སྐྱིད་བདེ་རྨ་རྒྱལ་གྱི་སྙན་ངག་བོད་འགྱུར་མ་ཁག་བཞི།

རྩོམ་པ་པོ།:སྐྱིད་བདེ་རྨ་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-04-28 10:55:00 ཀློག་གྲངས།:

ལྷ་སའི་ཁྱི།

ངས་ལྷ་ས་རུ་ཁྱི་མང་པོ་མཐོང་མྱོང་སྟེ
ཁྱི་དཀོན་པོ་དང་། ཁྱི་ཐལ་རྡུགས། ཁྱི་བདག་པོ་ཅན་ཡོད་ལ
ཁྱི་བདག་མེད་ཅན་ཡང་ཡོད
ལྷ་སའི་ག་ས་གར་དུ་ཁྱི་མཐོང་ཐུབ
ཁོ་ཚོ་ལ་ལ་ཁེར་རྐྱང་དུ་རྒྱུ། ལ་ལ་ཁྱུ་ཚོགས་སུ་
དགོན་པའི་སྒོ་ལམ་དུ་ཉི་མར་ལྡེ་འདུག
འོན་ཀྱང་ང་ལ་ཆེས་ཡིད་འགུག་ཐེབས་པ་ནི
མི་རྣམས་ཀྱི་གནང་སྦྱིན་ལ་བརྟེན་ནས་འཚོ་བའི་ཁྱི་དེ་དག་རེད
དེ་དག་སྤུ་མདོག་བཙོག་ལ་སྡུག་པ་དང་། ལུས་སྟོབས་ཞན་ཞིང་ཧོན་ལོག་འདུག
ལ་ལར་སུག་པ་གསུམ་ལས་ལྷག་མེད་པ་དང
ལ་ལ་སར་འགྱེལ་ཏེ་འཆི་བདག་ལ་སྒུག་འདུག
འོན་ཀྱང་ཁྱི་ཀྱེ། མིའི་རིགས་ཀྱི་ཆེས་བློས་ཐུབ་ཀྱི་སྲོག་ཆགས་ལགས
ངས་འདི་ལྟར་བཤད་སྤོབས་ཏེ། འཇིག་རྟེན་འདིར
ཁྱོད་ཚོས་ལྷ་ས་འདེམས་པ་ནི་བདེ་སྐྱིད་རང་རེད
རྒྱུ་མཚན་ནི་གནས་འདི་རུ་བྱམས་ལྡན་རླབས་ཆེན་གྱི་རིགས་རྒྱུད་ཅིག་ཡོད་དེ
ཁོང་ཚོས་ཁྱོད་ཚོ་ལ་སྤྲོ་སྐྱིད་བསྩོལ་བ་དང་ཐབས་ཅིག་ཏུ
ཁྱོད་ཚོའི་སྡུག་བསྔལ་མ་ལུས་ཀྱང་ཁག་ཏུ་ལེན་པར་གདའ

རྟ་པ།
 

འདྲོགས་བརྒྱུགས་ངང
དཀྱུས་སྐོར་ཞིག་བརྒྱབ་རྗེས
ཁོ་རྟ་ལས་བབས་ཏེ
ཕ་བོང་ཞིག་ལ་སྔས་ནས་ཉལ

མགོ་ཐོག་ན་ཉི་མ་འཆར
སྤྲིན་ཕུང་ཐག་རིང་ཐག་རིང་དུ་གྱེས

ཁོ་གཉིད་སོང
རེད་ཡ། ཁོ་དངོས་གནས་གཉིད་ཐག་ཆོད་སོང
ལུས་ཕུང་འོག་གི་ས་གཞིའང་ཁོའི་སླད་དུ
གཉིད་བག་སྟུག་པོས་ཁེངས་འདུག

ཅི་སྟེ་འདི་འདྲའི་སྐབས་སུ་ཡང
ཁོའི་ཟུངས་ཁྲག་གི་རྩ་རྒྱུས་སུ
སྔར་བཞིན་རྟ་ཕོ་ཡི་རྨིག་སྒྲ་གྲག་བཞིན་མཆིས

དུས་ཚོད།

ངའི་ཕ་ཡུལ་དུ
ངས་གཏན་ནས་ར་སྤྲོད་མི་ཐུབ་པ་ཞིག་ནི
གྱང་རྩིག་ཅིག་གི་ལོ་རྒྱུས་ཧྲིལ་བོ་དེ་རེད
ཅི་སྟེ་སྐད་ཅིག་མའི་ཡུན་དུ
ས་རྡུལ་ཕྲ་རགས་ཤིག་གི
སྐྱེ་བ་ནས་འཆི་བའི་གོ་རིམ་ལ
ངས་དངོས་སུ་ཉམས་ཞིབ་བྱེད་ཐབས་བྲལ
ཀྱེ། དུས་ཚོད་ཨང
སུ་ཞིག་གིས་གཟུགས་མེད་ཀྱི་ཁེ་གྲི་ཐོགས་ཏེ
བར་ཐག་དང་མྱུར་ཚད་ཀྱི་སྲུབས་བར་ནས
ཁྱོད་རང་སིལ་བུར་གཙབས་སོང

དངོས་འབྲེལ་ང་ཚོས
དུས་ཚོད་ཀྱི་ཐོག་མའི་བྱུང་བ་འདྲི་དགོས་མེད་དེ
ཁོ་ལ་སྔ་རོལ་ནས
ཐོག་མ་ཞེས་པའི་མཚན་ཉིད་ཅིག་འཇོག་རྒྱུ་མེད་པས་སོ
དེ་ལྟ་བཞིན་དུ། ཁོའི་མཐར་ཐུག་གང་ཡིན་ནམ
ཞེས་ཀྱང་ང་ཚོས་འདྲི་དགོས་མེད་དེ
སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ
ཁོ་ནི་མཐའ་བྲལ་ཞེས་པ་དང་མཚུངས་ཆོས་སུ་ཡོད་པས་སོ
དུས་ཚོད་ནི་མུན་པ་ཁྲོད་ཀྱི་སྙིང་རྩ་ཡིན
ཁོའི་འཕར་ལྡང་རེ་རེ་ནི
གློག་ཞགས་རེ་རེ་དང་མཚུངས
ཁོ་ནི་འདས་མ་ད་གསུམ་གྱི་བརྒྱུས་ཐག་ཡིན
ཡིད་ཆེས་གནོངས་དང་། འདི་ནི་ལྷ་དབང་གི་ལུང་བསྟན་མིན་ཏེ
ཕལ་ཆེར་ལྟོས་མེད་ཀྱི་བདེན་དོན་ཞིག་རེད
དུས་ཚོད་ང་ཚོ་དང་ཁ་བྲལ་རྗེས
དུས་གཏན་དུ་ཕྱིར་ལྡོག་མེད

ཚེ་སྲོག་དང་བསམ་བློ། རྒྱུ་ནོར་སོགས་ཡོད་ཚད
དུས་ཚོད་ཀྱི་གཞལ་ཡས་ཁང་དུ་ངལ་གསོས་འདུག
ཀྱེ། དུས་ཚོད་ཨང
ཆེས་དྲང་བཞག་གི་ཁྲིམས་དཔོན་ཡིན་ཏེ
ཁོས་རྫུན་གཏམ་ལ་ཐ་ཚིག་བསྒྲོགས
ཁོས་བདེན་དོན་ལ་ཁ་གཡང་འབོད
ཁོས་མཐའ་མཇུག་གི་ཚེ་སྐབས་སུ
སེམས་བྱུང་དང་དངོས་པོ་ཡོད་ཚད
རྟག་པ་ཡིན་པ་ཁས་མི་ལེན
ཁོ་དུས་རྟག་ཏུ་འཆི་བ་ཁྲོད་དུ་སྐྱེ
ཁོ་དུས་རྟག་ཏུ་སྐྱེ་བ་ཁྲོད་དུ་འཆི
ཡོད་ཚད་ཁོའི་འདུ་བྱ་ཡིན
ཁོ་ཡོད་ཚད་ལས་འདའ་ཡོད
གལ་ཏེ་འཇིག་རྟེན་འདིར
དངོས་པོ་གང་ཞིག་དོན་དམ་རྟག་པ་ཡིན་ཞེས་བརྗོད་དགོས་ཚེ
ངས་སོམ་ཉི་མེད་པར། དུས་ཚོད་དོ་ཞེས་སྨྲ་སྤོབས་སོ

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།