ཆབ་མདོ་མཐོ་འབྲིང་དང་པོའི་སློབ་བུ་ཚེ་དབང་མཐར་ཕྱིན་གྱི་རྩོམ་རིག་འོས་སྦྱོར།
ཀ་རྩོམ་སྙིང་གི་མེ་བཙའ།
རུས་མིང་། ཚེ་དབང་མཐར་ཕྱིན།
སློབ་གྲྭ ཆབ་མདོ་མཐོ་འབྲིང་དང་པོ།
ཀ་མད་གསལ་བྱེད་སུམ་ཅུའི་ལེགས་བྱས་འཛམ་གླིང་ཡིག་རིགས་ཁོངས་སུ་ཚུད་པས་དགའ་བ་ལ། །
ཁ་ལྗོངས་པུར་རྒྱལ་ལ་རྒྱ་མི་བསམ་ཕྱི་རབས་གཞོན་ནུའི་རིགས་རྒྱུད་ཆད་པས་སྐྱོ་བ་ལ། །
ག་ས་གང་དུ་འགྲིམས་ཀྱང་ཕ་སྐད་དབྱངས་རྟ་ངག་ལ་མི་གྱེར་ས་མཐའ་འཁྱམས་བ་ལ། །
ང་དང་ཁྱེད་ཅེས་རིགས་སུ་བཅད་ནས་ནང་དམེ་བྱས་ནས་བདེ་སྐྱིད་ཁྱིམ་གཞི་ཐོར་བ་ལ། །
ཅ་དངོས་རིན་ཆེན་བདག་གཅེས་མཛད་ནས་ཚན་རྩལ་ཤེས་རིག་མི་གཉེར་སྤྱོད་པ་གཏུམ་པོ་ལ། །
ཆ་ལུགས་ར་མ་ལུག་གི་སྤྱོད་ལམ་བཟུང་སྟེ་རང་རིགས་མི་ཆོས་རིག་གནས་གཞོམ་པ་ལ། །
ཇ་ཆང་འདོད་བློ་ཚིམ་ནས་མི་རིགས་བདེ་སྡུག་མི་བསམ་ཉིན་མོ་གང་འཁྱོལ་བྱེད་པ་ལ། །
ཉ་རྒྱས་ཟླ་ལྟར་འཕེལ་བའི་ལང་ཚོའི་གསོན་ཤུགས་ཉམས་ནས་རང་ཚུགས་ཤོར་བས་སྐྱོ་བ་ལ། །
ཏ་ལའི་འདབ་ལྟར་ཡངས་པའི་བློ་ཁོག་བྲལ་ཅིང་འཁང་ར་སྡིགས་མོ་བྱེད་མཁན་མང་བ་ལ། །
ཐ་སྙད་རིག་གཞུང་བདུད་རྩི་འཇིབས་མཁན་ཉིན་མོའི་སྐར་ལྟར་ཉུང་བའི་དུས་སུ་སྐྱོ་བ་ལ། །
ད་ཆ་འབྱོར་འབྲིང་སྤྱི་ཚོགས་བསྒྱུར་ཅིང་རང་རིགས་ཚོར་མེད་ངང་ནས་ཉི་མར་ལྡེ་བ་ལ། །
ན་གཞོན་དུས་སུ་ཕུགས་བསམ་མེ་ཏོག་བཅོམ་སྟེ་མི་ཚེ་སྟོང་ཟད་གཏོང་མཁན་མང་བ་ལ། །
པ་ཏྲ་ནང་བཞིན་འཁྱོག་པོའི་སེམས་པ་འཕྱར་སྟེ་གཞན་འཚེ་རང་ཕན་བྱེད་པའི་མང་བ་ལ། །
ཕ་མེས་བཞག་པའི་གླེགས་བམ་ལ་སོགས་བཤམས་སྟོན་བྱས་ནས་དཔྱོད་ཤེས་མཛད་མཁན་ཉུང་བ་ལ། །
བ་ལྟོགས་རྩྭ་ལ་རྔམས་པ་ཇི་བཞིན་དམངས་ཀྱི་ཁེ་ཕན་ལྐོག་ཟ་བྱེད་མཁན་དཔོན་པོ་ལ། །
མ་རབས་ཐབས་སྡུག་འདུ་ཤེས་རྒྱུན་འཁྱོངས་བྱས་ན་སྙིགས་མ་ལྔ་བདོ་དུས་སུ་འགྲོ་བ་ལ། །
ཙ་རིའི་སྨྱུག་མར་འགྲན་པའི་བུ་མོའི་བྱད་གཟུགས་མཛེས་ཀྱང་ཕྱི་ཡི་གཟུགས་ཙམ་སྒེག་པ་ལ། །
ཚ་ཆུ་ཁ་དང་འདྲེས་པའི་འདས་སོང་ལོ་རྒྱུས་ཕྱིས་སུ་ཡི་རངས་བྱེད་མཁན་ཉུང་བ་ལ། །
ཛ་ཡ་གསུངས་པ་ནང་བཞིན་དགེ་སྒྲུབ་སྡིག་སྤོང་ཕྱོགས་ལ་གཞོལ་མཁན་ཉུང་བས་སྐྱོ་བ་ལ། །
ཝ་སྐྱེས་རྒྱལ་པོར་དཀྱེལ་ཡངས་དབེན་ཅིང་ལྟོ་རྒྱབ་ཙམ་དུ་རིགས་མཐུན་དམར་འཛིང་བྱེད་པ་ལ། །
ཞྭ་དཔེ་ལྷམ་འགེབས་བྱ་བ་གཉེར་ནས་མ་མཐའ་དོན་གཉིས་འགལ་བའི་མཚང་བརྟོལ་བྱུང་སྲིད་ལ། །
ཟ་འཐུང་འབའ་ཞིག་དོན་ལ་དམིགས་ནས་བྱོལ་སོང་ལས་ཀྱང་ཐབས་སྡུག་ཅེས་པའི་སྐྱོ་བ་ལ། །
འ་ཅག་མི་རིགས་འདིར་ཡང་མཁའ་ཡི་དབང་གཞུ་ཡལ་བ་དཔེར་བྱས་བྲན་གཡོག་ཚུད་པ་ལ། །
ཡ་གླིང་ནོར་འཛིན་སྒེག་མའིདཀྱིལ་འཁོར་གྲས་སུ་གཏོགས་པའི་རང་རིགས་རྗེས་སུ་ལུས་པ་ལ། །
ར་མ་ལུག་གི་སྲོལ་ངན་བསྡོངས་ནས་མི་རིགས་ཁྱད་ཆོས་མག་མོག་ངང་ནས་འགྲིབ་བ་ལ། །
ལ་རྒྱ་ཟབ་མོ་གངས་སེང་གཡུ་རལ་་གསིག་པའི་དཔའ་སྟོབས་བྲལ་ནས་ཉམ་ཆུང་འཚོ་བ་ལ། །
ཤ་ཚ་ཅན་གྱི་བགྲེས་པོ་དག་ནི་རྙིང་ཞེན་བག་འཁུམས་གཡང་ལ་ལྷུང་འདི་སྐྱོ་བ་ལ། །
ས་ཕྱོགས་གང་དུ་འགྲིམས་ཀྱང་ཕ་སྐད་འཕེལ་འགྲིབ་མི་བསམ་དོན་མེད་ལང་ཚོ་འཛད་པ་ལ། །
ཧ་ལམ་དེང་རབས་བོད་ཁུལ་ནང་དུ་མཐོང་ཐོས་སྣང་ཚུལ་སོགས་ཀྱི་མཚང་སྐྱོན་འདོན་པ་ལ། །
ཨ་ཁ་ན་གཞོན་སློབ་མ་ཞིག་གི་འཆོལ་གཏམ་ཚིག་གིས་ཀ་མད་ཕྲེང་བའི་གཟུགས་སུ་ཕབ་པ་ལ། །
ཀ་རྩོམ་སྙིང་གི་དུངས་བརྗོད།
ཀ་མ་ལའི་རང་མདངས་མཐོང་དུས་དགའ་མ་དྲན། །
ཁ་མཐུན་ཞེ་མཐུན་སེམས་པ་བར་མེད་བགུགས་པའི་ཚེ། །
ག་སར་བགྲོད་དུས་ཁྱེད་ཀྱི་དུངས་བ་རུམ་ནས་ཉུལ། །
ང་ཡིས་བརྩེ་དུངས་མེ་ཏོག་ཁྱེད་ལ་བཞད་པའི་དུས། །
ཅ་ཅོའི་འཆལ་གཏམ་མེད་དུས་སེམས་ཀྱི་བློ་ཆོས་དྲན། །
ཆ་ལུགས་ཀུན་དང་མཐུན་པའིམཛངས་མ་ཁྱེད་དང་ཐུག །
ཇ་ཆང་འདོད་དང་བྲལ་བས་ཁྱེད་ཀྱི་གཤིས་ཀ་དྭངས། །
ཉ་ཆུ་ལྟ་བུའི་དུངས་བ་ངེད་གཉིས་བར་ལ་བཅིང་། །
ཏ་ལ་འདབ་ལྟར་མཉམ་པའི་ཁྱེད་ཀྱི་བློ་ཁོག་ལས། །
ཐ་མལ་བསམ་སྦྱོར་གནའ་ནས་སྤུ་ཙམ་དྲན་མ་མྱོང་། །
ད་ཆ་སེམས་ཀྱི་ལྷ་མོ་གང་དུ་ཕེབས་པར་དོགས། །
ན་གཞོན་ཕྲན་གྱི་སེམས་ཁོང་གངས་ལྷ་མེ་ཏོག་ཁྱོད། །
པ་ཏྲའི་འཛུམ་མདངས་ཁོལ་བའི་ཕོ་སེམས་བར་མེད་འགུགས། །
ཕ་མར་བྱམས་ཞིང་དྲིན་གཟོ་བྱེད་པའི་སློབ་མ་ཞིག །
བ་ལྟོགས་རྩྭ་ལ་སྔམས་པ་ཇི་བཞིན་ཁྱེད་ལ་དགའ། །
མ་ཡིག་ཁ་ནས་ཟློ་བཞིན་སེམས་ཅན་་འཕྲིན་ལས་བཅོལ། །
ཙ་རའི་སྨྱུག་ལྟར་འགྲན་པའི་སྡུག་གུའིསྐྱེས་གཟུགས་ལ། །
ཚ་ཚ་འུར་འུར་ལྡང་བའི་ཤེས་བྱའི་འགྲན་རྩོད་དུ། །
ཛ་ཧུར་རྒྱུན་བཞིན་མཛའ་གྲོགས་བར་ལ་ཕྱི་ཐག་རིང་། །
ཝ་ལེར་དྲན་ཀྱང་ཁམས་པའི་བུ་མོའི་མཛེས་སྣང་ཤར། །
ཞྭ་གོས་རྒྱན་ཆ་བཀླུབས་ན་ཁྱེད་ལས་མཛེས་པ་མེད། །
ཟ་འཐུང་གོམས་འདྲིས་དབེན་ཅིང་ཚན་རྩལ་ཤེས་བྱ་སློབས། །
འ་ཅག་ལུགས་གཉིས་མཐུན་པའི་བུད་མེད་བྱམས་སེམས་ཅན། །
ཡ་རབས་ཞི་དུལ་སྤྱོད་པ་བུ་མོ་ཀུན་ལས་མཛེས། །
ར་བ་གངས་ལྗོངས་གདུལ་ཞིང་དོན་གཉིས་སྒྲུབ་པར་མཁས། །
ལ་རྒྱ་སྙིང་དུ་བསྒོམས་ནས་ཕ་སྐད་གཞོལ་བར་ཞེན། །
ཤ་མཆིན་ལྟ་བུའི་བརྩེ་དུངས་ཆགས་པའི་དྲན་ཚུལ་དེ། །
ས་ཆ་གང་དུ་སོང་ཡང་ཕན་ཚུན་སེམས་ནས་བརྩེ། །
ཧ་ཅངསྙན་པའི་གཏམ་རྒྱུད་ཁྱེད་ཀྱི་ཁོག་ཏུ་བསྙལ། །
ཧ་ལམ་དྲན་པའི་གདུང་བ་སྨྱུག་རྩེའི་མིག་ཆུར་འདྲེས། །
ཨ་ཅེ་བློ་ཆོས་མཚོ་མོ་མདུན་དུ་བརྩེ་འཕྲིན་སྤྲིངས། །
ཨ་རོགས་ངེད་གཉིས་བརྩེ་དུངས་ཇི་སྲིད་གནས་པར་བསྔོ། །
ཁམས་པའི་གསོན་ཤུགས།
ཇི་སྲིད་གོ་ལ་ཆེན་མོའི་གཙུག་ཏུ་ཆགས་པའི་ཞིང་ཁམས་སྟེ༎
གནའ་ནས་ད་བར་ལ་རྒྱའི་སྒལ་ཚིགས་སྐྱོང་བའི་ཁམས་པའི་ས༎
སྤྲེལ་སྲིན་གཉིས་ལས་ཆད་པའི་རིགས་རུས་གཅིག་པའི་སྤུན་ཟླ་ཡིས༎
གཟི་མདངས་མ་ལུས་རབ་དཀར་ཁ་བའི་མདངས་ལ་འཁུ་བའི་འོད༎
ལེགས་བྱས་དུས་ཀྱི་འཁོར་ལོར་ཉིན་བྱེད་དྲོ་འཇམ་རབ་དྲངས་ནས༎
ཁམས་པའི་པད་མའི་ཚལ་དུ་འདོད་རྒུའི་མཛེས་སྡུག་སྐྱོང་ལ་བྲེལ༎
ལས་འབྲས་རྟོགས་ནས་དགེ་སྒྲུབ་སྡིག་སྤངས་ཕྱོགས་ལ་གཞོལ༎
མི་རིགས་བླ་སྲོག་རང་གི་ཁོག་པའི་སྙིང་བཞིན་འཛིན་ནས་ནི༎
སྐད་དང་ཡི་གེ་རྒྱུད་འཛིན་དར་སྤེལ་བྱེད་པར་རང་ནས་རྩོམ༎
དགོས་འདོད་འདོད་བཞིན་འཇོ་བའི་དེང་གི་རིག་གནས་དགའ་ཚལ་དུ༎
རྨོངས་པ་བསྐྲད་ཅིང་སྔོན་ཐོན་ཚན་རྩལ་སྦྱོང་བར་ཤི་ཡང་འཐབ༎
འདི་ནི་ཁམས་པའི་གཟི་མདངས་རྒྱས་པའི་གསོན་ཤུགས་མ་ལགས་སམ༎
རང་མཉམ་གཞོན་ནུ་ལ་སྐུལ་བའི་ཀ་རྩོམ་རྣ་བའི་ཚེར་མ།
ཀྭ་ཡེ་གསོན་དང་རིགས་བཟང་སྙིང་མཐུན་གྱི་སྤུན་མཆེད༎
ཁ་བའི་ལྗོངས་ཀྱི་རིག་པའི་མུ་ཏིག་གི་ཕྲེང་བ༎
ག་ས་གང་དུ་ཕྱིན་ཀྱང་བརྩེ་སེམས་ཀྱིས་ཟློ་དང་༎
ང་ཚོར་མི་རིགས་ལྡན་པ་འདི་དག་ལས་མ་འདས། །
ཅ་ཅོའི་འཆལ་གཏམ་མ་བསྙད་རིག་གཞུང་གི་དོན་སྙིང་༎
ཆ་ལུགས་ཉམས་ལེན་གྱིས་དགོས་འདོད་དུ་བླང་སྟེ༎
ཇ་ཁང་སོགས་ལ་མ་འགྲིམ་དར་སྤེལ་ཀྱང་མཛད་ན༎
ཉ་རྒྱས་ཟླ་བ་འཕེལ་བཞིན་ཡར་ཐོན་ནི་ཡོང་ངེས། །
ཏ་ཐཱ་ག་ཏ་མེས་པོའི་གསུང་འབུམ་གྱི་གཞུང་ལ༎
ཐ་ན་སྦྱོར་བ་ལག་གིས་ཉམས་ལེན་ཞིག་མེད་ན༎
ད་ལྟ་ཉིད་ནས་བཅངས་པའི་ཕུགས་བསམ་གྱི་ཡུལ་དུ༎
ན་རྒས་གོ་ཁར་ལྷུང་ཡང་སླེབས་ཐབས་ནི་མེད་དོ༎
པ་ཊ་བཞིན་གྱི་དེང་གི་འཚོ་བ་ཡི་རྫིང་དུ༎
ཕ་མེས་གནང་བའི་སྒལ་ཚིགས་བརྟན་པོ་འདི་ཆག་ཅིང་༎
བ་མོ་སེར་བས་བཅོམ་བཞིན་ཤི་གསོན་གྱིས་བྱིངས་ན༎
མ་ཡུམ་བོད་ཀྱི་ཕྱི་རབས་བསྐྱང་རྒྱུ་འདི་དཀའ་འོ༎
ཙ་མ་ར་ཡི་རྭ་བཞིན་གཤིས་གྱོང་འདི་བསྐྱང་ན༎
ཚ་ཚ་སངས་རྒྱས་དམ་པའི་བཀའ་ལུང་དང་འགལ་བས༎
ཛ་ལང་རྒྱ་ཡན་སེམས་ཀྱི་དྲི་མ་འདི་བཀྲུས་ཤིང་༎
ཝ་སྐྱེས་ལྟ་བུའི་ཚུལ་འཆོས་དོར་ན་ནི་དགའ་འོ༎
ཞ་ཞོར་བོད་པ་ཚང་གི་རེ་འདུན་འདི་བསམ་སྟེ༎
ཟ་འདྲེ་བཞིན་གྱི་ཞེ་སྡང་གཏི་མུག་འདི་སྤངས་དགོས༎
འ་ཅག་མི་རིགས་འདི་ལ་ཕན་པ་ཡི་ལས་ཤིག༎
ཡ་ཆུང་སེམས་སུ་བསྒྲུབ་རྒྱུའི་དམ་བཅའ་ཞིག་གཞག་དགོས༎
ར་མ་ལུག་སྐད་སྨྲ་བའི་སྲོལ་ངན་འདི་དོར་ཏེ༎
ལ་ལུང་མི་རིགས་ཀུན་ལ་མཐུན་པ་ཡིས་གཤིབ་དང་༎
ཤ་ཚ་སྙིང་རྗེ་ལྡན་པ་རང་རིགས་ཀྱི་སྲོལ་བཟང་༎
ས་ཕྱོགས་གང་དུ་འགྲིམ་ཡང་སྲུང་རྒྱུ་ནི་འགངས་ཆེ༎
ཧ་ཧ་བདག་གི་གཏམ་ལ་སྙན་ཆ་ནི་མེད་ཀྱང་༎
ཧ་ཅང་རིགས་ཞེན་སེམས་སུ་འཁྲུངས་བ་ཞིག་ཡིན་ཕྱིར༎
ཨ་རོགས་སྤུན་གྲོགས་རྣ་བའི་ཚེར་མ་རུ་གྱུར་ཀྱང་༎
ཨ་མའི་རེ་བ་དུན་བསྐང་བར་དོན་གོ་ནི་ཆོད་དོ། །
ང་ཚོའི་དགོས་མཁོ།
དབང་གཞུ་རིས་མཚུངས་མདོངས་མཐའ་འཛིན་པ་ཡིས། །
གཤོག་སྒྲོ་གདུགས་ལྟར་བསྒྲེངསཔའི་གར་སྟབས་དེ། །
སྙན་དབྱངས་འགྱུར་ཁུག་འགྲོ་དོན་ཐོས་འཛིན་དུ། །
རིས་མེད་འགྲོ་དྲུག་སྐྱོང་བས་དཔལ་མངའ་བའི། །
རྒྱ་མཚོའི་རླབས་ཀྱིས་བལྟམས་པའི་ཚངས་སྲས་མ། །
ད་ལྟ་ཁོ་བོའི་སྤྱི་གཙུག་རྣམ་དཔྱོད་རོལ། །
གཞན་དོན་ལས་ལ་གཞོལ་བའི་སེམས་བསྐྱེད་དགོས། །
ལྷག་བསམ་དར་དཀར་མཚུངས་པའི་དད་པ་དགོས། །
རྒྱུ་འབྲས་བརྩེ་བའི་དོན་ལ་ངེས་ཤེས་དགོས། །
དགོས་པ་འདི་གསུམ་འཛོམ་ན་ཨ་མའི་བུ། །
བྱམས་བརྩེ་ཡབ་ཡུམ་གཉིས་ཀྱི་ཞལ་ཏ་དགོས། །
བཅུ་ཕྲག་ཉིང་ཁུ་བཏུང་བའི་གོ་སྐབས་དགོས། །
མིག་རྒྱང་རིང་པོར་བསྲིངས་པའི་སེམས་འདུན་དགོས། །
དགོས་པ་འདི་གསུམ་གཅེས་ཕྲུག་ཡོངས་ལ་དགོས། །
མཛའ་བརྩེ་མཐུན་བཞིར་འགྲན་པའི་འཆམ་མཐུན་དགོས། །
སྐྱིད་སྡུག་མཉམ་སྐྱེད་བྱེད་པའི་སྤོབས་པ་དགོས། །
པད་ཤག་ཕྱིར་དུ་ཕན་ཚུན་བསླུ་བྲིད་དོར། །
དགོས་པ་འདི་གསུམ་གྲོགས་ཀྱི་བར་ལ་དགོས། །
གོང་གི་དཔོན་ལ་ཟོལ་མེད་གུས་བཀུར་དགོས། །
འོག་གི་རིགས་ལ་ཤ་ཚའི་བྱམས་བརྩེ་དགོས། །
བར་གྱི་གྲོགས་ལ་འགྱུར་མེད་ཕྱི་ཐག་དགོས། །
དགོས་པ་འདི་གསུམ་ཨ་ཕའི་བུ་ལ་དགོས། །
སྤྱོད་གསུམ་མེ་ཏོག་མཛེས་པའི་འདུ་ཤེས་དགོས། །
དགེ་སྒྲུབ་སྡིག་སྤོང་ལས་ལ་རེམ་རེམ་དགོས། །
ཉམ་ཐག་སྐྱེ་བོར་གཟིགས་པའི་སྙིིང་རྗེ་དགོས། །
དགོས་པ་འདི་གསུམ་གྲྭ་བཙུན་ཞིག་གི་དཔལ། །
བྱམས་དང་སྙིང་རྗེ་བཅངས་པའི་རང་རིགས་གཤིས། །
རྨོངས་དད་བསྐྲད་ཅིང་ཚན་རྩལ་གཞིབ་པ་དགོས། །
ཕ་སྐད་ཉམས་པ་སོར་ཆུད་བྱེད་པའི་མཐུས། །
དགོས་པ་འདི་གསུམ་སྐྱེས་བུ་ཡོངས་ལ་དགོས། །
དམིགས་འདུན་ཞིག་གི་སླད་དུ་རྐང་པ་མདུན་དུ་འཇོག་བཞིན་ཡོད།
ང་ས་ལེ་སྦྲམ་གྱི་བང་མཛོད་ལ་ཞེན་པ་མ་ཆགས་ལ་།
ངས་མཐོ་བའི་གོ་འཕང་ལ་མི་དམིགས་ཤིང་།
གསང་གསུམ་སྒྱུ་འཕྲུལ་གྱི་ཁེ་ཕན་ལ་ཡང་འདོད་དོ།
སྐྱོ་གླུ་ཐར་ཐོར་རེ་ལེན་བཞིན་ཁེར་རྐྱང་དུ་ལུས་དུས།
ངས་རྡོག་བྲོ་ཁྱར་འཁྱོར་ཞིག་འཁྲབ་བཞིན།
མི་ཚོགས་ཀྱི་གྲལ་དཀྱིལ་དུ་འོངས་དུས།
ཤེས་ཡོན་གྱི་འགྲན་རྩོད་སླར་ཡང་ཛ་དྲག་ཆེ་ཡང་།
འབྱུང་འགྱུར་གྱི་ཕུགས་འདུན་བསམས་ཚེ།
ང་ད་དུང་ཨ་ཐང་ཆད་མེད།
མ་འོངས་པའི་ལམ་ཁ་ཀྱག་ཀྱོག་ཆེ་བའི་རྐྱེན་གྱིས།
མི་ཆོས་ཀྱི་རིག་གནས་ངས་སིལ་བུར་བཏང་།
དབང་གཞུ་དང་མཚུངས་པའི་མི་ཚེའི་རྨི་ལམ་ཞིག
ཁོ་བོས་གཡང་དུ་སྤྱུགས།
ཡིན་ན་ཡང་།
མིག་མདུན་གྱི་སྡུག་བསྔལ་ཙག་ཙིག།།
ཁོ་བོའི་སྒལ་ཚིགས་གནོན་ག་ལ་ཐུབ།
འཚོ་བ་དང་མཚུངས་པའི་ཟླ་ཆུ་སྔོན་མོའི་གཞུང་ན།
ཕུགས་འདུན་གྱི་གྲུ་གཟེངས་བསྒྱུར་ཅིང་།
མདུན་བསྐྱོད་ཀྱི་ལམ་ཁ་རུ།
ཟླ་ཆུའི་རྦ་རླབས་ཇི་འདྲའི་ཆེ་ཡང་།
ཁོ་བོ་ད་དུང་ཨ་ཐང་ཆད་མེད།
དེ་བས་ན།
གངས་སེང་གི་སྙིང་སྟོབས་དགུང་དུ་བཏེགས་ཏེ།
མདུན་བསྐྱོད་ཀྱི་དཀའ་ཚེགས་ཚལ་བར་གཤགས་འདོད།
དྲག་ཤུལ་ཁྲོ་བ་བགྲད་སྟེ་རྒྱལ་བ་བྱེད།
དྲན་དབང་དུ་ཚུད་རྒྱུའི་སེམས་འདུན་དེ་།
གོར་མ་རྡོའི་རིས་ལྟར་འགྱུར་བ་དབེན།
ཨ་ཨ།
ཁོ་བོ་ད་དུང་ཨ་ཐང་ཆད་མེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com