སྙིང་མོ་སྐྱིད་ཀྱི་ལྷུག་རྩོམ། སྣང་བའི་ལམ་སྟོན་པ།

རྩོམ་པ་པོ།:སྙིང་མོ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-11-08 14:24:13 ཀློག་གྲངས།:
སྣང་བའི་ལམ་སྟོན་པ།
སྙིང་མོ་སྐྱིད།

       མི་འདོད་པའི་པྲོག་གསར་རིམས་ནད་ཀྱིས་རྒྱུན་ཆགས་ཀྱི་འཚོ་བའི་འགྲོ་འོང་གི་རྒྱ་བསྡམས་པ་ན། ང་ལ་རང་ཤོང་སྤྱིལ་བུར་འཛུལ་ནས་ལྷོད་ལྷོད་ངང་དཔེ་སྒྲོམ་སྟེང་གི་རྡུལ་གྱིས་ཟིན་པའི་དཔེ་དེབ་དག་ལ་བྱི་དོར་ཐེངས་ཤིག་བྱེད་པའི་དུས་ཚོད་བྱུང་།
       དཔེ་སྒྲོམ་སྟེང་གི་དེབ་མང་ཆེ་བ་ནི་རྩོམ་རིག་གི་དེབ་ཡིན་ཞིང་། བོད་རྩོམ་གྱི་དེབ་གསར་པ་ཞིག་ཐོན་ཡོད་པ་མཐོང་ཕྱིན། མྱུར་དུ་མ་བཀླགས་ན་ཅི་ཞིག་ལས་འཕྲོར་བསྐྱུར་ཡོད་པ་བཞིན། ང་ལ་སེམས་མི་བདེ་བའི་ནད་ཅིག་ཕོག་སྲིད་པས། འཚོ་བའི་བྲེལ་ཟིང་གི་ཁྲོད་ནས་དུས་ཚོད་བཙལ་ཏེ་ཡོངས་སུ་བཀླགས་གྲུབ་པ་ཏག་ཏག་ཡིན། ནམ་རྒྱུན་གཟའ་མཇུག་ལ་ཁོམ་པ་ཅུང་རེ་བྱུང་ཚེ། དཔེ་ཁང་དུ་འགྲོ་བ་ནི་ངའི་གཟའ་མཇུག་རོལ་སྟངས་ཤིག་དང་། དཔེ་ཁང་དུ་བསླེབས་ཕྱིན་ལག་པ་སྟོང་པ་ལོག་མྱོང་མེད། དེ་ལྟར་དཔེ་སྒྲོམ་སྟེང་གི་དེབ་ནི་ཇེ་མང་ནས་ཇེ་མང་དུ་གྱུར་ཡང་། ཉིན་བཞིན་བྱས་བྱས་མཐའ་ལ་སོན་དུ་མེད་པའི་ལས་ཀར་བྲེལ་ཏེ། དེབ་རྣམས་གྲལ་དག་པོ་ཞིག་སྒྲིག་ལོང་མ་བྱུང་བར་དཔེ་སྒྲོམ་སྟེང་ཟང་ངི་ཟིང་ངིར་བཞག་ཡོད།
       ད་ཐེངས་ཁྱིམ་ནས་གཞུང་ལས་སྒྲུབ་དགོས་པའི་བརྡ་འབྱོར་ཕྱིར། ནམ་རྒྱུན་ལས་ཚོགས་སུ་ཞུགས་པ་ལས་བྲེལ་བ་ཆུང་ཞིང་རང་ཉིད་ལ་དབང་བའི་དུས་ཚོད་ཅུང་མོད། ད་ནི་གོ་སྐབས་འདི་སྤྱད་ནས་ཅིས་ཀྱང་རང་ཉིད་དགའ་མོས་ཆེ་བའི་དེབ་རྣམས་གྲལ་དག་པོ་ཞིག་སྒྲིག་དགོས། སེམས་ནས་དེ་ལྟར་སྙམ་བཞིན་མྱུར་མོར་ལག་ཟུང་འགུལ་ནས་དཔེ་སྒྲོམ་སྟེང་གི་དེབ་རྣམས་རེ་རེ་བཞིན་མར་ཕབ་དུས། ཕྱི་ཤུན་འབྱར་ཤོག་གིས་བཏུམ་པའི་སྦྱང་རྩོམ་འབྲི་དེབ་ཁམ་སྐྱ་ཞིག་ངའི་མིག་ལམ་དུ་མངོན་བྱུང་། ག་ལེར་འབྲི་དེབ་དེའི་ཁ་ཕྱེ་བ་ན། དུམ་ཚན་རེ་རེའི་སྟོང་ཆའི་གནས་སུ་རྒན་ལགས་ཀྱིས་ཞིབ་ཏུ་དག་བཅོས་བྱས་པའི་ཡི་གེ་དམར་པོས་ཁེངས་འདུག ངས་ལོ་བཅོ་བརྒྱད་གོང་གི་འབྲི་དེབ་དེའི་ཤོག་ལྷེ་རེ་རེ་སློག་བཞིན་དགེ་རྒན་སྐུ་དྲིན་ཅན་ཁོང་ཉིད་ཡིད་ལ་ཝ་ལེར་འཁོར་བྱུང་ལ། དྲན་རྟོག་གི་གཤོག་པ་ནི་ཕྱིར་དྲན་གྱི་མཁའ་དབྱིངས་སུ་ལྡིང་སྐོར་རྒྱག་འགོ་ཚུགས།
       འདས་ཟིན་པའི་ལོ་ངོ་བཅུ་དགུའི་སློབ་མའི་འཚོ་བའི་ཁྲོད། ང་རང་དགེ་རྒན་མང་པོ་དང་འཕྲད་མྱོང་ལ། དགེ་རྒན་དམ་པ་རྣམས་ཀྱི་སྐུལ་ལྕག་རེ་རེ་ནི་ངས་མུ་མཐུད་སློབ་སྦྱོང་ལ་འབད་པ་བྱེད་པའི་སྒུལ་ཤུགས་སུ་གྱུར་མྱོང་། སློབ་ཆུང་དང་སློབ་འབྲིང་། མཐོ་འབྲིང་དང་སློབ་ཆེན་གྱི་དགེ་རྒན་ཐམས་ཅད་ད་བར་དུ་ངའི་སེམས་ངོར་བརྗེད་མེད་དུ་གསལ་ཡང་། ཁོང་རྣམ་པ་ལས་ཀྱང་ཆེས་བརྗེད་དཀའ་བ་ནི་ང་རང་རྩོམ་རིག་གི་ལམ་ཁར་ཁྲིད་མཁན་དགེ་རྒན་ཁོང་ཉིད་ཡིན། གལ་ཏེ་མི་ཚེ་ནི་རྒྱང་བཞུད་ཀྱི་མེ་འཁོར་ཞིག་ཡིན་པར་ཆ་བཞག་ན། མི་ཚེའི་དཀྱོགས་མཚམས་རེ་རེ་ནི་འབབ་ཚུགས་རེ་རེ་དང་འདྲ་སྟེ། འབབ་ཚུགས་རེ་རེར་བརྒྱུད་དུས་ང་ཚོར་གལ་ཆེ་བའི་མི་རེ་རེ་དང་མཇལ་འཛོམས་བྱུང་སྲིད། ང་ལ་མཚོན་ན་མི་ཚེའི་ལམ་བུའི་སྟེང་མཇལ་འཛོམས་བྱུང་བའི་ཆེས་གལ་ཆེ་བའི་མི་ཞིག་བགྲང་དགོས་ཚེ། དགེ་རྒན་སྐུ་དྲིན་ཅན་ཁོང་ཉིད་ལས་མ་འདས།
       ང་རང་སློབ་ཆེན་འགྲིམས་དུས། དགེ་རྒན་ཁོང་ནི་མིང་དུ་གྲགས་པའི་བརྩམས་སྒྲུང་རྩོམ་པ་པོ་ཞིག་རེད། དགའ་འོས་པ་ཞིག་ལ་ང་རང་དགེ་རྒན་ཁོང་གི་སློབ་མ་བྱེད་པའི་སྐལ་བ་ལྡན་སོང་། འཇིག་རྟེན་གྱི་ལས་གང་ཞིག་ཡིན་རུང་ཐོག་མའི་གོམ་པ་དང་པོ་སྤོ་རྒྱུ་ནི་ལས་སླ་མོ་ཞིག་མ་ཡིན་ཏེ། གོམ་པ་དང་པོ་ལམ་ལྷོངས་བྱུང་ཚེ་རྒྱལ་ཁའི་ཕྱེད་ཀ་བླངས་པ་ཡིན་ཟེར་བའི་ལེགས་བཤད་ཅིག་ཀྱང་ཡོད་པ་མིན་ནམ། དེ་བས་ཀྱང་རྩོམ་རིག་གི་ལམ་ཁར་གོམ་པ་དང་པོ་སྤོ་དགོས་ཚེ་དགེ་རྒན་ཞིག་གི་མཛུབ་སྟོན་མེད་ན་མུན་ནག་ནང་དུ་ལག་སྙོབ་བྱེད་པ་བཞིན་ཁ་ཕྱོགས་མེད་པར་དུས་ཚོད་མང་པོ་འཕྲོ་བརླག་བྱེད་སྲིད་པ་གདོན་མི་ཟ། ཡིན་ནའང་སྟབས་ལེགས་པར་ཁོང་གི་མཛུབ་སྟོན་འོག་ང་རང་བདེ་ལེགས་ངང་རྩོམ་རིག་གི་ལམ་ཁར་གོམ་པ་དང་པོ་སྤོ་ཐུབ་བྱུང་། ཁོང་གིས་རྩོམ་རིག་གི་ལམ་ཁར་གོམ་པ་དང་པོ་སྤོ་མཁན་ང་ཚོར་ཤ་ཚ་ཚ་ངང་འཕྲལ་སེལ་སླ་བཅོས་མེད་པར། རྩོམ་རིག་དང་འབྲེལ་བའི་ཤེས་བྱ་མང་པོ་ཁ་གསལ་ཞིང་གོ་བདེ་ལ། དོན་མཚོན་བྱེད་ཀྱི་དཔེ་དང་། ཡིད་ཆེས་པའི་ལུང་། གཉིད་རྨུགས་སེལ་བའི་གཏམ་རྒྱུད། བློ་སྐྱེད་འཕེལ་བའི་དོགས་སློང་། བློ་སྒོ་འབྱེད་པའི་དྲི་བ་དྲིས་ལན་སོགས་ཀྱི་ལམ་ནས་སློབ་ཁྲིད་བྱེད་དུས། སྨག་རུམ་ཁྲོད་ཀྱི་སྒྲོན་མེ་ཞིག་དང་འདྲ་བར་ངའི་སེམས་ལ་འོད་སྣང་སྦྱིན་བྱུང་།
       ཁོང་གིས་ད་དུང་སློབ་ཁྲིད་ཀྱི་བྲེལ་ཟིང་ཁྲོད་དུས་ཚོད་ངེས་ཅན་ཞིག་བཙལ་ཏེ་སློབ་མ་རེ་རེར་རྒྱུས་ལོན་བྱེད་ཅིང་། སློབ་མའི་རྒྱུད་ཚོད་ལ་བསྟུན་ཏེ་གསར་རྩོམ་ལ་སྤྲོ་སྣང་ཡོད་མཁན་དག་ལ་སྐུལ་ལྕག་དང་མཛུབ་སྟོན་གནང་སྲིད། ཁོང་ལ་མངའ་བ་ནི་མིང་སྐམ་པོ་དོན་དུ་མི་གཉེར་བར་གཞོན་སྐྱེས་རྩོམ་པ་པོ་གསོ་སྐྱོང་གི་འདུན་པ་རླབས་པོ་ཆེ་ཞིག་དང་ཕྱིའི་རྩོམ་རིག་གི་ཤེས་བྱ་དང་འབྲི་རྩལ་དེ་ཐབས་བརྒྱ་ཇུས་སྟོང་གིས་རང་ཉིད་ཀྱི་ཁྱད་ཆོས་དང་ལྡན་པའི་བོད་རྩོམ་དུ་བསྒྱུར་ཕོད་པའི་རང་གཤིས་བླ་ན་མེད་པ་དེ་རེད།
       དགེ་རྒན་ཁོང་ཉིད་ཕྱག་ལས་ལ་བྲེལ་བ་ཆེ་ཡང་སྐྱོན་གྱིས་ཁེངས་པའི་སློབ་མའི་སྦྱང་རྩོམ་རེ་རེར་ངལ་བར་མ་འཛེམ་པར་ཞིབ་ཏུ་དག་བཅོས་བྱེད་ཅིང་། གནད་ལ་ཁེལ་བའི་བསམ་ཚུལ་ལམ་དཔྱད་བརྗོད་སྤེལ་ཏེ། རྩོམ་རིག་ལ་མོས་མཁན་སློབ་མ་དག་ལ་ལམ་སྟོན་དང་སྐུལ་ལྕག་གནང་ངེས།
       དུས་ད་ལྟའང་ངའི་ཡིད་ངོར་བརྗེད་མེད་དུ་གསལ་བ་ནི་ཐེངས་ཤིག་ལ་ངའི་རྩོམ་རིག་གི་ལས་བྱའི་མཇུག་ཏུ་གསར་རྩོམ་ལ་སྤྲོ་སྣང་ཡོད་ན་དེ་ལ་འབད་པ་བྱོས་དང་འབྱུང་འགྱུར་རྩོམ་པ་པོ་ཞིག་ཏུ་འགྱུར་ངེས་རེད་ཅེས་པའི་སྐད་ཆ་དུམ་བུ་ཞིག་བྲིས་འདུག་པ་དེ་རེད། སྐབས་དེར་ཁོང་གིས་ཆེད་དུ་ང་ལ་བྲིས་པའི་སྐུལ་ལྕག་གི་སྐད་ཆ་དེ་དག་མཐོང་མ་ཐག་ངའི་བྲང་ཁོག་ཏུ་སྔར་ལས་ལྷག་པའི་སྤོབས་སེམས་ཀྱི་སྟོབས་ཤུགས་ཤིག་རྒྱས་བྱུང་ལ། ཆེས་བབ་ཆགས་པའི་སྐུལ་ལྕག་གི་སྐད་ཆ་དེ་ང་རང་རྩོམ་རིག་གི་ལམ་ཁར་ཞུགས་པའི་ས་བོན་ཏུ་གྱུར།
       དུས་དེ་ནས་བཟུང་ངས་མི་ཚེ་ལ་ཁ་ཕྱོགས་དང་དམིགས་ཡུལ་རྙེད་བྱུང་སྟེ། རྒྱུས་མངའ་མེད་པའི་སློབ་ཆེན་གྱི་ཁོར་ཡུག་གསར་རྐྱང་དེའི་ནང་དུ་གོ་མེད་ཚོར་མེད་ངང་དུས་འདའ་ནས་བསྡད་མེད་པར། ཉིན་རྒྱུན་སློབ་གྲྭའི་དཔེ་མཛོད་ཁང་གི་དྲུག་ཐོག་ཏུ་སོང་ནས་རྒྱལ་ཁབ་ཕྱི་ནང་གི་གྲགས་རྩོམ་གྱི་དེབ་མང་པོ་གཡར་ནས་བལྟས་མྱོང་ལ། རིམ་གྱིས་དཔེ་མཛོད་ཁང་གི་དྲུག་ཐོག་གི་དོ་དམ་པས་ཀྱང་ང་རང་ངོ་ཤེས་ཏེ། དེབ་གཡར་ཐེངས་རེར་བསྔགས་བརྗོད་ཀྱི་མེ་ཏོག་རེ་གཏོར་སྲིད་པ་དེ་ཡང་སྒུལ་ཤུགས་ཤིག་ཏུ་གྱུར། སློབ་ཆེན་ལོ་བཞིའི་ནང་ངས་སྐྱེད་ཚལ་ལྟ་བུའི་སློབ་རའི་གྲུ་ཟུར་ཀུན་ཏུ་ནུབ་ཕྱོགས་ཀྱི་མོ་པོ་སང་དང་ཆི་ཁོ་ཧྥུ། ཁབ་ཁཱ་ལྟ་བུའི་འཛམ་གླིང་རྩོམ་རིག་མཁན་པོ་ཚོའི་བརྩམས་ཆོས་ལ་རོལ་མྱོང་བྱེད་བཞིན། རྩོམ་པ་པོའི་གཉུག་སེམས་ཀྱི་ངོ་བོ་དང་ཉེ་བར་བཅར་ཏེ། འཆར་སྣང་གི་གཤོག་ཟུང་གང་དགར་རྐྱོང་ཐུབ་དུས། རྩོམ་རིག་བརྩམས་ཆོས་ཀྱི་མཛེས་པ་གཞན་ཞིག་ཀྱང་མཐོང་བྱུང་ལ། རང་ཉིད་དགའ་བའི་ལས་དེར་གཞོལ་བར་དུས་ཚོད་དང་ཆ་རྐྱེན་གྱིས་འདང་བ་ནི། མི་ཚེ་འདིའི་བདེ་སྐྱིད་ཅིག་ཡིན་པའི་ངེས་པའང་རྙེད་བྱུང་།
       དེ་ལྟར་དགེ་རྒན་ཁོང་གི་སྐུ་དྲིན་འོག་ངས་རྩོམ་རིག་ངོ་ཤེས་ཤིང་། རྩོམ་རིག་དང་འགྲོགས་ཏེ་ད་བར་དུ་མི་ལོ་བཅོ་བརྒྱད་ལྷག་འགོར་ཟིན། དགེ་རྒན་ཁོང་གི་རེ་བ་ལྟར་ད་ལྟ་ང་རང་རྩོམ་པ་པོ་ཞིག་ཏུ་གྱུར་ཡོད་མེད་མི་ཤེས་མོད། འཚོ་བའི་ཀྱག་ཀྱོག་གི་ལམ་ཆེན་དུ། རྩོམ་རིག་ནི་ནམ་ཡང་ངའི་འཁྲིས་སུ་འབྲལ་མེད་དུ་བཞུགས་པའི་མི་ཚེའི་དགའ་གྲོགས་དང་སྐྱོ་གྲོགས་ཤིག་ཏུ་གྱུར་ཟིན། སློབ་གྲྭའི་སྒོ་ཆེན་ནས་ཐོན་ཏེ་ལས་ཀར་ཞུགས་པ་ནས་བཟུང་། ལས་ཁུངས་སུ་རང་ཉིད་དགའ་བའི་བོད་ཡིག་དང་བོད་རྩོམ་བཀོལ་བའི་སྐལ་བ་ཧ་ཅང་ཉག་ཕྲ་ལ། སྲིད་འཛིན་ལས་ཁུངས་ཀྱི་གོ་གནས་འགྲན་རྩོད་དང་རིང་དུ་གྱེས་ནས། རང་ལ་དབང་བའི་རྩོམ་རིག་གི་འཇིག་རྟེན་ཏུ་སེམས་དབུས་ཀྱི་རྒྱང་རིང་སྙེག་བཞིན་པའི་ང་ནི་ལས་གྲོགས་ཚོའི་མིག་ལམ་དུ་ཅུང་གླེན་པར་སྣང་ཡང་། ངས་རང་གིས་རང་ལ་སྙིང་ཕུར་བརྡབ་ཀྱིན། མཐའ་འཁོར་གྱི་སེམས་གསོད་པའི་སྐད་ཆ་ཐམས་ཅད་སྣང་མེད་དུ་བསྐྱུར་ཏེ། འདམ་ལས་སྐྱེས་ཀྱང་འདམ་གྱི་དྲི་མས་མ་གོས་པའི་ཆུ་སྐྱེས་པད་མ་ཞིག་ཏུ་འགྱུར་བར་བརྩོན་པ་ཡིན།
       ལོ་དེ་དག་གི་རིང་། ངས་ཉིན་རེའི་ཚད་ཡོད་པའི་དུས་ཚོད་དག་བཀོད་སྒྲིག་ཡག་པོ་བྱས་ནས། དཀའ་ངལ་ཁྱད་བསད་ཀྱིས་ཕྲག་ཏུ་བབས་པའི་ལས་ཁུངས་ཀྱི་ལས་ཀ་སྣ་མང་དང་ས་མཐའ་ནས་བུ་ཕྲུག་གཉོར་སྐྱོང་གི་འགན་འཁྲི་སོགས་དང་དུ་བླངས་ཤིང་། འཚོ་བའི་བྲེལ་ཟིང་གི་བར་གླགས་ནས་རང་ལ་དབང་བའི་དུས་ཚོད་བཙལ་ཏེ་དགའ་སྐྱོ་ཆགས་སྡང་གི་ཆ་ཤས་རེ་རེའི་མྱོང་ཚོར་རྣམས་རྩོམ་གྱི་ལམ་ནས་བརྗོད་དུས་ནང་སེམས་ལ་བདེ་བ་དང་དབུགས་དབྱུང་འཐོབ་ཡོང་།
       མི་སེམས་རྙོག་བསླད་ཀྱིས་སྦགས་པའི་དེ་རིང་གི་འཚོ་བའི་ཁྲོད། ངས་རྩོམ་རིག་ནི་རང་སེམས་ཀྱི་འཁོར་བའི་སྐྱོན་གྱིས་མ་གོས་པའི་རང་བྱུང་གི་དག་ཞིང་གཅིག་པུར་སྒོམ་ཡོད། རྩོམ་རིག་ནི་ངའི་འཚོ་བའི་གྲུ་ག་གང་སར་གནས་ཡོད་དེ། འདས་པའི་ལོ་ཟླའི་ཁྲོད་ངས་རྩོམ་རིག་དང་མཉམ་དུ། བཟོད་བསྲན་གྱི་ཨམ་གཙིགས་སྡོམ་ཞོར་དཀའ་སྡུག་གི་གོམ་པ་རེ་རེ་མཛེས་སྡུག་གི་གོམ་ཁ་རུ་བསྒྱུར་ནས་ཡོང་བ་ཡིན། ངེད་གཉིས་ཀྱི་གཏམ་རྒྱུད་ནི་ཤིན་ཏུ་རིང་ངེས་ཤིང་། འཚོ་བ་ལ་བརྟེན་ནས་ཡུན་གྱིས་བཤད་དགོས། རྩོམ་རིག་གི་ཡིག་འབྲུའི་གསེང་ལས་རྙེད་པའི་མཐོང་སྣེ་གསར་པ་རེ་རེ་དང་། དེ་དག་ལས་ཐོབ་པའི་བློ་བསྐྱེད་ཀྱི་མཛེས་པ་རེ་རེས་ངའི་བསྐྱར་ཟློས་ཀྱི་འཚོ་བར་བརྗོད་དུ་མེད་པའི་དགའ་སྣང་རེ་བསྐྱལ་འོངས་ཐེངས་རེར། ངས་དགེ་རྒན་ཁོང་གི་སྐུ་དྲིན་ཡང་ཡང་དྲན་ཡོང་།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།