འབུམ་ཕྲག་གི་བཅད་རྩོམ་ཁག་བཞི།

རྩོམ་པ་པོ།:འབུམ་ཕྲག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-09-18 09:46:00 ཀློག་གྲངས།:

                སྙན་ངག་ཐན་ཐུན།
                མ་རུལ་བའི་སྐད་ཆ།
གཏིང་ནས་འཕྱུར་ཡང་བཙན་གྱིས་མནན་པའི་སྐད་ཆ་དག །
བཀྲུས་ཀྱང་མི་བཏུབ་ཁ་ནང་རྫོབ་དྲི་འདི་བསམས་ན། །
ད་ཚོད་དངོས་གནས་རུལ་མགོ་རྩོམ་བཞིན་ཡོད་པ་འདྲ། །
ཕྱུང་ཀྱང་མི་བཏུབ་བྱང་ཁོག་གདུ་བ་འདི་མནོ་ན། །
སྙིང་གློ་མཆིན་གསུམ་ཤ་གསེང་བར་ནས་འབར་བཞིན་སྙམ། །
        གྲོགས་ཤིག་གི་ཚབ་ཏུ་ཡིད་འཕྲོག་ལྷ་མོར་བཏང་བ།
ཆོས་རྒྱལ་ནོར་བཟང་ཁོང་ན་ཡོད་ན་རྔོན་པ་ཁོ་རང་གཏིང་ནས་ཕྱུངས་རོགས། །
མིན་པར་རྔོན་པའི་གཏན་གྲོགས་འདོད་ན་ཁོ་རས་གཏིང་ནས་དགའ་བས་བསུ་ངེས། །
འོན་ཏེ་གསལ་དང་གསལ་མིན་ཚུལ་གྱིས་ཁོ་ཡི་གཏིང་ལ་གཟེར་ནི་བཏང་ན། །
ཁོ་བོའི་སྙིང་གིས་ག་ལ་བཟོད་སྲིད་ཁོ་ཡི་ཚབ་ནས་འདི་ལྟར་ཕུལ་ལོ། །
              སྨྱོ་ཧམ།
ཀླད་པའི་དབང་རྩ་མ་ཆད་བར་དུ་སྟོང་འདང་གླེན་འདང་དེ་ཚོད་བརྒྱབ། །
བྲང་ཁོག་དོག་མོ་མ་འཚིག་བར་དུ་ཅི་འཆར་ཡོད་རྒུ་དོང་སྤྲུག་བྱ། །
མིག་ཟུང་གཉིས་པོ་མ་ལྟུང་བར་དུ་བྱེ་བ་ཕྲག་བརྒྱ་ཡུན་གྱིས་བཤེར། །
མཛུབ་མགོའི་ཤ་རུས་མ་ཟད་བར་དུ་ཅི་ཚོར་ཕོ་ཚོད་བཙན་པོས་བཏག །
          མ་འོངས་པའི་དགྲ་བོ་ཞིག་ལ་ཕུལ་བ།
ང་ཡི་ཡོད་ཚད་ཁྱོད་ཀྱི་མིན་གྱི་ཨུ་ཚུགས་བཟུང་ན་སེམས་ཐོག་འཇོག །
འཇིག་རྟེན་འདི་ནས་རེ་ཞིག་འཚོ་བར་ཁྱོད་རང་མགུ་ན་ང་རང་མགུ། །
འོན་ཏེ་སྡར་མའི་སྟ་གྲི་བཀར་ན་ངས་ཀྱང་དེ་བཞིན་ཐུབ་ཚོད་གསིར། །
སུ་རྒྱལ་སུ་ཕམ་སུ་དང་གང་གིས་མི་ཤེས་འདྲ་ཞིག་ཅིས་ནས་བྱ། །
              མི་སྐད་ལབ་པ།
ང་ནི་མེ་ལོང་དྭངས་མོ་ཡིན་སྟེ་མི་གཙང་ནག་ནོག་བཀྲུ་མཁན་ཡིན། །
ཁྱོད་ནི་ང་ཡི་བྲན་གཡོག་ཡིན་སྟེ་མེ་ལོང་དག་མར་འབྱིད་མཁན་ཡིན། །
སུ་ཞིག་ང་ལ་སྐྱབས་སུ་མཆི་ན་ངས་ནི་དེ་མ་ཐག་ཏུ་གསོད། །
སུ་ཡིས་ང་ཡི་འགྲོ་ལམ་བཀག་ན་ངས་ནི་དེ་རྣམས་རབ་ཏུ་གཞོམ། །
གལ་ཏེ་ཁྱོད་རང་དཔའ་ནི་ཞུམ་ན་འཇིག་རྟེན་འདི་ནས་མྱུར་བར་བྲོས། །
འོན་ཏང་ང་ཡི་གནས་འདིར་ལྷགས་ན་གང་ནུས་ཁྱོད་ལ་ཁུང་ཞིག་བཙལ། །
            ཕྲག་དོག་ཅན་ཞིག་ལ་འཛེར་བ།
ཁྱོད་རང་མ་འཐད་གས་སོང་ཡང་བདག་གིས་ཚིག་གཏེར་སྔོག་རྒྱུ་ཡིན། །
མ་རངས་མིག་རྡོ་འབུར་སོང་ཡང་སྔར་བཞིན་རང་སྣང་བཤམས་རྒྱུ་ཡིན། །
གལ་ཏེ་ལམ་འདི་གཅོད་རྒྱུ་ཟེར་ན་ཆོད་དང་ང་ཡིས་ལྟད་མོ་ལྟ། །
ཁྱོད་རང་དོག་པའི་བྲག་བར་དེ་ནས་བསྡད་ན་ཨེ་སྐྱིད་རང་གིས་ལྟོས། །
བདག་ནི་ཡངས་པའི་སྤང་ལྗོངས་འདི་ནས་སྤྲོ་བའི་གླུ་གཞས་གཏོང་བཞིན་ཐལ། །
            སེམས་པ་མཚོན་སྟངས་གཞན་ཞིག
བ་ཆུང་ལུང་བའི་ག་ཤེད་ཅིག་ནས་སྨག་རིམ་དགུ་བརྩེགས་འཕྱོ་ནས་ཡོང་། །
ཆར་ནག་ཤག་ཤག་ཟོ་ནས་བྱོ་ལྟར་རི་ལུང་ཐང་གསུམ་ཆུ་ཡིས་སྦངས། །
གན་གྱི་རི་ལས་བྲག་རྡོ་ནུད་དེ་ནོར་འགའ་གཤིན་རྗེའི་ཡུལ་དུ་བསྐྱལ། །
དེ་ཡི་འདབས་ཀྱི་ཆུ་ཕྲན་རྒྱས་པས་བེའུ་འགའ་ཆུ་ཡི་ཟས་སུ་གྱུར། །
ང་ནི་འུར་ཆའི་སྣེ་མོར་ཐོགས་ཏེ་ཐང་སུ་འགྱེལ་མ་ཐག་པ་ཏུ། །
ནོར་རྣམས་གློ་བུར་འདྲོགས་ཤིག་ལངས་བས་ང་ཡི་སྒལ་བར་རྨིག་པ་ཕོག །
རྗེས་ནས་ཡོང་བའི་རྫི་མོ་གཞོན་ནུས་ངུ་བཞིན་དགོད་བཞིན་ང་རང་བསྐྱོར། །
ངས་ཀྱང་ངུ་མ་དགོད་ཀྱི་འཛུམ་གྱིས་ཁོ་མོར་བཀའ་དྲིན་ལན་གཅིག་ཞུས། །
ས་གཞིའི་དཀར་ཆ་རིམ་གྱིས་འཁུམས་ཤིང་ནམ་མཁའ་སྟུག་ཅིང་མཐུག་ཅིང་མཁྲེགས། །
          ཡིད་ཁོང་དུ་ཆུད་དུས་དྲན་མགུར་ཞིག་ལ་ཉོན།
སྔོན་ཆད་གླུ་ཡིས་སྐྱོ་བ་སེལ་བཏུབ་གང་མང་ལན་མང་ཐོས་མྱོང་ཡང་། །
དེ་རིང་ད་ཚོད་མ་རྟོགས་འདི་ད་དངོས་གནས་འགྱོད་པ་སྣ་གཅིག་རེད། །
རྗེས་ཕྱོགས་ཁྱོད་ལའང་སྐྱོ་བ་བྱུང་དུས་གླུའམ་དྲན་མགུར་ཞིག་ལ་ཉོན། །
དེ་ཡིས་སྐྱོ་བ་རེ་ཞིག་སེལ་བཏུབ་ང་ཡིས་གདེང་ཚོད་ཆེན་པོས་སྨྲའོ། །
              སྟོང་བར་ལུས་ཚུལ།
ནོར་རྫི་ཞིག་གིས་ནོར་རྣམས་བོར་ནས་ལྷས་ལ་ལོག་སྟེ་ཨེ་ཡོང་རེ་སྒུག་བྱས་པ་བཞིན། །
ཨོ་ལོ་ཞིག་གིས་ཨམ་གཙིགས་བཙན་པོས་རྐུབ་སྟེགས་བཀྱགས་བཞིན་རྒན་རང་གང་འཁོར་གཟབ་པ་བཞིན། །
བུ་མོ་ཞིག་གིས་མཛའ་བོས་བཏང་བའི་འཕྲིན་ལ་ལྟ་བཞིན་སྙིང་ནི་ཏིག་སྒྲས་ཁེངས་བ་བཞིན། །
གློ་བུར་གྲུབ་ཅིང་གློར་གྱིས་སྟོངས་བའི་གློག་ཞགས་བར་ནས་ཡོད་ཚད་འཁྱུག་ཙམ་འཁྱུག་ཙམ་གྱིས། །
              དབུགས་དབྱུང་སྩོལ།
ད་ཀོ་སེམས་ཐང་ལུས་ཐང་ཆད་པས་ངལ་ཚད་འབྲས་མེད་ཡིན་སྣང་བྱུང་། །
འོན་ཀྱང་ཞིབ་ཏུ་མནོ་རེ་བཏང་ཙང་དེ་ཡང་མིན་པའི་ཚོད་ཅིག་རྙེད། །
ཡིན་ཡང་ད་ཚོད་དངོས་གནས་དུབ་པས་ཡོད་ཚད་སུན་པའི་གནས་སུ་འདུག །
བརྒྱ་ལ་ཐེངས་གཅིག་དབུགས་དབྱུང་སྩལ་ན་དེ་ཡང་མི་སྲིད་མེད་ཚོད་སྣང་། །
གལ་སྲིད་བསླངས་བ་དོན་ཐོག་སྨིན་ན་སྤོབས་པའི་གདེང་ཡང་སོས་སྲིད་པས། །
སུ་ཡིས་ཁོ་བོར་དབུགས་དབྱུང་བསྩལ་སྲིད་བདག་གི་མི་ཕམ་མཚོ་མོ་ལགས། །

2013ལོའི་ཟླ3པའི་ཚེས26ཉིན་འགྲུབ།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།