ཆབ་མདོ་མཐོ་འབྲིང་དང་པོའི་སློབ་བུ་ཚེ་དབང་མཐར་ཕྱིན་གྱི་རྩོམ་རིག་འོས་སྦྱོར།
སློབ་དུས་གསར་པའི་འཆར་གཞི།
དུས་ཀྱི་འཁོར་ལོ་བར་མེད་དུ་འཁོར་བས། ང་ཚོ་ཡང་སློབ་གཉེར་གྱི་སྐས་རིམ་གསར་པ་ཞིག་ལ་བསླེབས་སོང། མ་གཞིར་ང་ཚོར་ཤེས་རིག་དགའ་ཚལ་དུ་ཤེས་བྱའི་ཉིང་བཅུད་བཏུང་བའི་གོ་སྐབས་ལྡན་ཀྱང། སློབ་བུ་རྣམས་ཀྱིས་རང་མོས་ཅི་དགའ་ངང་དུ་དུས་འཁོར་སྐྱེལ་ཅིང་ལེ་ལོའི་བསླུ་བྲིད་ཀྱི་ཁུད་དུ་ཉལ་བ་ནི་ཤིན་ཏུ་མི་རིགས་པས། དེང་སྐབས་ཀྱི་ང་ཚོ་ནི་མཚར་སྣང་ཅན་གྱི་བྱིས་པ་མིན་པར་མཐོ་རིམ་སློབ་འབྲིང་གི་འཚོ་བར་སོན་པའི་ན་གཞོན་ཞིག་ཡིན་པས་རྐྱེན་གྱིས། ང་ཚོས་ངེས་པར་དུ་དུས་ཀྱི་གོམ་འགྲོས་དང་བསྟུན་ནས་མི་ཚེའི་འབྱུང་འགྱུར་ལ་གདམ་ག་དང་རང་གི་ཕུགས་བསམ་ལ་མནོ་བསམ་བྱེད་དགོས་ཤིང་སློབ་དུས་གསར་པ་འདི་ལ་དེ་བས་འཆར་གཞི་འཆུགས་སུ་མེད་པ་ཞིག་བཞག་དགོས་ངེས་རེད།
ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་སློབ་བུ་ཚོས་རང་ཉིད་ཀྱི་མ་འོངས་པའི་འཚོ་བ་དང་ཕུགས་བསམ་མངོན་འགྱུར་བྱེད་པའི་སླད་དུ་རང་ཉིད་ཀྱི་ཤེས་བྱའི་རིག་གནས་སྣ་ཚོགས་སྦྱང་བར་གཞོལ་བཞིན་ཡོད། ཇི་སྐད་དུ།“ཉིན་གཅིག་གི་འཆར་གཞི་འགྲུབ་མིན་ཞོགས་པ་ལ་རག་ལས”ཞེས་པ་དང“ལོ་ཇུས་ལེགས་ཉེས་དཔྱིད་ལ་རག་ལས”ཞེས་ཟེར་བ་བཞིན་ང་ཚོས་སློབ་དུས་གསར་པའི་འཆར་གཞི་འགྲུབ་མིན་ནི་རང་རང་སོ་སོ་ལ་རག་ལས་དགོས། དེ་བཞིན་སློབ་དུས་གསར་པ་འདི་ལ་ཞུགས་དུས་སུ། རང་ཉིད་ཀྱི་སྐྱོན་ཆ་མཐའ་དག་རྩྭ་ངན་ལྟར་སྤོང་དགོས་པ་ནི་རང་གཞན་ཀུན་གྱི་འགན་ཁྲི་ཞིག་ཏུ་བརྩིས་པར་ཁར། སྔར་ཡོད་ཀྱི་འདུ་ཤེས་བཟང་པོ་དར་སྤེལ་དུ་གཏོང་དགོས་ཤིང་ད་དུང་རིག་པའི་གནས་ལ་ཤེས་བརྩོན་ཟུང་གིས་འཇུག་རྒྱུའི་དམ་བཅའ་དང་ཐབས་ཤེས་ལག་ཏུ་བསྟར་ནས་མ་འོངས་འདུན་མ་གཉེར་རྒྱུ་ནི་མི་བུ་ཞིག་གི་སྤྱོད་ལུགས་ཡིན། དེ་བས་ང་ཚོས་དུས་གསར་པ་འདི་ལ་འཆར་གཞི་གསར་པ་ཞིག་འཇོག་རྒྱུ་ནི་སྔོན་འགྲོ་ཞིག་དང་། ཐབས་ལམ་ཞིག་ཡིན་པ་ནི་བདེན་དོན་འབའ་ཞིག་ཉིད། འཚོ་བ་ནི་དགའ་སྐྱོ་ཆགས་སྡང་གི་མི་ཚེའི་བརྒྱུད་རིམ་ཞིག་ཡིན། དེ་བཞིན་སློབ་སྦྱོང་གི་འཚོ་བ་ཡང་དགའ་སྐྱོ་འདྲེས་མ་ཞིག་ཡིན་ངེས་ལ། དཀའ་སྡུག་གི་འཚོ་བའི་རིགས་ཤིག་ཀྱང་ཡིན་སྲིད། དེ་དག་ནི་འཇིག་རྟེན་གྱི་ཆོས་ཉིད་དང་གོམས་གཤིས་ཀྱང་རེད། དེ་བས་ང་ཚོ་ན་ཆུང་སློབ་གཉེར་བ་དག་གིས་མནོ་བསམ་ཞིབ་མོ་གཏོང་ནས་རང་གི་སྙིང་རུས་དང་བརྩོན་པར་བརྟེན་ནས་མ་འོངས་འཚོ་བར་བཅོས་བསྒྱུར་དང་བཅིངས་འགྲོལ་གཏོང་རྒྱུ་ནི་ངེས་པ་དོན་གྱིས་ཕྱུག་པའི་ལས་དོན་ཞིག་ཡིན། དེ་ཡང་སྙན་གྲགས་ཅན་གྱི་གང་ཟག་ཅིག་གི་ངོས་ནས་བརྗོད་ན། དང་ཐོག་དཀའ་ངལ་གྱི་ཁུར་པོ་འཁུར་ནས་མཐར་སྐད་གྲགས་ཅན་གྱི་མི་ཞིག་ཏུ་གྱུར་བའི་བརྒྱུད་རིམ་དེ་ང་ཚོས་གསལ་པོར་ཤེས་དགོས། བོད་ཀྱི་ཁ་དཔེར“གོ་དགོས་ན་ཉན་དགོས། ཟ་དགོས་ན་ལས་དགོས”ཞེས་པ་ནང་བཞིན་ང་ཚོས་སྦྱང་འབྲས་གཡུར་དུ་ཟ་བ་ཞིག་ལེན་དགོས་ན་ངེས་པར་དཀའ་ངལ་ལ་མི་འཇེམ་ཞིང་དེའི་བློ་སྤོབས་་ཀྱང་ལྡན་དགོས་པ་དེ་ནི་མཐུན་རྐྱེན་ཅིག་རེད། དེར་བརྟེན། སློབ་དུས་གསར་པའི་ནང་དུ་རང་ཉིད་ཀྱིས་རང་དང་འཚམ་པའི་འཆར་གཞི་ལེགས་པོ་ཞིག་བཀོད་ནས་མ་འོངས་པའི་འདུན་ལམ་ལ་བསམ་གཞིགས་བྱེད་རྒྱུ་ནི་མིང་དོན་མཚུངསས་པའི་སློབ་མ་ཞིག་གི་བྱ་ལུགས་ཡིན།
ཤེས་ཡོན་གྱིས་ང་ལ་ཐག་རིང་དུ་བལྟ་བའི་མིག་དབང་གནང་ཞིང་བདག་གི་ལས་དབང་ལ་ཁ་ལོ་ཡང་བསྒྱུར་བྱུང། དེ་བས་ཁོ་བོས་བསམ་ན་ཤེས་ཡོན་ནི་འགྲོ་དྲུག་ཀུན་ལ་རིས་མེད་ཀྱིས་དྲོད་ཁོལ་གནང་བའི་ཉི་མ་དང་འདྲ་ལ་སྡུག་བསྔལ་རིས་མེད་དུ་མནར་བའི་དམྱལ་བའི་ཆོས་རྗེ་ཞིག་དང་ཡང་མཚུངས་པར་འདོད། ངོ་མ་རེད། ཤེས་ཡོན་ལ་ཕྱོགས་རིས་སྤུ་ཙམ་མེད་པས་ང་ཚོས་དྲང་ཐིག་གཅིག་གི་སྟེང་ནས་ཤེས་ཡོན་བརྩོན་པ་བྱེད་རྒྱུ་ནི་སློབ་མ་ཀུན་ལ་དབང་བའི་ཐོབ་ཐང་ཞིག་མ་རེད་དམ།
སློབ་དུས་ཀྱི་འཚོ་བ་ནི་སྐས་རིམ་ལ་འཛེགས་པའི་བརྒྱུད་རིམ་ཞིག་་དང་ཅི་མི་མཚུངས། དེ་ཡང་ཁོ་བོས་སློབ་དུས་གསར་པ་འཇོག་པའི་འཆར་གཞི་ནི། སློབ་དེབ་ཁག་གི་སྦྱངས་འབྲས་ཡོད་ཚད་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་རྒྱུ་དེ་ཡིན། དེ་བཞིན་དགེ་རྒན་གྱིས་སློབ་ཁྲིད་བྱེད་པའི་སྐབས་བསམ་པ་རྒྱ་ཡན་དུ་མི་གཏོང་བར་བློ་རྩེ་གཅིག་སྒྲིམ་དང་ལས་གཉེར་དུས་ཐོག་ཏུ་འབྲི་ནས་དགེ་རྒན་ལ་ཕུལ་རྒྱུ་སོགས་སྔོན་གྱི་སྤྱོད་ལུགས་ལས་ལྡབ་འགྱུར་གྱིས་ལེགས་པོར་ཆགས་རྒྱུ་དེ་ཡིན། ཇི་སྐད་དུ། “བློ་རྩེ་གཉིས་ཀྱིས་དོན་མི་འགྲུབ། ཁབ་རྩེ་གཉིས་ཀྱིས་གོས་མི་འདྲུབ”ཞེས་པ་བཞིན་དུ་དགེ་རྒན་གྱིས་འཆད་ཁྲིད་བྱེད་པའི་སྐབས་སུ་སློབ་བུས་ལུས་ངག་ཡིད་གསུམ་དགེ་རྒན་གྱི་ཕྱོགས་སུ་མི་གཏད་པར་འོག་ཏུ་གཏམ་ཤབ་ཤུབ་སྨྲ་བ་དང་ལྐོག་་ཏུ་རྩེད་མོ་རྩེ་བ། དཔེ་ཆ་གཞན་ལ་བལྟ་བ་སོགས་བྱེད་ན་གོང་དུ་འཆད་པའི་གཏམ་དཔེ་བཞིན་དོན་དག་གལ་ཆེན་བསྒྲུབ་མི་ཐུབ་ལ་འགྲུབ་ཀྱང་མི་ཐུབ། དེ་ལས་ང་ཚོས་ལེ་ལོ་དང་རྣམ་གཡེང་སོགས་ཀྱི་སྐྱོན་ཆ་རིང་ནས་སྤངས་ཏེ་སྒོ་གསུམ་དྲི་མ་མེད་པར་དགེ་རྒན་བཟང་པོར་གུས་བཏུད་ཅིང་སློབ་ཁྲིད་ཀྱི་ནང་དོན་མ་ལུས་སེམས་སུ་འཇོག་རྒྱུ་དང་མི་ཤེས་པ་རྣམས་དགེ་རྒན་ལ་བཀའ་འདྲི་བྱེད་དེ་རང་ཉིད་ཀྱི་སློབ་སྦྱོང་གི་སྦྱང་འབྲས་མཐོར་འདེགས་སུ་གཏོང་རྒྱུ་ནི་རང་གི་འཆར་གཞི་ལེགས་འགྲུབ་ཡོང་རྒྱུའི་གྲུབ་ཆ་དང་སློབ་མ་ཞིག་གི་འོས་འགན་ཞིག་ཀྱང་རེད།
སྔོན་བྱོན་མཁས་པའི་གསུང་ལས“རྒྱན་པོ་འགྱེད་དང་འདུས་ལ་བལྟ་བ་དང་།། ལེ་ལོ་སྡིག་པའི་གྲོགས་ལ་བསྟེན་པ་དང་།། ཆང་དང་མཚན་མོ་རྒྱུ་བ་ངན་སོང་བ༎ གྲགས་པ་ཉམས་པར་འགྱུར་བས་དེ་དྲུག་སྤོང་༎”ཞེས་ཁྲག་དང་རྔུལ་ཆུས་བསགས་པའི་དངུལ་ལོ་རྣམས་དེང་སང་སློབ་བུ་འགའ་ཡིས་འཛེམ་་མེད་ངང་རང་ལ་མཁོ་བ་མེད་པའི་ལས་ལ་སྤྱོད་ནས་ཉི་མ་འཁྱོལ་བར་འདུག་ལ་ཤོ་སྦག་སོགས་ལ་རྒྱན་འཛུགས་པ་དང་དྲ་ཁང་དང་ཨར་ཁང་སོགས་སུ་དངུལ་རྣམས་ཆུ་སྤྱོད་སྤྱོད་བྱེད་བཞིན་འདུག སློབ་མ་དེ་དག་ལ་ནི་སློབ་དུས་གསར་པ་དང་རྙིང་པ་ཅི་རིགས་སུ་སློབ་སྦྱོང་གི་འཆར་གཞི་ཞེས་པ་ནི་ཁོ་ཚོ་དང་འབྲེལ་བ་གཏན་ནས་མེད་པ་ལྟར་དུ་འདུག་ཅིིང་ལྷག་པར་དེ་དག་ལ་མ་་འོངས་ཕུགས་བསམ་་ཞེས་གླེང་ཡང་བོང་བུའི་རྣ་ཅོག་སྐམ་པོར་གསེར་བྱོ་བའི་དཔེ་བཞིན་དགའ།
སློབ་ཕྲུག་དེ་རིགས་ལ་བདག་རང་སེམས་གཏིང་ནས་ཤ་ཞིག་ཚ་བར་ཐལ་ལ་སུན་སྣང་ཡང་སྐྱེས་སོང་། དེ་བས་བུ་ཆུང་བདག་གིས་སེམས་གཏིང་གི་སྙིང་གཏམ་དྲོན་མོ་ཞིག་འཆད་པར་འདོད། སློབ་བུ་ལགས། ང་ཚོ་ནི་མ་འོངས་མེས་རྒྱལ་དང་གངས་ལྗོངས་གསར་པའི་བློ་འགེལ་ས་ཡིན་པས། ད་ནས་བཟུང་སྟེ། སྤོབས་པ་ཆེར་བསྐྱེད་ཀྱིས་ཉེས་པ་རྒྱུ་དྲུག་སྤང་སྟེ་སློབ་སྦྱོང་ལ་བསམ་པའི་ཁ་ལོ་སྐྱོག་པ་དང་། དགོན་པར་ཁྲིམས་མེད་ན་དམ་ཉམས་ལུང་པ་གང་ཞེས་པའི་དཔེ་ལྟར་ཐོག་མཐའ་ཀུན་ཏུ་རང་གིས་རང་ཉིད་ནི་སློབ་མ་ཞིག་ཡིན་པར་ཤེས་དགོས་ཤིང་སློབ་གྲྭའི་སྒྲིག་ཁྲིམས་སྲུང་རྒྱུ་ནི་དོན་ཀུན་འགྲུབ་རྒྱུའི་རྩ་བ་ཡིན། ལྷག་པར་དུ་སློབ་དུས་གསར་པ་ཞིག་ལ་སློབ་སྦྱོང་གི་འཆར་གཞི་ལེགས་པོ་ཞིག་བཀོད་དེ་རང་གི་ལང་ཚོའི་དུས་སྐབས་ཆུད་ཟོས་སུ་མི་གཏོང་བར་ཤེས་རིག་གི་ཉིང་བཅུད་འཐུང་ན་དགའ་བར་སྙམ།
དེ་ཡང་སྔོན་བྱོན་མཁས་པས་གསུངས་པའི“མཁས་པ་ཡོན་ཏནདཔག་མེད་ཀྱང་། གཞན་གྱི་ཡོན་ཏན་ཆུང་ངུའང་ལེན”ཅེས་པའི་དོན་གྱི་ཉིང་བཅུད་བླངས་ཏེ་ཐོས་འཚོལ་གྱི་ལམ་བུ་ཁྲོད་དུ་ང་མཐོང་ང་ཆེའི་མགོ་འཕང་མ་བཏེག་ནས་ཁེངས་སྐྱུང་དང། གུས་ལུགས། དེ་བཞིན་བརྩོན་སེམས་ཀྱིས་རིག་པ་ཀུན་ལ་རིས་མེད་དུ་སྦྱོང་རྒྱུ་ནི་ཧ་ཅང་གལ་ཆེ། དེའི་ཁར་རང་ཉིད་དང་འཚམ་པའི་སློབ་སྦྱོང་གི་ཐབས་ཤེས་ཡག་པོ་ཞིག་འཚོལ་དགོས་པ་མ་ཟད་ཐབས་ཤེས་དེ་ལག་ཏུ་བསྟར་དགོས།
བདག་གི་སློབ་དུས་གསར་པའི་འཆར་གཞི་གཙོ་ཆེ་ཤོས་ནི་རིག་པ་ཁག་ལ་སྦྱོང་བརྩོན་བྱེད་རྒྱུ་ནི་སྨོས་མི་དགོས་པའི་ཁར། ལྷག་པར་བོད་རང་ཉིད་ཀྱི་སྐད་ཡིག་ཕྱོགས་ལ་བརྩོན་པའི་སྲོག་གི་དབང་པོ་བསྟིམ་དགོས་ཀྱང་། འདི་ཉིད་མི་ཉམས་གོང་སྤེལ་མཛད་རྒྱུའི་དམ་བཅའ་རི་མོ་སྙིང་ག་རྡོ་ཡི་ངོས་སུ་བརྐོས་ཡོད། དེ་ནི་བདག་གི་འཆར་གཞི་རྟག་བརྟན་ཅིག་ཡིན་པ་དང་ཁྱོད་རྣམ་པར་སྐུལ་བའི་སྙིང་གཏམ་ཚིག་གསུམ་མམ་རང་གི་སྐད་ཡིག་ལ་གཅེས་འཛིན་བྱེད་དགོས་པའི་འདུ་ཤེས་ཤིག་ཆགས་ཐུབ་པའི་རེ་སྨོན་ཀྱང་ཡིན།
སློབ་གྲོགས་ལགས། དུས་ཚོད་ལ་ཕྱིར་ལྡོག་མེད་ཅིང་དར་བབས་ཐོས་འཚོལ་གྱི་དུས་སྐབས་འདི་ཡང་འུ་ཚོ་འཚར་ལོངས་བྱུང་བའི་ཞོར་དུ་རིམ་བཞིན་ལ་ཁའི་ཉི་མ་ཇི་བཞིན་དུ་ཡལ་བཞིན་འདུག མཐོ་འབྲིང་གི་ལོ་གསུམ་ནི་དེར་འཐབ་རྩོད་བྱེད་དགོས་པའི་དུས་སྐབས་དང་མ་འོངས་མི་ཚེའི་ཁ་ཕྱོགས་བྱེད་པོ་ཞིག་ཡིན་པ་ནི་ཀུན་གྱིས་ཤེས་གསལ་ལགས་མོད། འོན་ཀྱང་། འུ་ཚོ་འདི་ལྟར་སྒྱིད་ལུག་གི་མལ་དུ་ཉལ་ནས་བསྡད་ན། མ་འོངས་མེས་རྒྱལ་དང་གངས་ལྗོངས་ལ་སྨན་པའི་ལས་དོན་ཞིག་བསྒྲུབ་རྒྱུ་ཕར་ཞོག ཐ་ན་རང་གི་མི་ཚེ་ཧྲིལ་པོ་ཡང་སྤྱི་ཚོགས་ཀྱི་གད་སྙིགས་དང་དུས་རབས་ལ་མཁོ་མེད་བ་མེད་པ་ཞིག་ཏུ་འགྱུར་ཉེས་ཡོད་པས། ད་ནས་བཟུང་སྟེ། སློབ་དུས་གསར་པ་ལ་འཆར་གཞི་དང་རང་གི་མི་ཚེ་ལ་ཁ་དོག་བསྐྲུན་པའི་རིག་པའི་པིར་རུ་སྙིང་རུས་ཚོན་གྱི་ཁུ་བ་བླུག་རྒྱུ་ནི་ང་ཚོ་ཀུན་་་གྱི་འོས་འགན་ཉག་ཅིག་ལགས།
དགེ་རྒན་གྱི་དཔྱད་གཏམ།
སློབ་བུ་ཁྱོད་ནི་རང་རིགས་ལ་ཞེན་པ་དཀར་བའི་ཕུལ་བྱུང་གི་སློབ་ཕྲུག་བཟང་པོ་ཞིག་ཡིན་ངེས་འདུག ཁྱོད་ཀྱི་རྩོམ་ཡིག་ནང་དོན་ཕུན་སུམ་ཚོགས་ཤིང་མཁས་པའི་ལུང་དྲངས་བ་མང་བའི་རྩོམ་ཡིག་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན། རེ་བར་མུ་མཐུད་འབད་བརྩོན་བྱ་དགོས། །
རྒན་བསོད་ནམས་ཆོས་སྐྱིད་ཀྱིས།
ཨ་མ་དྲན་པའི་གདུང་བ།
བྱམས་ལྡན་གྱི་སྐྱེས་མ་ལགས། སྐྱིད་ལ་སྡུག་པའི་འཇིག་རྟེན་མི་ཡུལ་འདི་རུ་ཁྱེད་མེད་ན་ཁོ་བོས་དལ་བརྒྱད་འབྱོར་བཅུ་ཚང་བའི་འགྲོ་བ་མི་ཡི་མཚན་ཉིད་གླེང་མི་ཐུབ། མ་ཡུམ་ཁྱེད་ནི་འགྲོ་བ་མཐའ་དག་གི་རྟེན་གཞི་དང་མ་མ་ཡིན་པས་ཁྱེད་ཀྱི་དྲིན་ལན་ནི་ནམ་ཡང་འཇལ་དཀའ་བ་ཞིག་རེད།
ཨ་མ་ལགས། ཁྱེད་ནི་ངའི་ཚེ་སྲོག་གི་འབྱུང་རྩ་དང་ལང་ཚོའི་ཟུངས་ཁྲག་གི་འབྱུང་གནས་ཡིན་ལ། ཁྱེད་ཡོད་པས་བདག་ནི་འགྲོ་བ་མི་ཡི་གྲལ་དུ་ཚུད་པར་གྱུར་ཡོད། ངོ་མ་མ་ཡུམ་ཁྱེད་ཀྱི་བཀའ་དྲིན་ནི་ནམ་མཁའ་ལས་ཡངས་ལ་རྒྱ་མཚོ་ལས་ཀྱང་ཟབ་འདུག
ཀྱེ་ཀྱེ། བདག་གི་སྐྱེས་མ་ལགས། ཁྱེད་ཀྱིས་ཁྱིམ་གཞིའི་འཚོ་བའི་ཆེད་དུ་རྩ་རིའི་སྨྱུག་མ་ལྟ་བུའི་སྐུ་གཟུགས་འདི་ཉིད་འཁྱོག་པོར་གྱུར་སོང་མོད། འོན་ཀྱང་། ཁྱེད་ལ་ཕངས་སེམས་དང་འགྱོད་སེམས་སྤུ་ཙམ་མེད་ཁར་མུ་མཐུད་བུ་ཕྲུག་གི་མ་འོངས་པའི་འཚོ་བ་ལ་བདེ་སྐྱིད་བསྐྲུན་པར་རེམ། དེ་བས་ལོ་ཟླའི་འགྲོས་དང་བསྟུན་ནས་ཁྱེད་ཀྱི་དཔྲལ་བའི་གཉེར་མ་ཇེ་མང་ཇེ་མཁྲེགས་སུ་གྱུར་ཅིང་མགོ་སྐྱེས་ཀྱི་སྐྲ་ལོར་དཀའ་སྡུག་གི་བ་མོས་གཡོགས་ཀྱང་ཁྱེད་ལ་དཀའ་སྡུག་གི་སྣང་བ་སྤུ་ཙམ་མི་འདུག བསམ་ཞིང་བསམ་དུས་ངས་ཨ་མ་ཁྱེད་ལྷག་པར་དྲན་ལ་དྲན་གྱིན་དྲན་གྱིན་བདག་རང་དབང་མེད་པར་སྐྱོ་གདུང་གི་གཡང་དུ་ལྷུང་སོང་།
རྒྱ་མཚོའི་མར་གསར་གྱི་འཛུམ་དཀར་ཕྱོགས་སུ་གྲོལ་བའི་ཁུ་སིམ་སིམ་གྱི་མཚན་མོ་འདིར། ཡོད་ཚད་གཉིད་དུ་ཡུར་བའི་དུས་སུ་ངས་ཤར་རི་རྩེ་ཡི་དུང་ཟླའི་བྱད་གཟུགས་དང་བྱམས་བརྩེའི་བསིལ་ཟེར་མྱངས་ཤིང་རོལ་ཚེ་ངས་རང་གི་ཕ་ས་དྲོན་མོར་བཞུགས་པའི་ཨ་མ་ཁྱེད་རང་སྙིང་ནས་དྲན་བྱུང་། སྐབས་དེར་ངའི་ཁྲ་ཆུང་མིག་ལམ་དུ་ཁྱེད་ཀྱི་སྐུ་གཟུགས་རབ་རིབ་དུ་སྣང་ལ་ང་རང་ཁྱེད་ཀྱི་པང་དུ་བདེ་བར་གཟིམས་པའི་སྣང་བ་ཞིག་ཀྱང་ངང་གིས་སྐྱེས་བྱུང་། ཡིན་ཡང་། དེ་ནི་སྣང་བ་ཙམ་ལས་དོན་དངོས་ལས་དང་རྒྱང་ཐག་ཤིན་ཏུ་རིང་བས་བདག་གི་མིག་མཐའ་མཆི་མས་བྲན་ཅིང་སེམས་ལ་སྐྱོ་གདུང་སྐྱུར་མོ་ཞིག་ཀྱང་ལངས་སོང་།
ཨ་མ་ལགས། ད་ལྟ་ངའི་སེམས་སུ་མ་བུ་གཉིས་གྱེས་པའི་གདུང་བའི་རྦ་རླབས་མཁའ་ལ་འཕྱོར་ལ་ངས་ཁྱེད་རང་དྲན་པའི་གདུང་བ་ཞིག་ལས་ཁྱེད་ཀྱི་ལམ་དུ་མྱུར་བར་ལོག་ཐུབ་ན་ཅི་མི་སྙམ་པའི་རེ་སྨོན་ཞིག་ཀྱང་སྐྱེས་སོང་། འོན་ཀྱང་ངའི་རྣ་ལམ་དུ་ཁྱེད་ཀྱི་བདག་ལ་གནང་བའི་རིན་ཆེན་གསེར་ལས་ལྷག་པའི་བསླབ་བྱ་དང་སློབ་ལ་འབད་བརྩོན་བྱེད་དགོས་པའི་སྐུལ་མའི་ཚིག་གི་རོལ་མོ་སོགས་ཡིད་ལ་འཁོར་ཚེ། ངས་སླར་ཡང་ཁྱེད་དང་རང་གི་ཕ་ཡུལ་ལ་སེམས་འཕྲིན་མང་པོ་ཞིག་ད་དུང་སེམས་ཀྱི་གཏིང་དུ་རུམ་ཡོད་པ་ཚོར་དུས། ངས་ད་ལྟའི་བྱ་ལུགས་སོགས་ལ་སེམས་ཀྱི་གཏིང་ནས་འགྱོད་པ་སྐྱེས་ལ་སྡུག་བསྔལ་ཅིག་གིས་མགྲིན་པ་བརྣང་ལ་དངངས་སྐྲག་ཅིག་གིས་ལུས་པོ་འདར་བའི་ལྷན་དུ་མིག་ཆུའི་ཕྲེང་ཐག་རིང་ནས་རིང་དུ་ལྷུང་བྱུང་།
མི་རིགས་དང་ཕ་སྐད་ལ་བཅངས་པའི་བརྩེ་བ་དྭངས་མ།
གངས་རིའི་ར་བ་མུ་ཁྱུད་དུ་བསྐོར་བའི་སཱ་ལའི་སྨན་ལྗོངས་ཀྱི་ཀུན་བཟོད་སྣོད་ཀྱི་ལྟེ་བ་རུ་འཚོ་ཞིང་བཞེས་པའི་ང་ཚོ་འགྲོ་བ་མིའི་རིགས་བྱུང་བ་ནས་བཟུང། ཕན་ཚུན་བརྡ་སྤྲོད་དང་འབྲེལ་འདྲིས་བྱེད་སའི་བརྒྱུད་ལམ་གཙོ་བོ་ནི་སྐད་ཆ་ཡིན་སྟབས། སོ་སོའི་སྐད་ཆ་འདི་བེད་སྤྱོད་བྱས་ནས་ཡུན་རིང་འགོར་ཡོད། རྗེས་སུ་སྐད་ཆའི་དགོས་མཁོ་དང་བསྟུན་ནས་མི་རིགས་རང་གི་སྐད་དང་ཡོངས་སུ་མཐུན་པའི་ཡི་གེ་འདི་གསར་གཏོད་མཛད་ཡོད། དེ་ཡང་སྐད་རིགས་ཅི་འདྲ་ཞིག་ཡིན་ཡང་ཐོག་མ་ཉིད་ནས་ཕུན་སུམ་ཚོགས་ཤིང་ཆ་ཚང་བ་ཞིག་མིན་པ་ནི་སྨོས་ཅི་དགོས། ཡིན་ཡང་དུས་རབས་ཀྱི་གོམ་འགྲོས་དང་བསྟུན་ནས་རང་མི་རིགས་ཀྱི་སྐད་ཡིག་ཆེན་མོ་འདི་ཡང་འཐུས་སྒོ་ཇེ་ཚང་དུ་འགྲོ་ཡོད་པ་ནི་བསྙོན་དུ་མེད།
སྐད་ཡིག་ནི་མི་རིགས་ཤིག་གི་མཚོན་རྟགས་དང་གྲུབ་ཆ་གཙོ་བོ་ཞིག་ཡིན་པས་སྐྱེ་བོ་ཀུན་གྱི་སེམས་ཁོང་གི་གཅེས་ནོར་ལྟར་དུ་འཛིན་སྐྱོང་བྱ་དགོས། དེ་བཞིན་བོད་ཡིག་ནི་བོད་མི་རིགས་ཀྱི་སྐད་དང་ཡོངས་སུ་མཐུན་པའི་བརྡ་སྤྲོད་ཀྱི་གཞུང་ལུགས་ཡིན་པས་དེ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེན་ཞིག་ཡིན།
ཀྱེ་མ་ཀྱི་ཧུད། སྔོན་སོང་འོད་སྟོང་འབར་བའི་ལོ་རྒྱུས་ཀྱིས་ད་ལྟའི་ཚབ་བྱེད་མི་རུང་ཞིང་སྔོན་བྱོན་མཁས་དབང་རྣམས་ཀྱིས་མི་རིགས་འདི་ཡི་མཐར་ཐུག་གི་དོན་དུ་དཀའ་ངལ་གང་ལའང་མ་འཛེམ་པར་སྐད་ཡིག་འདི་འཐུས་ཚང་དུ་བཏང་ཡོད་མོད། དེང་གི་བོད་མི་ཕལ་ཆེ་བས་སྔོན་བྱོན་མཁས་པའི་ཁྲག་དང་རྔུལ་ཆུས་བསྐྲུན་པའི་འབྲས་བུ་རྣམས་བེད་སྤྱོད་དང་གཞན་ལ་ངོམ་རྒྱུ་ཕར་ཞོག ད་དུང་དེ་ལ་མཐོང་ཆུང་དང་དམའ་འབེབས་བྱེད་པས་དེ་ལྟར་བྱས་ན་མི་འོས་སོ།།
ཁ་བ་རི་བོའི་སྤུན་གྲོགས་ཚོ། གླིང་འདིའི་མི་རིགས་གང་དང་གང་ཞིག་ཡིན་ཡང་། སོ་སོའི་སྐད་དང་ཡི་གེ་ནི་མི་རིགས་གང་དེའི་སྲོག་ཤིང་ལྟ་བུར་གྱུར་ཡོད་པ་དང་སྲོག་ཤིང་དེ་ཡང་མི་རིགས་དེའི་སྐྱེ་བོ་ཀུན་དང་ལྷག་པར་དུ་ཕྱི་རབས་རྣམས་ཀྱིས་གཅེས་སྐྱོང་བྱེད་དགོས་པ་ནི་མི་རིགས་ཀུན་གྱི་གོམས་འགྲོས་ཤིག་དང་འཛམ་གླིང་ཡོངས་ཀྱི་ཆོས་ཉིད་ཅིག་ཀྱང་རེད། དེ་བཞིན་རང་རེའི་བོད་ལ་མཚོན་ན་བོད་ཀྱི་སྐད་ཡིག་འདི་ཉིད་རིང་ནས་བསྐྱང་རྒྱུའི་ལས་དེ་ནི་བོད་མི་སྤྱི་དང་། ལྷག་པར་བོད་གངས་ཅན་གྱི་ཕྱི་རབས་པ་དུ་མའི་གཉའ་ཐོག་ཏུ་བབས་པའི་འོས་འགན་ཅིག་ཡིན་པས་ཕྱིར། ང་ཚོ་ཕྱི་རབས་པ་རྣམས་ཀྱིས་སྒོ་གསུམ་གྱི་དྲི་མ་ལ་ལུས་བཀྲུས་ནས་གངས་ཅན་བོད་ཀྱི་སྲོག་ཤིང་ལྟ་བུར་གྱུར་བའི་སྐད་ཡིག་ཆེན་མོ་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུ་ནི་བོད་པའི་བུ་ཕྲུག་ཅིག་གི་མི་ཚེའི་འོས་འགན་འབའ་ཞིག་ཏུ་ངེས།
རང་རེའི་ལྗོངས་ཀྱི་སྐད་ཡིག་འདི་ཉིད་ནི་སྤྱི་ལོ་དུས་རབས་བདུན་པའི་དུས་དཀྱིལ་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོས་མི་རིགས་རང་ལ་སྐད་དང་ཡི་གེ་མེད་པའི་གནས་བབ་དངོས་ལ་དམིིགས་ཏེ་བློ་གསལ་བློན་པོ་ཐོན་མི་རྒྱ་གར་དུ་ཡི་གེ་སློབ་པར་མངགས། འདང་ཞིག་རྒྱོབ་དང་། སྤུན་ཟླ་ལགས། དེང་གི་སྐྱེ་བོ་འགའ་ཤས་ཀྱིས་སྣང་མེད་དུ་འཇོག་བཞིན་པའི་བོད་ཀྱི་སྐད་ཡིག་འདི་ནི་སློབ་དཔོན་ཐོན་མིས་ལམ་བགྲོད་པར་དཀའ་བའི་ངལ་བ་དང་ཚ་གྲང་བཀྲེས་སྐོམ་གྱི་སྡུག་བསྔལ། དེ་བཞིན་སྐད་བརྡ་མི་འཕྲོད་པའི་ངལ་བ་དུ་མ་ཁྱད་དུ་བསད་ནས་ཐུ་བྷོའི་མ་འོངས་པ་དང་བོད་གདོང་དམར་ཀུན་གྱི་འཚོ་རྟེན་གྱི་ཆེད་དུ་རྒྱ་གར་ནས་ཡིག་རིགས་དུ་མ་སྦྱངས་པ་མཐར་ཕྱིན་པར་མཛད་ནས་མཐར་བོད་མི་རིགས་ཀྱི་སྐད་ཡིག་འདི་ཉིད་གསར་དུ་གཏོད་ཡོད། ལོ་རྒྱུས་ལ་ཕྱིར་བལྟ་ཞིག་བྱེད་དང་། བསིལ་ལྡན་བོད་ཀྱི་ལྗོངས་སུ་མི་རིགས་རང་གི་སྐད་དང་ཡོངས་སུ་མཐུན་པའི་དབྱངས་གསལ་སོ་བཞི་དར་བ་ནས་བཟུང་། བོད་ཀྱི་ཆབ་སྲིད་དང་དཔལ་འབྱོར། ཆོས་ལུགས་བཅས་ལ་འཕེལ་རྒྱས་ཅི་ཙམ་ཞིག་བྱུང་ཡོད་པ་མིག་མཐོང་ལག་ཟིན་རེད། དེ་བས་མི་རིགས་ཀྱི་སྐད་ཡིག་དེས་མི་རིགས་ཀྱི་འཕེལ་རྒྱས་ལ་ཤུགས་སྣོན་བྱེད་པའི་དངོས་ཡོད་གནས་ཚུལ་ལ་དམིགས་ནས་ད་ནས་བཟུང་སྟེ་རང་རེའི་ཁ་བ་ཅན་གྱི་སྐད་དང་ཡི་གེར་དུངས་བ་ཆེས་ཆེར་དང་བརྩོན་པ་ལྷུར་ལེན་བྱ་རྒྱུ་གཞིར་བཞག་བྱས་ནས་མི་རིགས་གཞན་གྱི་སྐད་དང་ཡི་གེའི་ཕུན་སུམ་ཚོགས་པའི་ཆ་དང་ཚན་རིག་གི་ཤེས་བྱ་ཀུན་གྱི་ལེགས་ཆ་ཕྱོགས་སུ་བཏུས་ནས་རང་མི་རིགས་ཀྱི་སྐད་ཡིག་དར་རྒྱས་སུ་གཏོང་དགོས་པ་ལས་རང་གིས་རང་མི་རིགས་ཀྱི་སྐད་དང་ཡི་གེ་ལ་མཐོང་ཆུང་བྱེད་པ་ནི་རང་སྡུག་རང་གིས་ཉོས་པ་ལས་གཞན་ཅི།
སྤུན་ཟླ་ལགས། ཡང་གཅིག་བཤད་ན་ཁོ་བོས་རང་གི་སྐད་ཡིག་འདི་ལ་དུངས་སེམས་ཆེས་ཆེར་བཅངས་དགོས་ཟེར་བར་ཁྱོད་ཀྱིས་ཀྱང་བོད་ཡིག་འདི་ཉིད་རིན་ཆེན་དང་དར་གོས་སྣ་ཚོགས་ཀྱི་བསྒྲོན་ཏེ་ཁྱིམ་གྱི་ཕུག་ཏུ་གཡང་རྟེན་ཇི་བཞིན་རེག་མེད་ཚོར་མེད་དུ་བཞག་ནས་དེ་ལ་གུས་པའི་ཕྱག་འཚལ་ཅིང་རེ་བའི་སྨོན་ལམ་འདེབས་ན་ཁྱོད་ནི་གོ་བ་མེད་པའི་གླང་རྒན་དང་གཉིས་སུ་མི་འདུག་ཅེས་སྡིགས་ན་འུད་ཤོབ་མིན། ད་དུང་གཞན་རིགས་ཀྱིས་སྔར་བཞིན་བོད་མི་རིགས་འདི་རྨོངས་དད་དང་སྒྱིད་ལུག་རེད་ཅེས་འཕྱ་ངེས་རེད། ཁོ་བོས་བོད་སྐད་ཡིག་འདི་འཕེལ་རྒྱས་སུ་གཏོང་དགོས་ན་ངེས་པར་ང་ཁྱོད་ཀུན་གྱིས་སྙིང་ལ་རུས་པ་བསྐྱེད་ནས་རང་མི་རིགས་ཀྱི་སྐད་་ཡིག་ལ་འབད་བརྩོན་བྱ་དགོས་ཞེས་ཟེར་བཞིན་ཡོད། འཇིག་རྟེན་འདི་ན་བརྩོན་གྲུས་ཀྱིས་མ་ཐུག་མ་རེག་པའི་དོན་དག་གང་ཞིག་ཕུན་སུམ་ཚོགས་པོར་ཡོང་བ་ནི་མཁའ་ཡི་པདྨོའི་ཚུལ་དུ་གདའ། དེ་ཡང་ཇི་སྐད་དུ“སྔོན་ཆད་ང་དང་ཁྱེད་གཉིས་མཉམ་པ་ལ་ཁྱེད་ནི་བརྩོན་འགྲུས་ཆེ་བས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ། ང་ནི་ལེ་ལོ་ཆེ་བས་འཁོར་བར་འཁྱམས”ཞེས་པའི་དཔེ་ལྟར་དེང་གི་དུས་འདིར། སྤུན་ཟླ་མི་རིགས་གཞན་གྱིས་རང་རང་གི་སྐད་ཡིག་དང་ཚན་རིག་ཤེས་བྱའི་འཕུར་གྲུར་བརྟེན་ནས་སྐབས་གསུམ་ལྷ་ཡི་ཡུལ་དང་ཟླ་བའི་གོ་ལར་བསྐྱོད་དུས་རང་རིགས་རྣམས་ནི་རྨོངས་དད་དང་མཁྲེགས་འཛིན་གྱི་མུན་ཀློང་དུ་འཁྱམས་པར་སྤྱུགས་བསམ་མམ། འུ་ཅག་མི་རིགས་ཀྱི་རེ་བ་དང་མ་འོངས་པ་ནི་ང་ཚོ་ཡིན་པས། འབྱུང་འབྱུར་མི་རིགས་འདི་ཉིད་སྣང་གསལ་གྱི་ཁམས་དང་མུན་པའི་སྨག་ཏུ་རྫོང་མི་རྫོང་མི་ནི་ང་ཚོའི་བརྩོན་པ་དང་ཚུལ་ལུགས། དེ་བཞིན་འདུ་ཤེས་དང་སྤྱོད་པ་བཅས་ལ་རག་ལས་ཐུབ།
ཁོ་བོས་སྐད་ཡིག་འདི་ལ་བརྩོན་པ་ཆེར་བསྐྱེད་ཀྱིས་སྦྱོང་དགོས་ཞེས་པ་ལ་ཡང་ངེས་པ་ཆེས་ཆེན་ཞིག་ཡོད་དེ། ང་ཚོས་གཅིག་ཏུ་སྔོན་བྱོན་མཁས་དབང་རིམ་བྱོན་གྱི་མི་ཚེའི་ལྟ་བ་དང་རིག་གནས་ལ་འཛིན་པའི་ལྟ་བ། ད་དུང་སྙིང་སྟོབས་བཅས་ལ་སློབ་སྦྱོང་བྱེད་རྒྱུ་དང་གཉིས་སུ་མཁས་དབང་རྣམས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བར་ཁོང་རྣམས་ཀྱི་རེ་བ་དོན་དུ་གཉེར་་བར་འབད་པ་བརྒྱ་དང་བརྩོན་པ་སྟོང་གིས་མདུན་བསྐྱོད་ཀྱི་གོམ་ཁ་བསྒྱུར་དགོས། འཇིག་རྟེན་གྱི་ཁ་དཔེར“ཕག་ལ་སྣ་དགོས། མི་ལ་བློ་དགོས”ཞེས་པའི་དཔེ་ལྟར་ང་ཚོས་ཞིབ་མོ་བློ་ཡིས་བོད་རང་གི་རིགས་གནས་ལ་ཅ་འབྱིད་ཡང་དག་པ་ཞིག་བྱ་རྒྱུ་ཡང་གནད་ཀྱི་དམ་པ་རེད། གལ་ཏེ་རང་རེ་རྣམས་ཀྱིས་རྨོངས་ཚོད་ཀྱི་དེང་གི་གསར་བྱུང་རིག་གནས་དང་སྲོལ་རྒྱུན་རིག་གནས་བཅས་ལ་མིག་བཙུམ་འཇུག་པར་རྩོམ་ན་དེ་ནི་བོད་མི་རིགས་ཀྱི་རྨོངས་དད་ཀྱི་གདོང་འབག་རྗེན་པར་སྟོན་པའི་རྟགས་མཚན་ཞིག་མ་ཡིན་ནམ། བདག་གིས་བསམ་ན་འུ་ཚོས་མི་རིགས་རིག་གནས་ཀྱི་ཉིང་བཅུད་བླང་ཚེ། ངེས་པར་དུ་གང་ཞིག་དུས་དང་མཐུན་མིན་དང། གང་ཞིག་མི་རིགས་འདིའི་འཕེལ་རྒྱས་ལ་མཁོ་མིན། དེ་བཞིན་གང་ཞིག་མི་རིགས་འདིའི་སེམས་ཁམས་དང་ལོ་རྒྱུས་དུས་རབས་བཅས་ལ་མཐུན་མིན་གྱི་དབྱེ་་་ཞིབ་ནན་པོ་མཛད་རྒྱུ་ནི་ཧ་ཅང་གལ་ཆེ་བར་སྙམ། ད་གཟོད“སྐད་རིགས་ཐམས་ཅད་ཤེས་ན་བཟང་མོད་ཀྱང་། རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན”ཅེས་པའི་ཚིག་གིས་རང་ལ་དུས་དང་རྣམ་པ་ཀུན་ཏུ་སྐུལ་སློང་མཛད་ནས་ཕ་སྐད་ཕྱོགས་སུ་སྒོ་གསུམ་གཙང་མའི་གོམ་པ་ཤུགས་ཀྱིས་སྤོས་དགོས།
འཛམ་གླིང་གི་དཀར་ངོགས་འདི་རུ་འཚོ་བའི་མི་རིགས་དང་རྒྱལ་ཁབ་ཅི་འདྲ་ཞིག་ལ་བལྟས་ན་དཔལ་འབྱོར་དར་རྒྱས་སུ་ཕྱིན་ཡོད་པའི་མི་རིགས་དང་རྒྱལ་ཁབ་གང་དེའི་སྐད་དང་ཡི་གེ་བཅས་ཀྱི་དར་ཁྱབ་ཆེ་ལ་གཅིག་གྱུར་ཡོང་འདུག་པ་ཨེ་མཐོང་། འོན་ཀྱང་རང་རེའི་བོད་ནི་རྗེས་ལུས་ཀྱི་འདམ་དུ་ཐིམ་དང་འཐིམ་མུས་སུ་མཆིས་པ་འདི་གཅིག་ནས་རང་རེའི་བོད་ལ་སྐད་དང་ཡི་གེ དེ་བཞིན་མི་ཆོས་རིག་གནས་གཙང་མ་ཞིག་ལྡན་མོད་འུ་ཚོ་སྐྱེ་བོ་རྣམས་ནི་བླང་དོར་གྱི་བློ་གྲོས་མི་ལྡན་ཞིང་རྨོངས་དད་ཀྱི་བློ་མོས་ཆེ་བས་དབང་གིས་རིག་གནས་འདི་ལ་ནག་ནོག་གི་དྲི་མ་བགོས་ཤིང་ལྷ་ཆོས་རིག་གནས་ཀྱི་འོག་ཏུ་གནའ་ནས་ད་ལྟའི་བར་དུ་འཇིག་རྟེན་མི་ཡི་མཐུ་ནུས་མ་མཐོང་བར་གཉའ་སྒུར་སྒུར་བྱས་ནས་སྡོད་པའི་རྐྱེན་ཡིན་ལ། མི་བུ་རང་ལ་ལ་རྒྱ་དང་འཐབ་རྩོད་ཀྱི་སྙིང་སྟོབས། དེ་བཞིན་དེང་གི་སྣང་ཚུལ་ལྟར་ཨ་གསར་ཆེ་བའི་དབང་གིས་སོ།།
ངའི་སྙིང་གི་དུམ་བུ་ཡ། བོད་ཀྱི་སྤུན་ཟླ་ལགས། སྔོན་སོང་གི་ལོ་རྒྱུས་དང་མ་འོངས་པའི་ལམ་ཁར་ང་ཚོར་ཡོད་རྒྱུ་ནི་བོད་ཀྱི་སྐད་ཡིག་དྭངས་མ་འདི་ཡིན་པས། ད་ནས་བཟུང་སྟེ་ང་ཚོས་དཔུང་པ་མཉམ་གཤིབ་ཀྱིས་སྔོན་མཁས་དབང་རིམ་བྱོན་བཞིན་སྙན་གྲགས་འཛམ་གླིང་ལ་ཁྱབ་པའི་དོན་ཆེན་ཞིག་བསྒྲུབ་མི་ཐུབ་ཀྱང་། མ་མཐའ་ཡང་མེས་པོའི་རེ་བ་སྙིང་ལ་བརྐོས་ཏེ་མེས་པོའི་ཞབས་རྗེས་དེ་སྐལ་པའི་དུས་ཀྱི་མཐའ་མར་སླེབས་ཀྱང་བསྲུང་དགོས་པ་ནི་སྨོས་མེད་རེད། མཇུག་མཐར་ཁོ་བོས་གངས་རིའི་སྤུན་ཟླ་རྣམས་ཀྱིས་རང་མི་རིགས་ཀྱི་ཁྱད་ཆོས་དང་ཡོངས་སུ་མཐུན་པའི་བོད་ཡིག་དེ་ལེགས་པར་སྦྱང་སྟེ་དུས་བསྟུན་མདུན་བསྐྱོད་དང་མ་ཡུམ་ཀྲུང་ཧྭ་རིག་པའི་ལྡུམ་ར་སྔ་ལས་མཛེས་སྡུག་ལྡན་པར་བསྐྲུན་པའི་རེ་བ་ཆེན་པོ་བཅངས་སོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com