སྐྱིད་བདེ་རྨ་རྒྱལ་གྱི་སྙན་ངག་བོད་འགྱུར་མ་ཁག་བཞི།

རྩོམ་པ་པོ།:སྐྱིད་བདེ་རྨ་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-04-28 10:55:00 ཀློག་གྲངས།:

སྐྱིད་བདེ་རྨ་རྒྱལ་གྱི་སྙན་ངག་བོད་འགྱུར་མ་ཁག་བཞི།
                 རྡོ་རྗེ་རབ་བརྟན་གྱིས་བསྒྱུར།

སྐྱས་སྤོར་བའི་ཚོ་བ་ཞིག
        — ང་ཡི་མེས་པོ་རྨིས་པ།

ངས་ཁོ་ཚོ་རྒྱང་རིང་ནས་འོང་བཞིན་པ་མཐོང་ཞིང

ནག་རོག་རོག་གི་མུན་མཚན་བརྒལ་ནས
ཤ་རྩ་ནག་པོའི་ངོ་གདོང་རེ་རེ་བཞིན
རྒྱང་རིང་གི་རྩྭ་ཐང་ནས་མངོན་བྱུང
ཁོ་ཚོས་ཟླ་འོད་ཀྱིས་བསླས་པའི་འཕྱང་ལྭ་བཀླུབས་ཤིང
ད་སོ་མ་གཉིད་དུ་ཡུར་བའི་མུན་པ་ཐོད་དུ་བཏེགས་ནས
ཁ་ཁུ་སིམ་པའི
ཆུ་བོ་ནག་པོ་ཞིག
ས་གཞི་འདི་ནས་འབབ་དུས
མུན་ནག་གིས་གཡོ་སྐྱོམ་ཐེབས་པའི་རི་ཚོགས་ཀྱི་སྟེང་ན
ནམ་ཡང་ཡིད་དུ་འོང་བའི་མིག་ཟུང་ཞིག
  ————འཇིགས་པ་མེད་པར་ཟུམས་ཡོད
འོན་ཀྱང་མེས་པོའི་མཐོ་གདེངས་ནི
སྔར་བཞིན་མཐོན་པོར་བཏེགས་ཡོད་ཅིང
གལ་སྲིད་དཔའ་རྟུལ་གྱི་ཚོ་དཔོན་ཞིག
ནངས་པར་འཆི་དགོས་ཀྱང
(ངས་བྱིས་པ་ཞིག་མཐོན་པོ་སྒང་ནས་འགྲེང་ཡོད་པ་མཐོང་སྟེ
ལག་ཟུང་གིས་བཅད་ཟིན་པའི་ལྟེ་ཐག་བཟུང་ནས
སྡུག་ཡུས་ཀྱིས་ཁེངས་འདུག)

ངས་ནི་ཁོ་ཚོ་རྒྱང་རིང་ནས་ཕེབས་འོངས་པ་མཐོང་ཞིང
ཞབས་རྗེས་དེ་དག་དུས་རླུང་གིས་གནའ་བོའི་དབྱིས་ཡིག*ཏུ་གྱུར་སོང
གནའ་བོའི་ལོ་རྒྱུས་ཀྱི་སྙན་རྩོམ་ཞིག་ཏུ
སྐྱེ་བ་དང་འཆི་བའི་སྐོར་གླེངས་འདུག
ཡིན་ཡང་ལུས་སྟོབས་རྫོགས་པའི་སྟག་ཤར་དེ་དག་དང
བརྩེ་འདང་གིས་ཕྱུག་པའི་སྨན་ཤར་དེ་དག་གི
གཉའ་མི་ཞུམ་པའི་མགོ་བོ་དང་གཡེར་རྒོད་ཀྱི་བྲང་གཞུང་དུ
སྔར་བཞིན་དང་བ་འདྲེན་པའི་འབྲས་བུ་ཁུར་དུ་ལྕི
ངོ་མཚར་བའི་དངོས་གཟུགས་དེ་དག
ས་གཞི་རུ་ཟགས་པའི་སྐབས་དེར
རྒྱང་རིང་གི་ནགས་ཚལ་གསར་བ་དེ་ལས
སྡུག་བསྔལ་དང་སྤྲོ་སྐྱིད་འདྲེས་མའི་བྲག་ཅ་ཞིག་ཁྱབ་འོངས་པ་དང་བསྟུན
ནོར་འཛིན་བུ་མོའི་མངལ་ལམ་ནས
ནག་རོག་རོག་གི་ལྗོན་ཤིང་ཞིག
རྒོད་རྔམས་ཀྱིས་སྐྱེས་བྱུང
གལ་སྲིད་ལས་དབང་ཕྲ་མོའི་ཕོ་མོ་ཟུང
ལྗོན་ཤིང་འདི་ལས་ལྕེབས་ཤི་རྒྱག་དགོས་ཀྱང
(ངས་བྱིས་པ་ཞིག་མཐོན་པོ་སྒང་ནས་འགྲེང་ཡོད་པ་མཐོང་སྟེ
ལག་ཟུང་གིས་བཅད་ཟིན་པའི་ལྟེ་ཐག་བཟུང་ནས
སྡུག་ཡུས་ཀྱིས་ཁེངས་འདུག)

ངས་ནི་ཁོ་ཚོ་རྒྱང་རིང་ནས་ཕེབས་འོངས་པ་མཐོང་ཞིང
མགོ་སྟེང་དུ་གནའ་བོའི་ཉི་མ་ཞིག་ཡོད
སྲོད་སྐར་ཡོད་མེད་ད་དུང་མི་ཤེས
ས་སྲོད་དུ་ཚེ་འདས་བགྲེས་པོ་ཞིག་སྦྱིན་བསྲེག་བྱ་དགོས་པས་ཏེ
སྐབས་འདིར་ཐང་གཞོངས་དེ་ཁོ་ན་རུ
ད་དུང་མངལ་སྦྲུམ་པའི་སྐྱེད་མ་སྐོར་ཞིག་མཆིས་ཤིང
སྐྱེ་བོ་སུ་ཞིག་གི་འཁྲུངས་འབྱོན་ལ་གླུ་དབྱངས་ལེན
ཅི་སྟེ་སྐར་མ་ཡོད་ཚད
འཛུམ་མདངས་ཀྱི་བྲག་ལྡེབས་སུ་བབས་པའི་ཚེ
རྟག་བརྟན་གྱི་སྲོད་སྐར་ད་དུང་གནས་དེ་རུ་འོད་དུ་འཚེར
ཉིན་ཞིག་བུས་པ་གཉིད་འགུག་གི་དབྱངས་རྟ་དེ
དངོས་གནས་དྲན་ཤིང་གི་བྱ་ཁུ་ལོར་གྱུར་ན
གདོད་མའི་མི་རིགས་ཤིག
ད་དུང་འདི་ལྟར་དུས་གཏན་དུ
རྒྱ་སེ་མདངས་ཀྱི་སྟོང་འདང་གིས་ཁེངས་སྲིད་དམ
གལ་སྲིད་གླག་རྒོད་ཅིག
གློག་ཞགས་ཡལ་རྗེས
ཁྲག་ཐིགས་ཟགས་པའི་གཤོག་པ་ཁོ་ན་ལས་ལུས་མི་སྲིད་ཀྱང
(ངས་བྱིས་པ་ཞིག་མཐོན་པོ་སྒང་ནས་འགྲེང་ཡོད་པ་མཐོང་སྟེ
ལག་ཟུང་གིས་བཅད་ཟིན་པའི་ལྟེ་ཐག་བཟུང་ནས
སྡུག་ཡུས་ཀྱིས་ཁེངས་འདུག)

*དབྱིས་རིགས་ཀྱི་ཡི་གེ་ལའོ། །

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།