འབུམ་ཕྲག་གི་བཅད་རྩོམ་ཁག་བཞི།

རྩོམ་པ་པོ།:འབུམ་ཕྲག ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-09-18 09:46:00 ཀློག་གྲངས།:

             རྩིག་པ་ནག་པོ།
མཚམས་སྤྲིན་ཞིག་སྲབ་མོར་འབྱམས་ཡོད། །
རྩིག་པ་ཞིག་སྔར་བཞིན་ལངས་ཡོད། །
ཆར་ཤུལ་གྱི་མེ་ཏོག་ཁེར་སྐྱེས། །
རླུང་འཚུབ་གྱིས་བཏོགས་ནས་ཁུར་སོང་། །

སེམས་པ་འདི་ཆག་གྲུམ་ཤོར་རྗེས། །
བརྩེ་བ་ཞིག་འགྱེལ་མགོ་བརྩམས་ཤིང་། །
གདུང་བ་འདིས་ལུས་ཡོངས་གཙགས་པས། །
དུས་ཚོད་ནི་སུན་སྣང་འབའ་ཞིག །

མུན་ནག་ཏུ་ལྷུང་ཡུན་རིང་སོང་། །
མུན་ཁུང་ནས་སྡོད་ཡུན་རིང་སོང་། །
བྱ་ཕོ་ཁོང་གྲགས་པ་མིན་ན། །
གཏི་མུག་ལས་ཐར་བ་མ་བྱུང་། །

ཕན་ཚུན་ལ་མྱོང་རྒྱུས་མེད་ཀྱང་། །
ས་བོན་ཞིག་བཏབ་ན་ཆོག་མོད། །
འཐོར་རླུང་འདིས་དབྱེན་སྦྱོར་བྱས་པས། །
ཡིད་ཆེས་ནི་སིལ་བུར་བྲུལ་སོང་། །

ཚིག་འབྲུ་ལ་རྣོ་དབལ་མེད་མོད། །
སྙིང་ག་འདི་ག་ལེར་གཤགས་འགྲོ། །
སྐད་ཆ་ལ་ལྐོག་མདའ་མེད་ཀྱང་། །
སྤྲོ་སྣང་དེ་གློ་བུར་བཅོམ་འགྲོ། །

རྨི་ལམ་ཞིག་རྨིས་པའི་མཐའ་ལ། །
ལངས་མ་ཐག་འདམ་ལ་ལྷུང་ཞིང་། །
འདམ་ཆུ་ནས་ཁྲུས་ཤིག་རོལ་བས། །
ཧབ་རིང་ཞིག་རང་ལ་ཤོར་སོང་། །

མི་གཤིས་ལ་འགྱུར་བག་རྒོད་པས། །
ཡིད་རྟོན་ཞིག་གནང་ས་མི་འདུག །
ཤེས་ཤེས་ལ་རྫུན་ཡང་ལབ་ན། །
ཞེ་སྟེང་ནས་ཅི་ཞིག་འབྱུང་སྲིད། །

སྙིང་གཏམ་དེ་ཤར་མར་ཕྱུང་ཡང་། །
རྙོག་ཆུ་ཙམ་བྱོ་བ་འདྲ་བས། །
འཆད་ས་དེ་ནོར་སོང་མིན་ན། །
སྐྱོ་བ་འདིས་གཟིར་དོན་ཅི་ཡོད། །

ཡུན་རིང་ལ་བསམ་གཞིག་གནང་བའི། །
ཡུན་རིང་ལ་འཆར་གཞི་འཐེན་པའི། །
ཡུན་རིང་གི་འདུན་པ་དེ་ཉིད། །
ཡུན་རིང་གི་སྟོང་བསམ་ཡིན་སོང་། །

ཞེ་རྩ་ལ་ཡུན་རིང་ཐོགས་པའི། །
ཡིད་འཕྲོག་གི་ལྷ་མོ་དངོས་མ། །
སེམས་རྩ་ལ་གཞན་ཞིག་མཆིས་ན། །
ཁོ་བོ་ཉིད་རྒྱང་འཕུད་གཏོང་རོགས། །

འཁྲེང་ཞེན་ཞིག་ཆགས་ས་མེད་ན། །
སྡུག་བསྔལ་འདི་མྱོང་དགོས་མེད་ཅིང་། །
ཕྱི་མིག་གིས་བལྟས་པ་མིན་ན། །
གདམ་ག་ཅིག་སྔར་ནས་གདམས་ཟིན། །

འོལ་ཚོད་ཀྱིས་བཤད་པ་མིན་མོད། །
དོན་དངོས་ལ་དེ་འདྲ་མིན་ནམ། །
དོན་མེད་ཀྱི་རྒྱུན་འདི་བསྐྱངས་ན། །
ངལ་མཐའ་ནི་འབྲས་མེད་མིན་ནམ། །

ཕྱི་ཚུལ་གྱི་བྱ་བྱེད་ཙམ་མོས། །
ནང་སེམས་དེ་སྟོན་པར་དཀའ་བས། །
སེམས་ཁོང་ན་སུ་ཞིག་བཞུགས་པ། །
ཕྱི་ཚུལ་གྱིས་ལྷག་པར་དཀའ་འོ། །

སྙིང་བོ་དག་རུལ་བའི་ཤུལ་ནས། །
རུལ་གཏམ་ཞིག་སྨྲ་འདོད་མེད་མོད། །
ཤུལ་རྗེས་དེ་གཙང་མར་ཕྱགས་ཆེད། །
རུལ་གཏམ་ཞིག་སྨྲ་དགོས་མིན་ནམ། །

ཕོ་ཉམས་དེ་ཡོངས་སུ་ཤོར་ཡང་། །
སྒམ་ཚུགས་ཤིག་བསྟན་དགོས་ལོས་ཡིན། །
སེམས་པ་འདི་ཡོངས་སུ་བཀུག་ཀྱང་། །
བཙན་ཐབས་ཀྱིས་འཕྲོག་དགོས་ལོས་ཡིན། །

གཏམ་རྒྱུད་ཅིག་རྫོགས་ལ་ཉེ་དུས། །
གཏམ་རྒྱུད་ཅིག་བྱུང་མགོ་བརྩམས་ཤིང་། །
འདས་དོན་གྱི་རྩིག་ཞལ་དེ་ཡང་། །
འབྲད་མགོ་རང་རྩོམ་རན་མིན་ནམ། །

དུངས་པ་འདི་བཅོས་མ་མིན་མོད། །
བཅོས་མར་འདུག་བསམས་པ་ཡིན་ན། །
ང་རང་ལ་བཀོད་པ་མེད་དེ། །
ཟབ་མོ་ཡིན་ཇི་ལྟར་བརྗོད་དགོས། །

མི་སྙིང་འདི་མ་བཏོན་བར་དུ། །
ཡིད་ཆེས་ཤིག་གནང་མཁན་མེད་དམ། །
མནའ་ཆེན་ཞིག་མ་བསྐྱལ་བར་ལ། །
བདེན་ཁ་ཞིག་སྟེར་མཁན་མེད་དམ། །

རྨས་སྐྱོན་ཞིག་ཐེབས་པའི་རྗེས་ནས། །
སྐྱོ་གཞས་ཤིག་འདི་ལྟར་ཐལ་སོང་། །
སད་རྟོགས་ཙམ་བྱུང་བའི་ཁུལ་གྱིས། །
སེམས་གཞས་ཤིག་ལེན་ཁུལ་བྱས་སོང་། །

རྩིག་པ་འདི་དཀར་པོ་ཡིན་ཡང་། །
ནག་པོ་ཞེས་ཨུ་ཚུགས་བྱེད་ན། །
ང་རང་ལ་ཐབས་བཀོད་མེད་དེ། །
ནག་པོ་ཡིན་ཟེར་དགོས་བྱུང་སོང་། །

2014ལོའི་ཟླ5པའི་ཚེས20ཉིན།

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།