འབུམ་ཕྲག་གི་བཅད་རྩོམ་ཁག་བཞི།
སྙན་ངག་ཙག་ཙིག
རེ་བ་ཞིག
ད་ཀོ་ལོ་སར་ཚེས་སོང་ངོ་། །
འཚམས་འདྲི་སྣ་ཚོགས་འཕྱུར་ཡོང་ངོ་། །
ཉེ་དང་རྒྱང་གི་ཤག་པོ་ཚོར། །
ད་ཡང་ཚིག་གསུམ་བརྗོད་རན་སོང་། །
གོ་ལས་འགྲེ་ལྡོག་བརྒྱབ་སོང་བས། །
ཁྱེད་རང་འགྲེ་ལོག་ཅིག་བརྒྱབ་ནས། །
ཐང་གི་རྡུལ་ཚོགས་རྒྱབ་ཐོད་ལ། །
མཁའ་ཡི་སྐར་ཚོགས་རྩིས་ཤིག་ལོངས། །
འགྲོས་མགྱོགས་ཅན་པོ་སླེབས་སོང་བས། །
ཁྱེད་རང་དེ་ལ་བཅིབ་ནས་ནི། །
བས་མཐའི་ངོགས་ལ་ཐེངས་ཤིག་ཕེབས། །
དགུ་ཚིགས་མཐའ་ལ་ལན་གཅིག་སྐོར། །
ཉི་གཞོན་གསར་བ་ཤར་སོང་བས། །
ཁྱེད་རང་ཁོམ་ཚོད་མི་འདུག་སྟེ། །
ཤུབས་རྙིང་ཧར་གྱིས་ཕར་ཤུས་ཤིག །
ཤུབས་གསར་ཧུར་པོས་གྱོན་དགོས་སོ། །
སྣང་བ་ཐན་ཐུན།
ནམ་མཁའ་སྔོ་ཞིང་རྡོ་གཡམ་ལེབ་ཅིག་འདྲ། །
གློ་བུར་སྤྲིན་གྱིས་མནོལ་དུས་རས་ཧྲུལ་བཞིན། །
ཉི་འོད་འཇམ་མོད་འཚུབ་མས་གཙུབས་པས་ན། །
ས་རྡུལ་བྱང་འདེད་ལྷོ་འདེད་འཕྱུར་ཡོང་ངོ་། །
རླུང་རྟ་འབུམ་ཕྲག་དགུང་ལ་བསྐྱོད་ཙམ་གྱིས། །
བསང་མེའི་དུ་བས་ཡོད་རྒུ་དྲང་འགྲོ་སྙམ། །
སྒོ་ཁའི་དར་ལྕོག་རླུང་གིས་དབྱུག་ཐེངས་ཀྱིས། །
དར་ལྕེ་ནར་མོ་རང་སེམས་ཡིན་སྙམ་བགྱིས། །
བྱེ་བ་ཕྲག་བརྒྱའི་སྐར་ཚོགས་ཕང་བ་རུ། །
བྱེ་བ་ཕྲག་བརྒྱའི་མེ་སྟག་གཏོར་བ་ན། །
བྱེ་བ་ཕྲག་བརྒྱའི་ཕྲ་རབ་མེ་ཏོག་ཚོགས། །
བྱེ་བ་ཕྲག་བརྒྱའི་རྡུལ་ནས་སྨག་ཏུ་འཐིམ། །
ཁྱོད་ཀྱིས་འཐེན་པའི་དབྱངས་ཅན་དགྱེས་གླུ་ནས། །
གནམ་ལོ་གསར་དུ་བུལ་གྱིས་འདི་ལྟར་སླེབས། །
ང་ཡི་བཀྲ་ཤིས་འདུན་མའི་འབྲུ་རྡང་ནས། །
རྟ་མཆོག་དཀར་པོ་རྨི་ལམ་ཀློང་ལ་འཁྱུག །
སྐབས་ཤིག་གི་ཕྱི་མིག
བྱིས་པ་གཅེར་བུ་བ་ཞིག་བརྗེད་པ་མེད། །
སྟ་རེ་ཡུ་རིང་ཅན་ཞིག་བརྗེད་པ་མེད། །
ནམ་ཀུན་རྐང་རྗེན་ཡིན་པ་བརྗེད་པ་མེད། །
སྡོང་ཕྲན་གང་མང་བསྣུན་པ་བརྗེད་པ་མེད། །
ཨོ་ལོ་སྣབས་དྲུད་ཅན་ཞིག་བརྗེད་དུ་མེད། །
དབྱིན་ཇིའི་ཁོངས་སུ་བཅུག་པ་བརྗེད་དུ་མེད། །
ལྦ་ཐེ་གཉིས་པར་བསྐོས་པ་བརྗེད་དུ་མེད། །
ཨ་མ་ཡང་ནི་བསྣན་པ་བརྗེད་དུ་མེད། །
ཤིང་དུམ་བོའུ་རུ་བྱས་པ་བརྗེད་རྒྱུ་མེད། །
ཤིང་ལེབ་གྲི་རུ་བཟུང་བ་བརྗེད་རྒྱུ་མེད། །
ཡལ་ག་རྟ་ཕོར་བསྐྱོན་པ་བརྗེད་རྒྱུ་མེད། །
ཤིང་གིས་སྣ་ཚོགས་བཟོས་པ་བརྗེད་རྒྱུ་མེད། །
གད་སྙིགས་ཕོན་པོར་འཛུལ་བ་བརྗེད་ཐུབ་མེད། །
ཚོང་ཁའི་སྒོ་ཉུལ་བྱས་པ་བརྗེད་ཐུབ་མེད། །
སྦལ་བ་པང་གང་བཟུང་བ་བརྗེད་ཐུབ་མེད། །
འབུ་སྐྱོག་ཁུག་གང་བཏུས་པ་བརྗེད་ཐུབ་མེད། །
མགུར་གླུ་འདྲ་མ་ཞིག
སྦྲུལ་ནི་དེ་ལྟར་འཁྱུག་སོང་། །
རྟ་ཕོ་འདི་ལྟར་ལྷགས་ཡོང་། །
གཡང་མོ་དགའ་བས་བསུ་མིན། །
སྐྱ་མི་ང་རང་འགངས་འདུག །
རང་སེམས་བྱམས་པར་སོང་བས། །
ཉི་མ་ཟླ་བར་གྱུར་སོང་། །
རྩྭ་ལྗང་གཡུ་ལོ་འཕྱུར་དུས། །
མཇལ་འཛོམས་ཡོང་བར་རེ་ཡོད། །
མ་བསམ་ཁ་བ་དཀར་པོ། །
མ་བསམ་ས་ནས་འབབ་བྱུང་། །
སེམས་ཡོད་བྱམས་པའི་འཕྲིན་པ། །
བསམས་ཀྱང་ཐོན་པ་མི་འདུག །
དུས་ནི་མགྱོགས་པ་ལ་འང་། །
ཕོ་ལོ་ཉི་ཤུ་ལོན་སོང་། །
རུམ་ལ་ལག་སྙོབ་བྱས་པས། །
སུ་ལ་འཁང་ར་བྱེད་ཨང་། །
ཉ་གང་ཟླ་བ།
ཉ་གང་ཟླ་བ་ཤར་རིས་དགག་ངེས། །
ཁོ་བའི་སྙིང་ག་མུན་པས་གཞུམ་ངེས། །
དེ་ནས་ཡུད་ཙམ་བསང་མཆོད་གནང་ཚེ། །
ཉ་གང་ཟླ་བ་ཟོལ་གྱིས་སླེབས་ངེས། །
ཉ་གང་ཟླ་བ་སྤྲིན་གྱིས་གཡོགས་ངེས། །
ཁོ་བོའི་སེམས་པར་སྤྲིན་ནག་འཁྲུག་ངེས། །
དེ་ནས་ཡུད་ཙམ་སྲོང་པོར་སྒུག་ཚེ། །
ཉ་གང་ཟླ་བ་དམུལ་གྱིས་འཛུམ་ངེས། །
ཉ་གང་ཟླ་བ་གཟའ་ཡིས་འཛིན་སྲིད། །
ཁོ་བོའི་ཡིད་སེམས་མེ་རིས་བསྐོར་སྲིད། །
དེ་ནས་ཡུད་ཙམ་གསོལ་བ་གདབ་ན། །
ཉ་གང་ཟླ་བ་མགྱོགས་པོར་ལྷགས་སྲིད། །
ཉ་གང་ཟླ་བ་ནུབ་རིས་བདའ་སྲིད། །
ཁོ་བོའི་བྱང་ཁོག་འཁྱགས་པས་བསྡམས་སྲིད། །
དེ་ནས་ཡུད་ཙམ་འབྱོར་ཕྱག་འཚལ་ཚེ། །
ཉ་གང་ཟླ་བ་བུལ་གྱིས་གྱེས་སྲིད། །
ལོ་སར་ཚེས་པ་བཅོ་ལྔའི་ཉིན་འགྲུབ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com