གོ་ཁ། རྨོག་རུ་དོན་གྲུབ་ཚེ་རིང་།
རྩོམ་པ་པོ།:མཚོ་སྐྱེས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2024-12-18 09:49:53
ཀློག་གྲངས།:
གོ་ཁ།
—ནད་ཡམས་གང་སར་ཁྱབ་པའི་དུས་སྐབས་ཤིག་གི་རྟོག་པ་རྒྱུན་ཆགས་མ།
མཚོ་སྐྱེས།
༠
“ད་ལོའི་ལོ་ལ་སྐྱོ་བྱུང་།
ང་ནི་སྐྱོ་བར་མ་ཟད།
ནམ་མཁའི་བྱ་ཡང་སྐྱོ་བྱུང་།.....”
ཁང་རྩེག་ཅིག་གི་རྐེད་ནས།
དམངས་གཞས་ཤིག་ལ་ཉན་བཞིན།
སྒེའུ་ཁུང་ཕྱི་རོལ་གྱི་ཐང་ལ་ལྷུང་བའི་ཉི་འོད་དང་ཐག་རྡང་ལྟ་བུའི་གཞུང་ལམ་ཞིག་ལ་ཅེར་ཏེ་ཅི་ཞིག་ཡིད་ལ་བྱེད་དམ།
ང་ལ་ཀུ་ཏོ་ཟེར་བའི་བསྒུག་ཡུལ་ཞིག་ཡོད་དམ།
༡
ཐབ་ཀགོའུ་ཁུང་།
གོ་ཁ།
ཁོག་ལྟིར། ད་དུང་མེ་འབྲུ་ཞིག
ངས་ཁ་སང་ལ་སྒུག་བཞིན་ཡོད་དམ།
ཀུ་ཏོ་མ་སླེབས་གོང་ལ། དེ་དག་སླེབས་བྱུང་།
ཡིད་བརྙན་དེ་དག
དྲན་འཛིན་གྱི་ས་འོག་ནས་ལུད་དེ།
ཡིད་ཀྱི་རྩྭ་ཐང་དུ།
རེ་ལྕག་གི་མེ་ཏོག་བཞིན་བསྟར་འོངས།
༢
ས་རུབ་པས་ཐབ་གའི་ནང་གི་མེ་ལྕེ་དེ་ཇེ་གསལ་དུ་འགྲོ།ཁྱིམ་མི་གང་བོའི་ཁ་ངོ་དག་ཀྱང་ཇེ་གསལ་དུ་འགྲོ།
སྐབས་སྐབས་སུ་སླེབས་པའི་མགྲོན་པོ་དེ་དག་གི་ངོ་གདོང་ཡང་མདང་དགོང་གི་ཁ་བརྡ་བཞིན།
ཐབ་ཀའི་མེ་འོད་ལས་སྣང་འོང་།
༣
སྤོ་བོ་དང་རྨོ་མོ་གཉིས་སྔར་ནས་འདས།མགྲོན་པོ་ཁ་ཤས་ཀྱང་སྔར་ནས་འདས་པ་ཐོས།
བདག་དང་བདག་གི་སྐྱ་ཡ་གཉིས་ཀྱང་།
སྔར་ནས་སྤོ་བོ་དང་རྨོ་མོར་གྱུར་ཚར།
བདག་གིས་ཕྱི་རོལ་གྱི་ཉི་འོད་ལ་ལྟ་ཞོར་དུ།
གོ་ཁ་ཡོད་པའི་ཐབ་ཀ་ཞིག་ལ་བློས་བསླངས་བྱེད་ཀྱིན་ཡོད།
༤
དེ་རེད། བློས་བསླངས་བྱེད་དུས།སྟག་འབུམ་རྒྱལ་གྱིས་བློས་བསླངས་བྱས་པའི་མི་སྣ་ཞིག་གི་བྱིས་དུས་ཀྱི་སྣང་བརྙན་ཞིག་ཀྱང་ཡིད་ལ་ཤར།
བློས་བསླངས་བྱེད་ཞོར་ཐ་མག་ཅིག་ལ་མེ་བསྒྲོན།
སྙན་ངག་པ་ཞིག་གི་སྙན་ངག་ཅིག་ཀྱང་ཡིད་ལ་འཁོར།
༥
གློ་བུར་བའི་ཁ་པར་གྱི་སྒྲ་དབྱངས།སྒྲ་དབྱངས་དེ་རླུང་དང་འདྲ།
བསེར་བུ་ཙམ་ཡང་མེད་པའི་ཁང་བའི་ནང་དུ་བརྟོལ་ཏེ།
ངའི་རྣ་ལམ་དུ་ལྡང་བས།
བློས་བསླངས་ཀྱི་དུད་སྨུག་ཕྱོགས་ནས་ཕྱོགས་སུ་བདས།
ཁང་ཁྱིམ་དྲོན་མོ་འདི་ནས།
ཁོ་བོ་ཡང་བསྐྱར་ལྷིང་འཇགས་ཀྱི་འོབས་དོང་ཞིག་ཏུ་ལྷུང་།
༦
གློ་བུར་དུ།གནམ་གྲུ་འཕུར་བ་ལྟ་བུའི་མེ་འཁོར་རྒྱུག་པ་ལྟ་བུའི་འབར་མདེལ་འཕངས་པ་ལྟ་བུའི།
དུག་སེལ་སྨན་ཆབ་གཏོར་བྱེད་ཀྱི་འཕྲུལ་འཁོར་དེས།
ངའི་སྐྲ་ཞོགས།
བ་སྤུ་རེ་རེའི་བུ་གར་ཁ་བ་སག་སག་ཏུ་བབས།
སྦྲུལ་ལྟར་སིབ་སིབ་ངང་ཤ་གསེང་ལ་འཛུལ།
ལྷིང་འཇགས་ཀྱང་དེ་འདྲའི་འཇིགས་སུ་རུང་བ་དང་བཟོད་གླགས་བྲལ་བ་ཞིག་ཡིན་པ་ནི།
ད་སྔོན་ངས་ཀླད་པའི་རྒྱ་རུའང་མ་དྲན།
༧
ལོ་དེར་ངེད་ཚང་གི་མཚེར་ས་ལ་ཁངས་ཆག་ཆེན་པོ་ཞིག་ལྷུང་།ཁངས་ཆག་ཀློང་གི་ནོར་ལུག་གིས་སྐྱུག་ལྡད་བྱེད་པ་ལས་འགུལ་ཙམ་ཡང་མི་བྱེད།
ངེད་ཚང་གི་མགོ་སྦྲ་དེས་ཀྱང་འགུལ་ཙམ་ཡང་མི་བྱེད།
མགོ་སྦྲའི་དཀྱིལ་དབུས་སུ་ས་ཡི་ཐབ་ཀ་ཡོད།
དེ་ཡི་མཐའ་སྐོར་དུ་ངེད་ཚང་གི་བཟའ་མི་གོ་ར་གང་བོ་ཡོད།
བྱིས་པ་རེ་རེའི་མིག་ལམ་ནས།
ཕ་མ་གཉིས་ཀའི་འཛུམ་ཞལ་དང་གསུང་སྐད་དག
ཐབ་ཀའི་མེ་འོད་ཀྱི་བཞིན་ལག་ཏུ་ཤར་ནས།
སྦྲ་ཁྱིམ་གྱི་གྲུ་ཟུར་རེ་རེ་ནས།
ང་ཚོའི་མི་ཚེའི་བཞུད་ལམ་རིང་མོར་བསྡོངས་ཏེ།
ཉིན་མཚན་དབྱེར་མི་ཕྱེད་པའི་དུས་སྐབས་དུས་སྐབས་ཀྱི།
ཡོལ་བ་ལྷང་ངེར་ཕྱེ་མྱོང་ཨང་།
༨
སྒེའུ་ཁུང་ནས་ཕྱི་རོལ་ཏུ་ཅེར་ནའང་།ད་ལོའི་ཁ་བ་ད་དུང་མ་བབས།
ནད་ཡམས་འདིའི་ཚ་དྲོད་ཀྱིས།
ནམ་མཁའི་བྱ་ལའང་གོ་ལོག་ཐེབས་འདུག
ད་ལོའི་ཁ་བ་ད་དུང་མ་བབས་ནའང་།
སེམས་ཀྱི་རི་ལུང་ཐང་གསུམ་ཁ་བས་གཡོགས་ཚར།
ཁ་བ་རྣམས་བལ་འདབ་ཙམ། འཕང་ལོ་ཙམ། ཡུངས་འབྲུ་ཙམ།
བྱ་ལྟར་ལྡིང་ཞིང་བུང་བ་ལྟར་འཁོར། ཁུ་འཕངས་བཞིན་དྲིལ་ཏེ།
ངའི་ཁ་པར་གྱི་འཆར་ངོས་ལས་མར་མར་བབས།
མར་མར་བབས།
༩
ཁ་ལག་བསྲོས་པའི་རྗེས་ལ།ཨོང་མེ་དང་རིལ་མེ་གང་ཞིག་ཡིན་རུང་ཐལ་བར་གྱུར་འགྲོ།
ཐལ་བ་དེ་གོ་ཁ་ནས་སྤུང་གསོག་བརྒྱག་རྒྱུ་ཞིག་མིན།
དེ་ཐལ་ཕུང་དུ་དབོ་དགོས།
རློན་ནུའི་རློན་ཤ་བཞིན་འཇམ་རུང་དབོ་དགོས།
ཐལ་བར་གྱུར་རྗེས་མེ་མེད་པའི་ཐལ་བ་དེ་ཐལ་ཕུང་དུ།
སེམས་ཆུང་དང་དལ་ལྷོད་ཀྱིས་དབོ་དགོས།
ཐལ་བ་འབོ་བའི་བརྒྱུད་རིམ་ལ་ལྷོད་ཅིག་དགོས་ཟེར་བ་ད་དུང་ཡང་བརྗེད་མེད།
རྔུབ་འཐེན་གྱིས་ཤུལ་དུ་བཞག་པའི།
ངའི་ཐ་མག་གི་ཐལ་བ་ཤེལ་གཞོང་གང་།
ད་ལྟ་གང་ཞིག་ཏུ་ཇི་ལྟར་དབོ་དགོས་སམ།
དུས་དེ་ཤེད་ཙམ་ལ་ངས་གོ་ཁ་དྲན་པ་ནི།
དེ་ཁོ་ནས་ཡིན་ནམ།
༡༠
སྔོན་ཆད་སྔོན་ཆད་ཅིག་ལ།ལྷ་ས་ནས་ཆབ་ཆ་ལ་ལོག་རྗེས།
ཁ་བའི་སྐོར་གྱི་གསར་འགྱུར་ཞིག་བྲིས་མྱོང་།
ཁ་བའི་སྐོར་གྱི་གསར་འགྱུར་ད་དུང་ཡང་མཇུག་རྫོགས་མེད་ཅེས་བྲིས་ཡོད།
ད་ལྟ་ང་ཟི་ལིང་གི་ཁང་རྩེག་ཅིག་ཏུ་བསྡད་དེ།
གོ་ཁའི་སྐོར་གྱི་ཕྱིར་དྲན་ཞིག་འབྲི་བཞིན་ཡོད།
གོ་ཁའི་སྐོར་གྱི་ཕྱིར་དྲན་ཡང་། ད་དུང་མཇུག་རྫོགས་མེད།
༡༡
གོ་ཁ་ནི་ཁོ་བོས་ཐོག་དང་པོར་ངོ་ཤེས་ཤིང་རྒྱུས་ཡོད་དུ་གྱུར་པའི་ས་དེ་ཡིན།མ་མོའི་བྲང་དང་འདྲ་བའི་ས་དེ་ཡིན།
ཞིབ་ཏུ་བསམས་ན། གོ་ཁའི་སྐོར་གྱི་ཕྱིར་དྲན་ཡིན་པས།
མཇུག་རྫོགས་པར་མི་སྲིད་སྙམ།
༡༢
བར་སྐབས་སུ་དལ་ཅག་གེར་འདུག་པའི་ཁ་པར་དེ།རང་ཤུགས་ཀྱིས་ལག་ཏུ་བླངས།
ཇི་ལྟ་བུ་ཞིག་ཏུ་འགྱུར་སྲིད་དམ།
ཤེལ་དང་འདྲ་བའི་རྡོ་གཅལ་སྟེང་གི
མཐིལ་ལྷམ་ཆ་གཅིག་ཕར་ལ་སོང་ཞིང་ཕྱིར་ལ་ལོག
གློ་བུར་གོམ་མཚམས་བཞག་ཅིང་རྒྱང་ལ་ལྟ་དུས།
ཕྱོགས་གཞན་ཞིག་གི་དྲ་མིག་ལས།
ཙོང་ཁའི་སྐྱེས་རི་ཡང་བསྐྱར་མིག་ལམ་དུ་སྣང་འོངས།
མིག་ཡུལ་དུ་ལྷམ་མེར་ལྷང་ངེར་ལྷན་ནེར.....
རྩོམ་ཁུངས། ༢༠༢༣ལོའི«སྦྲང་ཆར»དེབ་དང་པོ།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།