལ་སྙན་སེང་ཞུ་དགོས་པ་ཕུད། དེ་བྱིངས་ཞོལ་བ་ལས་ཁུངས་ཀྱིས་ཐག་གཅོད་བྱེད་ཀྱིན་ཡོད།
     ཞོལ་བ་ལས་ཁུངས་ཀྱི་རྒྱུན་གཏན་དོ་དམ་བྱེད་མཁན་གཉེར་ཞེས་སེར་སྐྱ་གཉིས་རིམ་པ་ལྔ་བའི་གོ་གནས་ཡོད་ཅིང་། ལོ་རྒྱུས་ཐོག་རིམ་པ་བཞི་བ་དང་ཛ་སག་ཐའེ་ཇིའི་གོ་གནས་ཡོད་པའང་ཁ་ཤས་བྱུང་འདུག ད་དུང་ཞོལ་བ་ལས་ཁུངས་ཀྱི་ནང་དུ་འབྲུ་མཛོད་ཁང་ཡོད།
     ད་ལྟ་དེའི་ནང་དུ་ཁྲལ་འཇལ་བའི་ཉམ་ཆུང་གི་བུད་མེད་ཅིག་གིས་བྱིས་པ་ཞིག་ཁྲིད་ནས་ཁྲལ་འཇལ་བ་དང་སྐུ་དྲག་དག་ལ་དྲེགས་པས་ཉམས་འགྱུར་གྱིས་ཁྱབ་འདུག་པའི་འབག་བཟོས་ཡོད་ལ། ཞིང་བྲན་ལམ་ལུགས་མཚོན་པའི་ཡིག་ཆ་སྣ་ཚོགས་ཀྱང་བཤམས་འདུག
     ངས་གོ་ཐོས་ལྟར་ན་སྔོན་ཆད་ལྷ་སའི་སྐུ་དྲག་དག་ལ་ང་རྒྱལ་ཆེ་ཞིང་། ཆེ་ཆེ་དྲག་དྲག་བྱེད་པར་དགའ། འོན་ཀྱང་སྐུ་དྲག་ནི་སྐུ་དྲག་ཡིན་པ་ལས་བོད་ཀྱི་དཔོན་ས་འཛིན་པ་མིན་མོད། བོད་སྲིད་གཞུང་གི་གཞུང་ཞབས་པའི་ནང་དུ་སྐུ་དྲག་མང་བོ་ཞིག་ཡོད། འོན་ཀྱང་སེར་མོ་བ་ལས་བྱུང་བའི་དཔོན་རིགས་མང་ཆེ་བ་སྐུ་དྲག་ལས་བྱུང་བ་མ་ཡིན་པར་མི་སེར་ཕལ་བ་ལས་བྱུང་བའི་ཡོན་ཏན་པ་རྐྱང་རྐྱང་རེད།  འོན་ཀྱང་བཅུ་གསུམ་པ་ཆེན་པོས་ལམ་ལུགས་བཅོས་བསྒྱུར་གནང་དུས་ཡོན་ཏན་ཅན་གཙོ་བོར་འཇོག་པ་དང་མི་དམངས་གཙོ་བོ་འཇོག་པ། སྤྱི་བ་གཙོ་བོར་འཇོག་པའི་སྲོལ་གཏོད་པས་བཀྲ་ཤིས་ལྷུན་པོ་ལྟ་བུར་ཕོག་ཐུག་བྱུང་ནས་འགལ་བ་བྱུང་བ་ལྟ་བུ་རེད།
     དུས་རབས་འགྱུར་བ་དང་མི་རྣམས་ཀྱི་བསམ་བློའི་གོ་རྟོགས་ཀྱང་འགྱུར་འདུག འོན་ཀྱང་འདི་དག་ལ་འགྱུར་བ་ཡོད་མེད་ངས་ཤེས་མ་སོང་། ངས་འདི་ལ་བསམ་བཞིན་སྔོན་གྱི་ཡིག་ཆ་ཞིག་མཐོང་ཐུབ་མིན་ལ་རེ་བ་བྱས་མོད། ཕངས་པ་ཞིག་ལ་དེ་འདྲའི་ཡིག་ཆ་འཚོལ་བ་ནི་གསེར་བརྐོ་བ་ལས་ཀྱང་དཀའ།
     སྐབས་འདིར་ངའི་སེམས་ལ་ཞོལ་ལས་ཁུངས་ཀྱིས་དགེ་འདུན་ཆོས་འཕེལ་གྱིས་དེབ་ཐེར་དཀར་བོ་རྩོམ་པའི་ཆེད་དུ་འབྲུ་དང་ཕོགས་བྱིན་ཏེ་མཇུག་ངེས་པར་འགྲུབ་དགོས་ཞེས་གདམས་པ་དེ་རེད། དེ་ནི་ཁོ་ཚོས་དགེ་འདུན་ཆོས་འཕེལ་བཙོན་དུ་བཟུང་རྗེས་དེབ་དཀར་དེ་དགེ་འདུན་ཆོས་འཕེལ་ལས་ཀྱང་གལ་ཆེ་བ་ཞིག་ཏུ་ཤེས་པས་བཙོན་ནས་བཏང་མ་ཐག་ཏུ་ཐག་གཅོད་འདི་བྱས་པར་མངོན།
     འོན་ཀྱང་ཁོ་ཚོས་འདི་དང་འདི་ལྟ་བུའི་ལས་ཀ་མང་དུ་བྱས་ཡོད་མེད་ད་ལྟ་སུས་ཀྱང་ཤེས་ཐུབ་པ་ཞིག་མིན་པ་འདྲ།
     སྐུ་དྲག་འདི་དག་སྔོན་གྱི་སྐུ་དྲག་དག་ཡིན་ནམ། ཡང་ན་ད་ལྟའི་སྐུ་དྲག་ཅིག་ཡིན། འོན་ཀྱང་སྔོན་གྱི་སྐུ་དྲག་འདི་དག་ཀྱང་རིག་གསར་མགོ་ལ་ཡོང་དུས་ད་ལྟའི་འདི་ལྟ་བུའི་གཟི་བརྗིད་ཅིག་ཡོད་དམ།

3

     ཞོལ་བཙོན་ཁང་ལ་འགྲོ་དུས། དེ་ནི་ཉེ་བའི་ཆར་བཟོས་པའི་སྣང་བ་ཞིག་ངང་གིས་འཆར་བྱུང་། སྐབས་དེར་ལྷ་ས་ན་བཙོན་ཁང་གཉིས་ཡོད་པའི་གཅིག་འདི་དང་གཅིག་སྣང་རྩེ་ཤག་རེད། ང་རང་སྣང་རྩེ་ཤག་ལ་ཡང་སོང་མོད། སྔོན་གྱི་བཙོན་ཁང་གི་ཤུལ་དེ་མཐོང་མ་བྱུང་། གཙུག་ལག་ཁང་གི་འདབས་འབྲེལ་གཉེར་ཚང་ལས་ཁུངས་ཟེར་བ་དེ་ལ་ལྷོ་རྒྱུད་ཀྱང་ཟེར་ཞིང་དེ་ནི་བཙོན་པ་མཐོ་རིམ་འདྲི་གཅོད་བྱེད་ས་ཞིག་རེད།
     དེ་ན་མིག་འདོན་པ་དང་ཁྲིམས་གཅོད་ལག་ཆ་སྣ་ཚོགས། ཕྱུག་བདག་གིས་བཤུས་པའི་བྲན་གཡོག་གི་པགས་པ་ཡིན་ཟེར་བ་མདོག་ནག་པོར་ཆགས་པ་ད་དུང་བཙོན་མ་སྣ་ཚོགས་ཀྱི་འདྲ་གཟུགས་བཅས་ཏེ། བཙོན་ཁང་འདིར་ཆེས་མང་ན་ཡང་བཙོན་མ་ཉིས་བརྒྱ་ཡས་མས་ལས་མི་ཤོང་བ་འདྲ། ད་དུང་མིག་འདོན་པའི་ཨག་སྐད་དང་ཁྲིམས་གཅོད་པའི་འཁུན་སྒྲ་སོགས་ཀྱང་བཟོས་འདུག་ལ། སྲིན་བུས་བཙོན་མའི་སྟེང་དུ་རྨུགས་བཞིན་པའང་བཟོས་འདུག
     བཙོན་ཁང་འདིར་སླེབས་དུས་ང་ཧ་ལས་བྱུང་། མངའ་བདག་ཆེན་པོ་གསུམ་ལ་ཞེ་འཁོན་འབར་ངེས་ལ་དེ་འབར་བའི་ཆེད་དུ་བཙོན་ཁང་འདིར་དེང་རབས་ཅན་གྱིས་ལག་རྩལ་གྱིས་ཆེད་དུ་བཟོས་པའང་ཡིན་ལ། ད་དུང་བཙོན་མ་དག་ལ་རྐང་ལྕགས་བརྒྱབས་ནས་ཁྲོམ་དུ་སྒོར་དང་ཟ་མ་སློང་བའི་ཚུལ་གྱི་འདྲ་པར་ཀྱང་བཤམས། དགེ་འདུན་ཆོས་འཕེལ་གྱིས་ང་སྒོར་སོང་ན་མི་ཆོག་ཀྱང་སྐྱེ་དམན་དེ་ང་ལ་དྲིན་ཆེན་པོ་ཞེ་དྲག་ཡིན། བཙོན་ཁང་ནང་སྡོད་པའི་སྐབས་ང་ཕྱི་ལ་འགྲོ་ཆོག་གི་མ་རེད། མོ་རང་འགྲོ་ཆོག་གི་རེད། ངས་སྐུ་དྲག་དེ་ཚོར་ཡི་གེ་རེ་བྲིས་ནས་བཏང་ན་ག་རེ་དགོས་པ་དེ་གནང་གི་ཡོད། མོ་རང་སོང་ནས་བླངས་ཆོག་གི་རེད་ཅེས་གསུངས་འདུག དེར་བལྟས་ན་ཆབ་སྲིད་ཀྱི་བཙོན་མ་ཕྱི་ལོགས་ལ་འགྲོ་མི་ཆོག་པ་གཞན་དག་འགྲོ་ཆོག་པ་འདྲ་པར་དེས་ཀྱང་ཤེས། འོན་ཀྱང་ལ་ལ་རྐང་ལྕགས་བརྒྱབས་ནས་སོང་ཆོག་ལ་ལ་ལ་མ་བརྒྱབས་ཀྱང་སོང་ཆོག་པ་འདྲ། སྐབས་དེར་ངའི་སེམས་ལ་དགེ་འདུན་ཆོས་འཕེལ་གྱི་བོད་ནི་དམ་པའི་ཆོས་དར་བའི་ས་ཆ་ཡིན་པས་འཛམ་བུའི་གླིང་གི་ནང་དུ་བོད་ཀྱི་བཙོན་ཁང་འདྲ་འདྲའི་བཙོན་ཁང་སྐྱིད་པོ་ཞིག་ཡོད་རྒྱུ་མ་རེད་ཅེས་པ་དེ་དྲན་བྱུང་།
    གཏན་ཚིགས་ཀྱི་སྟེང་ནས་བལྟས་ན་ད་ལྟའི་བཙོན་ཁང་འདིའི་ཇུས་འགོད་འདིར་ནང་འགལ་དང་ནོར་འཁྲུལ་མང་བོ་བྱུང་འདུག ངས་བལྟས་ཤིང་ལྟ་བཞིན་དགོད་བྲོ་བ་ཞིག་ཀྱང་བྱུང་སོང་། ལྟོས་དང་། འདི་འདྲའི་མནར་གཅོད་གཏོང་བའི་བཙོན་ཁང་ཞིག་གི་བཙོན་མ་སྲང་ལ་འཁྱམས་ནས་དངུལ་དང་ཟ་མ་སློང་སྲིད་དམ། བཙོན་པ་ཁྲོམ་ལ་འགྲོ་བའི་རང་དབང་ཡོད་པའི་བཙོན་ཁང་ཞིག་ཡིན་ན་དེ་ནི་ཆེས་རང་དབང་ལྡན་པའི་བཙོན་ཁང་ཞིག་མིན་པ་ཅི་ལ་སྲིད། 
    ཞོལ་བཙོན་ཁང་གི་མིང་གཞན་ལ་སྤང་སྟེང་ཐོག་ཁ་ཟེར། སྤྱིར་བཙོན་པ་ཚང་མ་ཤར་ངོས་དེར་བཞག་ཡོད། ཡིན་ནའང་། བོད་རང་གི་བྲིས་པའི་དཔྱད་གཞིའི་ཡིག་ཆ་ལས་བཙོན་ཁང་འདིའི་སྐོར་བཤད་པ་ཤིན་ཏུ་ཉུང་། ལྷ་ཀླུས་བྲིས་པའི་རང་གི་བྱུང་བ་བརྗོད་པ་ལས། བཙོན་ཁང་དེ་ཉིས་ཐོག་ཡིན་ལ། ཐོག་ཁང་དུ་བཙོན་མ་ཡང་ཤོས་རྣམས་སྡོད་པས་ལྷ་ཀླུས་ཐབས་ཤེས་སྣ་ཚོགས་ཀྱིས་ལུང་ཤར་དེར་སྤོར་བཅུག་པ་དང་། ལུང་ཤར་ལ་རྒྱུན་ཏུ་ཉིན་རེར་ཐེངས་གཉིས་ལ་ཟ་མ་སྐྱེལ་བའི་སྐོར་བཀོད་ཡོད།
     ལུང་ཤར་གྱི་མིག་བཏོན་པའི་ས་ཡང་འདི་ཡིན་ངེས་ཏེ། ད་ལྟ་ལུང་ཤར་གྱི་མིག་འདོན་པའི་ཚུལ་གློག་གིས་བཟོས་ནས་ཨག་སྐད་རྣ་བར་གཟན་པ་ཞིག་གིས་ལྷང་ངེར་ཐོས་བྱུང་། གལ་ཏེ་ལུང་ཤར་གྱི་བུ་དག་གིས་ཐོས་ན་སྙིང་ལ་ན་ཟུག་མི་རྒྱས་རང་རྒྱས་ཡིན། བོད་ཀྱི་ལོ་རྒྱུས་སྟེང་བཙོན་མ་ལུང་ཤར་མིག་འདོན་པ་ནི་ལོ་རྒྱུས་སྟེང་བཀོད་པའི་དབང་བོ་བཏོན་པའི་ལོ་རྒྱུས་ཁོ་ན་ཡིན་ལ་དེ་ལས་གཞན་གང་ཡང་མ་ཐོས།
     སྐབས་འདིར་ངས་ཨ་མ་རྒན་མོ་འདས་པོ་ཞིག་གིས་བདག་ལ་བཤད་པའི་སྐད་ཆ་སྟེ། སྔོན་ཆད་རྐུན་མ་ལང་ཤོར་བྱུང་ནས་ཅི་བྱས་ཀྱང་ཐབས་མེད་ན་ད་གཟོད་ཁོའི་ལག་པ་བཅད་དེ། སློང་མོ་བྱེད་དུ་འཇུག་པ་ཡིན་གསོད་འོས་པ་དག་གི་མགོ་ལེན་པའི་ཚབ་ཏུ་མིག་འདོན་ནས་འཇིག་རྟེན་གྱི་བྱ་བའི་ལས་ལ་འཇུག་མི་ཐུབ་པ་བཟོས་ནས་དལ་འབྱོར་ལ་སྙིང་བོ་ལེན་པའི་ཆེད་དུ་མ་ཎི་འདོན་ཆོག་ཅེས་བཤད་པའི་གནས་ཚུལ་དེ་དྲན་ནས་ཆོས་ལུགས་དར་བའི་ས་འདིའི་ཁྲིམས་ལུགས་ལ་ཡང་བསམ་རྒྱུ་ཡོད་པ་ཞིག་རེད་སྙམ་བྱུང་།
     དུས་རབས་རིམ་བྱོན་གྱི་བོད་ཀྱི་ཁྲིམས་ཡིག་ནི་སྐབས་དེའི་སྤྱི་ཚོགས་ལ་ལྟ་བྱེད་ཀྱི་མེ་ལོང་ལྟ་བུ་ཞིག་ཡིན་པས་རང་དབང་མེད་པར་ཁྲིམས་ཡིག་ལ་བལྟ་དགོས་བྱུང་།
     བོད་ཀྱི་ཁྲིམས་ཀྱི་མགོ་མ་གཉའ་ཁྲི་ནས་བྱུང་མོད་དེའི་སྐབས་ཁ་ཚང་བ་ཞིག་གཏན་ནས་མིན། སྲོང་བཙན་གྱི་སྐབས་སུ་ཐོན་མི་དང་མགར་གཉིས་ཀྱིས་ཁྲི་རྩེ་འབུམ་གཞེར་གྱི་ཁྲིམས། འབུམ་གསེར་ཐོག་ཤ་བ་ཅན་གྱི་ཁྲིམས། རྒྱལ་ཁམས་དཔེར་བླངས་པའི་ཁྲིམས། མདོ་ལོན་ཞུ་བཅད་ཀྱི་ཁྲིམས། དབང་ཆེན་བཅས་ཀྱི་ཁྲིམས། ཁབ་སོ་ནང་བའི་ཁྲིམས་ཏེ་ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་སྙིང་བོར་བྱས་པའི་ཁྲིམས་ཆེན་པོ་དྲུག་གིས་མཚོན་ལྷ་ཆོས་མི་ཆོས་ཀྱི་ཁྲིམས་བཅས་པ་འདི་ནི་ཁྲིམས་ལུགས་ཀྱི་ཚད་མཐོན་པོ་ཞིག་ཏུ་སོན་པའི་རྟགས་ཤིག་ཡིན་པ་འདྲ།
     དེའི་རྗེས་མངའ་བདག་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་ཕོ་མིག་མི་འདོན་པ་དང་མོ་སྣ་མི་གཅོད་པ། མཚང་ཅན་མི་དགུམ་པ། སྐྱེ་བོ་ཐམས་ཅད་ཀྱི་རྗེ་བོའི་བཀའ་དྲན་པ། རྗེ་འབངས་ཐམས་ཅད་ཀྱི་རབ་བྱུང་བ་འཁུར་བ་སོགས་ཁྲིམས་བྱས། དེ་ནས་མུ་ནེ་བཙན་པོ་དང་ཁྲི་ལྡེ་སྲོང་བཙན། ཁྲི་རལ་བ་ཅན་གྱི་བར་ཕྱི་ཡི་འབངས་རྣམས་ཕྱུགས་ལུག་བཞིན་དུ་སྐྱོང་། །ནང་གི་འབངས་རྣམས་བུ་ཚ་བཞིན་དུ་འདུལ། །བར་གྱི་འབངས་རྣམས་བུ་སྤུན་བཞིན་དུ་འདྲིས། །དེ་ལྟར་མཛད་པས་བོད་ཀྱི་རྒྱལ་ཁམས་བདེ་ཞེས་པའི་ཁྲིམས་མཛད་པས་རྒན་མོའི་གསེར་འཁུར་ཞེས་པའི་གཏམ་རྒྱུད་བྱུང་།
     དཔལ་ལྡན་ས་སྐྱ་བའི་སྐབས་སུ་ཁྲིམས་ཀྱི་སྦྱོར་བ་ཐམས་ཅད་ཆེན་པོ་ཧོར་གྱི་ལུགས་བཞིན་མཛད་དེ་མི་བསད་ན་སྲོག་ཚབ་ཏུ་སྲོག་གཏོང་བར་མཛད། ཏ་སི་ཏུ་རྒྱལ་མཚན་གྱིས་རྒྱལ་ས་བཟུང་དུས། སྔོན་གྱི་ཆོས་རྒྱལ་བཙན་པོའི་སྲོལ་བཟང་མི་ཉམས་པ་བཅས་དཔའ་བོ་སྟག་གི་ཞལ་ལྕེ། སྡར་མ་ཝའི་ཞལ་ལྕེ། སྣེ་མོ་ལས་འཛིན་གྱི་ཞལ་ལྕེ། ཞུ་བཞེས་བདེན་བརྫུན་གྱི་ཞལ་ལྕེ། བཟུང་བཀྱིགས་ཁྲིམས་རའི་ཞལ་ལྕེ། ནག་ཅན་ཁྲག་སྦྱོར་གྱི་ཞལ་ལྕེ། དྲན་འཛིན་ཆད་ལས་ཀྱི་ཞལ་ལྕེ། ཧོར་འདྲ་ཟ་རྐང་གི་ཞལ་ལྕེ། བསད་པ་སྟོང་གི་ཞལ་ལྕེ། རྨས་པ་ཁྲག་གི་ཞལ་ལྕེ། སྨྱོན་ཧམ་མནའ་དག་གི་ཞལ་ལྕེ། བརྐུས་པ་འཇལ་གྱི་ཞལ་ལྕེ། ཉེ་འབྲལ་འབྲེལ་བཟླུམས་ཀྱི་ཞལ་ལྕེ། བྱི་བྱས་བྱི་རིན་གྱི་ཞལ་ལྕེ། ནམ་བར་ཚུར་གྱི་ཞལ་ལྕེ་སྟེ་ཞལ་ལྕེ་བཅོ་ལྔ་གཏན་ལ་ཕབ།
     སྡེ་སྲིད་གཙང་བས་བོད་ཀྱི་སྲིད་དབང་བཟུང་སྐབས་སྔར་གྱི་ཁྲིམས་ལུགས་ཞལ་ལྕེ་བཅོ་ལྔའི་སྟེང་དུ་ཀླ་ཀློ་མཐའ་འཁོབ་ཀྱི་ཞལ་ལྕེ་བསྣན་ནས་ཞལ་ལྕེ་བཅུ་དྲུག་གཏན་ལ་ཕབ།
     དགའ་ལྡན་ཕོ་བྲང་གི་སྐབས་ལྔ་བ་ཆེན་པོས་མཆོག་དམན་ཀུན་ལ་ལུགས་ཟུང་དང་འབྲེལ་བའི་བསླབ་བྱ་དྭངས་ཤེལ་མེ་ལོང་དང་། མེས་པོའི་ཞལ་ལུང་། མུ་ཐི་ལིའི་ཕྲེང་བ་སོགས་གཞིར་བཟུང་ནས་ཁྲིམས་བསྒྱུར་བ་དང་། བདེན་པ་འདྲ་གཉིས་བྱུང་ན་གཅོད་རྒྱ་མི་བདེ་བ་བྱུང་ན་ལྷ་སྲུང་དཔང་དུ་བྱས་ནས་མནའ་སྐྱེལ་བ་དང་བདེན་པ་བརྡར་ཏེ་ཤོ་རྒྱག་པ། རྡོ་སྣུམ་འདོན་པ་སོགས་ཡོད་ཀྱང་རྒྱལ་དབང་བཅུ་གསུམ་པ་ཆེན་པོས་བོད་ཀྱི་ཁྲིམས་ལ་ཡང་བཅོས་བསྒྱུར་ཆེན་པོ་བྱས་ཏེ་དེ་ནས་བཟུང་སྲོག་ཁྲིམས་གཅོད་པ་གཏན་འགོག་མཛད།
     འདི་ནི་འཛམ་གླིང་གི་ཁྲིམས་ལུགས་ཀྱི་ལོ་རྒྱུས་ཐད་ནས་ལྒིང་རིན་ཡོད་པ་ཞིག་རེད་ཨང་། དེའི་སྔོན་དུ་མི་གསོད་པའི་ཁྲིམས་ཡོད་མོད། བོད་ནི་ཆོས་ལྡན་གྱི་ཞིང་ཁམས་ཡིན་པས་མི་གསོད་གྱོད་གཞི་ཉུང་བས་ཉེས་ཅན་ཁྲག་སྦྱོར་གྱི་ལོ་རྒྱུས་བཙལ་ཀྱང་མང་བོ་ཞིག་རྙེད་དཀའ་བ་རེད།
     སྐབས་འདིར་བདག་གི་ཡིད་ལ་ཤར་འོང་བ་ནི་དགེ་འདུན་ཆོས་འཕེལ་རེད། ཁོང་ནི་དམིགས་བསལ་གྱི་མི་སྣ་ཞིག་ཡིན་པའི་ཆ་ནས་ལོ་རྒྱུས་སུ་ཁོང་བཙོན་ལ་བཅུག་པའི་སྐོར་ཅུང་མང་ཙམ་བཤད་འདུག་ཅིང་ཁོང་གི་སྐོར་ལས་བཙོན་ཁང་འདིར་ཆ་རྒྱུས་ཅུང་ཟད་ལོན་ངེས་རེད།
     སྐབས་སུ་བོད་པ་རྣམས་ཀྱིས་བཙོན་དུ་བཅུག་པ་ལ་དོ་དམ་ཞེས་མིང་སྙིང་རྗེ་བོ་ཞིག་ཡོད་འདུག མིང་འདི་ནི་རིག་གནས་མཚོན་པའི་མིང་ཞིག་ཡིན་པས་བསམ་གཞིག་གནང་རིན་ཡོད་མོད་ངས་བསམ་གཞིག་དེ་ཁྱེད་ཚོའི་བསམ་གཞིག་གི་ཚབ་བྱ་མི་འདོད་པས་རང་རང་གི་ས་ནས་བསམ་གཞིག་བྱ་རོགས།
     བཙོན་ཁང་དེར་ཕྱི་ནས་ག་རེ་བྱིན་ན་སྟེར་ཆོག་པ་དང་ནང་དུ་རང་དང་བློ་ཁ་མཐུན་པའི་བུད་མེད་བཙོན་མ་དང་ལྷན་ཅིག་བསྡད་ཆོག་ལ། ཆང་ཡང་འཐུང་ཆོག དགེ་འདུན་ཆོས་འཕེལ་གྱིས་ཆང་དང་ཨ་རག་བཙོན་ཁང་ནས་ལོབས་པ་ཡིན་ཞེས་ཁོང་གི་སློབ་མ་དང་གྲོགས་པོ་དག་གིས་ལྒིང་། དགེ་ཆོས་བཙོན་ཁང་དེ་ནས་ཁམས་མོ་ཞིག་ཁྲིད་ནས་ཡོང་བའི་ལོ་རྒྱུས་འདི་རིགས་ཤིན་ཏུ་མཚར་བོ་ཞིག་མ་ཡིན་ནམ། འདི་ལྟ་བུའི་ལོ་རྒྱུས་ཤིག་འཛམ་གླིང་ན་ག་ཚོད་ཡོད་དམ། ངས་གཏན་ནས་ཤེས་མ་སོང་།
     ད་ལྟ་བཙོན་ཁང་འདིར་རྟ་ལྕག་བྲབས་པའི་སྒྲ་བཟོས་ཡོད་པ་བཞིན་སྔོན་ཆད་བཙོན་པ་ལ་རྟ་ལྕག་བྲབས་པའི་སྲོལ་ཡོད་དེ་དགེ་འདུན་ཆོས་འཕེལ་ལ་སྣང་རྩེ་ཤག་ནས་རྟ་ལྕག་ལྔ་བཅུ་གཞུས་པ་རེད། ད་ལྟ་ང་ཚོས་བཙོན་མ་ལ་རྟ་ལྕག་གཞུས་པའི་གྲངས་ཚད་མི་ཤེས་ཀྱང་དགེ་འདུན་ཆོས་འཕེལ་ལ་གཞུས་པ་དེ་ཉེས་པ་ཆེས་ལྕི་བའི་ཚད་ཅིག་ཨེ་ཡིན་ནམ་སྙམ་བྱུང་། ཡང་སྲིད་སྐྱོང་སྟག་བྲག་གིས་དགེ་ཆོས་ལ་ཆོས་རྒྱལ་མྱ་ངན་མེད་ཀྱི་ཐང་ག་བཞེངས་བཅུག་པའི་ལོ་རྒྱུས་ཀྱང་ཡོད་པ་རེད།
     ལོ་སར་སྐབས་སྣང་རྩེ་ཤག་གི་བཙོན་མ་རྣམས་ལྷ་སར་བསྡད་མི་ཆོག་པར་ཞོལ་ལས་ཁུངས་ལ་སྤོར་དགོས་པ་སྨོན་ལམ་ཆེན་མོ་འཚོགས་ནས་ཕྱིར་སྤོར་དགོས་པ་རེད། དེ་ནི་སྨོན་ལམ་ཆེན་མོའི་དགོས་མཁོར་བསམ་པ་ཞིག་ཡིན་ཤོས་ཆེ།
     ངོ་མཚར་བ་ཞིག་ལ་བོད་ཀྱི་བཙོན་ཁང་དུ་ཚུད་ནས་ལྷོད་བཀྲོལ་བྱེད་པའི་དུས་ལ་སླེབས་ན་ཡང་འགན་ལེན་མཁན་མེད་ན་མུ་མཐུད་དུ་བཙོན་ཁང་ནས་འདུག་དགོས་པ་དང་། བཙོན་ཁང་ཁྱིམ་ཚང་ལྟ་བུར་བྱས་ནས་འདུག་དགོས་པ་དེ་རེད། དེ་བས་དགེ་འདུན་ཆོས་འཕེལ་གྱི་འདུག་རོགས་བུད་མེད་དེ་ཡང་དེ་ལྟ་བུ་ཞིག་རེད། དེ་བས་ཀྱང་ཧ་ལས་པ་ཞིག་ནི“བཙོན་ཁང་ནས་བཞུགས་པའི་སྐབས་དཔེ་ཆ་ཁྲིད་པ་སེམས་ཐག་རེད། སྐུ་དྲག་དེ་ཚོས་གསོལ་རས་དེ་འདྲ་གནང་གི་ཡོད་པ་རེད། དེའི་སྐབས་སྐུ་དྲག་གི་ལྟ་བ་དེ། བཙོན་ཁང་ཛོར་པོ་དེ་འདྲ་ནང་ལ་འགྲོ་གི་མ་རེད”ཅེས་པ་འདིར་བལྟས་ན་བཙོན་ཁང་དུ་དཔེ་ཁྲིད་ཀྱང་བྱེད་ཆོག་པ་འདྲ།
     ལྷག་པར་བཙོན་ཁང་དེར་བཙོན་མ་ཤི་བ་དག་འདྲེར་སྐྱེས་པའི་བཤད་རྒྱུན་མང་བ་དང་མཚམས་མཚམས་སུ་བཙོན་མ་དག་གིས་དངོས་སུ་མཐོང་བ་ཡང་བཤད་རྒྱུ་ཡོད། དགེ་ཆོས་ཀྱིས་ཀྱང་དེ་འདྲ་བའི་བྱ་དེ་མགོ་བོ་མེད་པ་ཞིག་ཕར་རྒྱུགས་ཚུར་རྒྱུགས་བྱེད་པ་མཐོང་བྱུང་ཟེར། ཡང་བཙོན་མ་ཤི་ནས་ཐུགས་དམ་ལ་བཞུགས་པ་ཡང་མཐོང་རྒྱུ་ཡོད་སྐད།
     དགེ་འདུན་ཆོས་འཕེལ་བཙོན་ཁང་འདིར་བཞུགས་དུས་དོ་དམ་པ་གསུམ་ལས་མེད་ཅིང་ས་འདིའི་རྒྱ་ཁྱོན་ལ་བལྟས་ན་དོ་དམ་གསུམ་ལས་དགོས་ཚོད་ཀྱང་མི་འདུག
     དགེ་ཆོས་ཀྱིས་དགོད་བྲོ་བ་ཞིག་ལ་སྐབས་དེར་ཞོལ་ལ་ཚེ་བཙོན་ཡིན་ཟེར་བའི་མི་རྒན་ཞིག་འདུག ད་ཆ་ལོ་མང་བོ་སོང་ཟིན་ནས་བཙོན་སྲུང་བ་ཚོ་དང་གྲོགས་པོར་གྱུར་ནས་ཕན་ཚུན་ལ་བློ་འཁེལ་ཏེ་ལོ་ལྟར་ཟླ་བ་རེ་གཉིས་ལ་འཕན་པོ་ལ་གཉེན་འཕྲད་དུ་འགྲོ་ཞིང་། འགྲོ་ཁར་བཙོན་སྲུང་བས་ཁོ་ལ་སྤོ་རྒྱུན་རིང་ན་སྐུ་དྲག་ཚོས་མཁྱེན་ཡོང་། དུས་ཚོད་ཏག་ཏག་ལ་ལོག་ཤོག་ཟེར་ཞིང་ཁོས་ཀྱང་ཀོ་ཐག་ཀློད་མི་ཡོང་ཟེར་ནས་གཉེན་འཕྲད་ཚར་བ་དང་ཕ་ཁྱིམ་ལ་ལོག་པ་དང་འདྲ་བར་ལག་ལྕགས་སོགས་ཀྱང་འཁྱེར་ནས་ཡོང་གིན་འདུག འདི་འདྲའི་བཙོན་ཁང་བོད་ལ་མ་གཏོགས་ས་སྒང་འདིའི་སྟེང་དུ་ག་པར་ཡོད་ཅེས་གསུངས་འདུག
     བོད་ཀྱི་བཙོན་མ་རྣམས་ཀྱིས་རེ་བ་བྱེད་ས་ཞིག་ཡོད་པ་ནི་རྒྱལ་བ་གསེར་ཁྲིར་འགོད་པ་སོགས་ཀྱི་གནས་ཚུལ་ཁྱད་པར་ཅན་དེ་སྟེ། དེར་འཕྲད་ན་ཚེ་བཙོན་ཡང་བཙོན་ཐར་གཏོང་ངེས་རེད། ང་ཚོར་བོད་ལ་ཚེ་ཐར་ཞེས་པ་ཞིག་ཡོད་པ་མ་ཟད་བཙོན་ཐར་ཞེས་པ་ཞིག་ཀྱང་ཡོད་འདུག་ལ། འདིའི་སྟེང་ནས་བཙོན་ཁང་གི་གནས་ཚུལ་དག་ལ་ཞིབ་འཇུག་བྱེད་ཆོག་ཆོག་ཅིག་རེད།
     དགེ་འདུན་ཆོས་འཕེལ་ཀྱང་རྒྱལ་བ་གསེར་ཁྲིར་འཁོད་པ་དང་བསྟུན་ནས་བཙོན་མ་ཡོད་ཚད་བཙོན་གྲོལ་བཏང་བ་མཉམ་དུ་བཙོན་བཀྲོལ་བཏང་བ་རེད། ཡིན་ན་ཡང་བཙོན་བཀྲོལ་གཏོང་ཁར་འགན་ལེན་མཁན་ཞིག་ཅིས་ཀྱང་དགོས་ངེས་རེད། ཏག་ཏག་དགེ་འདུན་ཆོས་འཕེལ་གྱི་བཙོན་བཀྲོལ་གཏོང་དུས་དགེ་བཤེས་ཆོས་གྲགས་དང་འབྲས་སྤུངས་ཀླུ་འབུམ་ཁང་ཚན་གྱིས་འགན་བླངས་པ་རེད།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།