གླིང་བུའི་སྙན་ངག
རྩོམ་པ་པོ།:གླིང་ཚ་སྙིང་རྒྱལ་འབུམ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-02-13 10:27:36
ཀློག་གྲངས།:
དྲུག་པའི་ལྷ་རྩེ་རུ་ལ་གཞས་ལ་ཉན་པ།
གླིང་ཚ་སྙིང་རྒྱལ་འབུམ།
སྣང་བ་ཞིག་ལ།
སྤྲིན་དཀར་དང་ལུག་ཁྱུ་གཅིག་ཏུ་འདྲེས་བྱུང་།
ལྷུང་ལྷུང་དུ་འབབ་པའི་ཆུ་ཕྲན།
གླུ་སྒྲའི་ལྷུམས་སུ་འཁྱིལ་བའི་དྲན་གདུང་ལ་སིམ་སྟེ།
རྨིག་རྗེས་ཀྱི་ཚ་གདུག་ཀློང་ནས།
ཉིན་སྲིབ་ཀྱི་གཏམ་རྒྱུད་ལ་གཤོག་པ་འབྲི།
ད་དུང་། ནམ་མཁའ་དང་རྣང་ཞིང་འདྲེས་མཚམས་སུའང་།
སྙེ་མའི་རླབས་ཕྲེང་གིས་ལང་ཚོ་ཡང་ཡང་བཀྲུས་ནས།
སྐྱ་ཀ་ཁྲ་མོར་སེམས་འདུན་ཁྱོར་བ་གང་འདེགས་པའི།
རླུང་འཚུབ་དང་ཐོག་ཆར་གྱིས་མ་གཏོར་བའི་རེ་ལྕག་མེ་ཏོག
སྐབས་དང་སྐབས་སུ།
མིག་ལམ་དུ་བཞད་ཅིང་སེམས་ཁོང་དུ་འཛུམ་ཡོང་།
མི་ལོ་སུམ་ཅུའི་སྣང་བས་ཤད་པའི་སྐྲ་ལོ།
དུང་སེམས་ཀྱི་དབང་གིས་ཡང་ཞིང་འཕྱོ།
རྨ་ཆུའི་དྭངས་གཙང་དང་ལྷིང་འཇགས་ཀྱང་།
གླུ་ཚིག་གི་ནང་དུ་བསྐུངས་པའི།
བུ་མོའི་ཞེ་མདངས་ཀྱི་ཀློང་དུ་བཞུར།
ཟུར་མིག་དང་ཟུར་མིག་འཕྲད་དེ།
འཇིག་རྟེན་གྱི་སྲང་ལམ་དོག་པོར་བྱས།
ལྗོན་པའི་བསིལ་གྲིབ་འོག་གི་སེམས་པའི་ཚོགས།
ར་བཟི་བའི་ཕྱེ་ལེབ་ཁྱུ་ཞིག་ཏུ་གྱུར་པས།
ལས་ཐུག་ལམ་འཕྲད་ཀྱི་ཟླ་བ་དྲུག་པར།
སྡེ་ཆེན་རྩེད་ར་ནི།
སྣང་བའི་འཇིག་རྟེན་འཛོམས་པོ་ཞིག
རྫ་མགོར་སྨུག་པ་འཐིབས་ཀྱང་མི་སྐྱོན་ཟེར།
གཙང་བོར་འགྲམ་དར་ཆགས་ཀྱང་མི་སྐྱོན་ཟེར།
སྨུག་ལང་ལོང་དང་ཆར་ཟམ་ཟིམ་གྱི་ཀློང་དུ།
མདངས་བརྩེ་གཅིག་པུས་སེམས་དང་སེམས་པ་སྦྲེལ་གྱིན་འདུག
མནའ་ཚིག་ཁོ་ནས་ལམ་གྱི་སྨག་རུམ་སེལ་གྱིན་འདུག
མགོ་དཀྲིས་དམར་པོའི་འོག་གི་ཟིལ་བ།
ཁ་འབྲལ་མི་ཕོད་པའི་སེམས་ལྗོངས་སུ་ཐོར་བས།
མཛུབ་རྩེ་ནས་ཨུ་ཚུགས་ཀྱིས་འདེད་དགོས་པའི།
ནམ་འཕྲད་ཆ་མེད་ཀྱི་ཉིན་མཚན་མང་བོ།
མུན་པ་ཞིག་ཡིན་སྙམ་པའི་མུར།
ཤིན་ཏུ་གདུང་བའི་སེམས་པ་འདིའང་།
རང་ལ་མི་དབང་བའི་སྟོན་མཇུག་གི་ལོ་མ་བཞིན།
དྲུག་པའི་ལྷ་རྩེའི་ལྗོན་གསེབ་ཏུ།
ལན་རེར་སྨུག་པ་འཐིབས།
སྐབས་རེར་ཉི་འོད་འཕྲོ།
ལན་རེར་ཆར་ཟིམ་ཡང་འཇོ་བར་བྱེད།
ཡོང་ཁུངས། ཁོའི་སྙན་དེབ«སྐར་ཚོགས་ཀྱི་ཟིལ་བ»
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
-
བོད་ལྗོངས་ཆབ་མདོ་ནས་འཛམ་གླིང་གི་ཆེས་ཆུང་བའི་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་གི་རྐང་རྗེས་འགྱུར་རྡོ་རྙེད་པ།
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།