བྱང་ངོས་ཀྱི་ཉི་ནུབ།(སྙན་ཚོམ)

རྩོམ་པ་པོ།:གླིང་བུ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-07-23 08:41:26 ཀློག་གྲངས།:
བྱང་ངོས་ཀྱི་ཉི་ནུབ།(སྙན་ཚོམ)
                                 —— ཤར་སྤྲུལ་བའི་སྡེ་ནས་ས་སྐྱ་པཎྜི་ཏའི་སྐུ་གདུང་མཆོད་རྟེན་ལ་མཇལ་བ།
གླིང་ཚ་སྙིང་རྒྱལ་འབུམ།

མེ་འཁོར་མདུན་དུ་བརྒྱུགས་པ་ཅི་འདྲའི་མགྱོགས་ནའང་།
ལང་ཇུའི་ཉིན་གུང་གི་རྗེས་མ་ཆོད། 
ཤིན་ཏུ་དམར་བའི་ཉི་ནུབ་ཀྱི་ཀློང་དུ།
བྱང་ངོས་ནི་ཆ་མི་ཚང་བའི་ལྷིང་འཇགས་ཀྱིས་གྲུབ།

མེ་འཁོར་ལས་འབབ་དུས།
ཕྱོགས་བཞིའི་ཐ་སྙད་ལ་གདགས་གཞི་མ་རྙེད།
བདག་གིས་བྱང་ངོས་ཁོ་ན་ཡིད་ལ་ནན་གྱིས་བཟུང་།
བྱང་ངོས་ནི།
རྟ་ཕོའི་རྨིག་རྡུལ་འཕྱུར་ས་ཞིག་རེད།
བྱང་ངོས་ནི།
ཟླ་འོད་བསིལ་བསིལ་འབབ་ས་ཞིག་རེད།

སེམས་ཀྱི་བྱང་ངོས་ནས།
སུ་ཞིག་གི་ལེ་བར་སྟོང་ཕྲག་གི་གོམ་ཁ་ལྕི་མོ་སར་ལྷུང་།
སྨོན་འདུན་ཁྲི་ཕྲག་གི་ཟླ་འོད་དཀར་པོ་གསར་དུ་བྲིས།
སུ་ཞིག་གིས་གསེར་རྐྱལ་བ་གང་བསྣམས་འོངས་ནས།
ཆུ་ཐིགས་པ་གཅིག་ཕྱིར་ཕ་ཡུལ་དུ་བསྐུར་མྱོང་།

དུས་ཚོད་འདི་ཤིན་ཏུ་གདུང་བའི་ཐ་སྙད་ཅིག
ཚེ་མཇུག་གི་ལོ་མ་དང་ས་རྡུལ་དག
སྔར་ནས་རླུང་གིས་ཁུར་ཚར།
མཚན་ལྗོངས་ཀྱི་ཟླ་འོད་ཇེ་གསལ་དུ་སོང་ན།
ངའི་ཕངས་སེམས་ཀྱི་ལག་པ་ལྷག་པར་སྟོངས།

ཉི་ནུབ་ནི་འདས་པ་རེད། ད་ལྟ་བ་རེད།
སང་ཉིན་གྱི་མ་འོངས་པའང་ཡིན་པས།
ད་ནི་བདག་གིས་ཟང་ཟིང་གི་མི་ཚོགས་ལ་བལྟ་མི་འདོད་དེ།
རང་གི་ནང་སེམས་སུ་བསྙབས་ནས།
ད་དུང་དབུལ་འདོད་པ་ཅི་ཞིག་ལྷག་ཚུལ་ལ་བལྟ་བར་འདོད།
བདག་གིས་སྣེ་ཤན་པའི་སྐད་ཆར་མཉན་མི་འདོད་དེ།
ཉི་ནུབ་ཁྲོད་ཀྱི་མེ་ཏོག་ཟིང་སྐྱ་དེར།
བརྗོད་འདོད་པ་ཅི་ཞིག་ཡོད་ཚུལ་ལ་མཉན་འདོད།

ཤར་མཐའ་ནས་འཁྲིགས་པའི་འཆར་ཀའི་མཚམས་སྤྲིན། 
རྒྱ་ཆེ་བའི་བྱང་ངོས་ཀྱི་ཁྱོན་དུ་བབས་ནས།
ས་སྐྱ་བོའི་ནང་གི་གསེར་ཆོས་རྡོག་རེ་རེ།
རྟ་པས་རྒྱང་ལམ་གཅོད་པའི་བྲོ་ཁ་རུ་ཉར་ཏེ།
དཔུང་ཚོགས་ཀྱིས་བསྐུལ་བའི་རླུང་གི་ཁམས་ཆེན་པོས།
གནམ་དང་སའི་ཧྲག་བར་ཆེས་ཆེར་བསྐྱེད།

ལོ་ངོ་བདུན་བརྒྱའི་བྱང་ངོས་ཀྱི་ཉི་ནུབ།
ང་སྡོད་པའི་གོག་འགྲོས་ཀྱི་མེ་འཁོར་འདིས།
རྒྱང་རིང་དུ་ཁྱེར་ཚར་ཐབས་མི་འདུག

དོགས་ཡོད་ཉེས་ཅན་ལྟ་བུའི་ཐ་སྙད་ཁ་ཤས།

ཟི་ལིང་ནས་ལམ་ལ་ཆས་དུས།
བདག་གིས་འགྲེལ་དུ་མེད་པའི་ཐ་སྙད་ཁ་ཤས།
དོགས་ཡོད་ཉེས་ཅན་ལྟར།
ཨུ་ཚུགས་ཀྱིས་ནུབ་པདྨོའི་སྡེ་རུ་ཁྱེར།

པད་འདབ་གྲོལ་བ་ལྟ་བུའི་རི་དང་ལུང་བ།
འགུལ་ཤེས་པའི་བྱ་ཚིག་ཅིག་ཏུ་སྣང་།
མགུར་གླུ་དང་ཞབས་རྗེས། རི་རྩེའི་མཆོད་རྟེན་སོགས།
ཡིད་དུ་འོང་བའི་འདབ་མ་རེ་རེའི་སྟེང་བབས་ནས།
རྒྱང་རིང་ནས་འོང་བའི་ཉེ་མི་ཚོར་དབུགས་དབྱུང་གནང་།

བདག་གིས་ཐ་སྙད་ཀྱི་གཤོག་པ་རེ་རེ་དལ་གྱིས་བསྒུལ་ཚེ།
ལ་ལ་བག་ལྷོད་པར་གྱུར་ཏེ།
མཁའ་དབྱིངས་སུ་ལྡིང་སྐོར་བྱེད་ཅིང་།
ཁ་ཤས་རྨས་ཕོག་པའི་ཁྭ་ཏ་ལྟར།
ཨག་སྐད་ཀྱང་འབྱིན་ཐབས་མ་བྱུང་།

བདག་གིས།
དོགས་ཡོད་ཉེས་ཅན་ལྟ་བུའི་ཐ་སྙད་རེ་རེ་གློད་བཀྲོལ་བཏང་།
གནས་མལ་མ་རྙེད་པ་ཁ་ཤས།
རི་བོ་པདྨ་ཅན་གྱི་འདབས་རོལ་ཏུ་ལྷུང་ནས།
བཟོད་པ་རིང་མོ། རྟེན་བུད་མེད་ཡིན་ཟེར་མཁན་དེ།
དོགས་ཡོད་ཉེས་ཅན་གཞན་ཞིག་ཏུ་གྱུར།
ངས་ཐ་སྙད་འདི་གཅིག་པུ།
མཐའ་ཡས་པའི་བྱང་ངོས་སུ་འཇོག་མ་ཕོད་པར།
དོགས་ཡོད་ཉེས་ཅན་ལྟར་ཡང་བསྐྱར་མེ་འཁོར་དུ་བཅུག

བཟོད་པ་རིང་མོ་བཞུགས་ལགས་སམ།
པདྨོའི་སྡེ་རུ་བཞུགས་ལགས་སམ།
རྟེན་ལ་ཉེས་པ་ཐེབས་ལགས་སམ།
དམ་ཉམས་ཀྱིས་ས་ཁ་གང་ལགས་སམ།

གནའ་ལམ།
 
ནམ་མཁའ་ནི་གནའ་བོའི་ནམ་མཁའ།
སྤྲིན་པ་ཡུག་གཅིག་ཀྱང་མི་སྣང་།
བྱེ་ཟེགས་ཀྱང་གནའ་བོའི་བྱེ་ཟེགས།
གཏམ་རྒྱུད་ཀྱི་ཆར་བ་དལ་གྱིས་ཐིམ།

མེ་འཁོར་མ་སླེབས་པའི་སྔ་རོལ་ཏུ།
རྔ་མོང་དང་ཁེར་རྐྱང་གཉིས་ཀས།
རྒྱང་བཞུད་ཀྱི་ལམ་ཁར།
སྐྱ་རེངས་ཀྱི་ཡོལ་བ་བཀྱགས།

སྙན་ངག་རིང་མོ་ཞིག་ཤར་ནས་ནུབ་ཏུ་བཞུར་ཏེ།
སྐད་རིགས་སྣ་ཚོགས་ཀྱི་གདངས་དང་འདྲེས།
དྲན་ཤེས་ཀྱི་གཏིང་དུ་སིམ་པའི་ཁ་བ།
དུས་ཚོད་ཀྱི་ཚ་གདུག་གིས་བསྲེགས་ཏེ།
བརྒལ་དཀའ་བའི་རི་བོ་དང་འགག་འཕྲང་ལས་ཕྱིར་ལུད།

རྒྱུན་མི་ཆད་པའི་རླུང་བུ་ཤར་ནུབ་ཀུན་ཏུ་གཡུགས་ཚེ།
ལྷུན་པོ་ལྟ་བུའི་རྔ་ཁྱུའང་གོམ་འགྲོས་འཁྱོར་ཞིང་།
ལན་རེར་རྟ་ཁྱུ་ཞོགས་པའི་ཤུལ་དུ།
རྡུལ་འཚུབ་ཡུན་རིང་འཁྲིགས་པས།
སྐར་མ་རེ་གཉིས་གནམ་གྱི་ཡལ་ག་ལས་སར་ཐོར།

རྟ་ལམ་ཉིན་མཚན་བཅོ་བརྒྱད།
དར་གོས་ཀྱི་སྣེ་རུ་དཔྱངས་པས།
ཤིན་ཏུ་དམར་བའི་ས་སྲོད་ཀྱི་པང་ན།
རྒྱང་རིང་དང་དེའི་རྒྱང་རིང་འཁྱིལ།

མཚན་གང་བོར་ཕན་ཚུན་ལ་ཞོགས་གླུ་བསླབས་ཏེ།
བྱེ་ཐང་བརྒལ་ནས་ཕྱིན་པའི་གསེར་རྐོན་དག
ལམ་འདི་ལ་འོད་ཟེར་བསྐྲུན་མཁན་དུ་གྱུར།

མུན་ནག་ཀློང་ནས་རྒྱུ་མཁན་དང་།
འོད་ཟེར་བསྣམས་ནས་འགྲོ་མཁན་གང་ཡིན་ཡང་།
རི་བོ་ཟད་ཅིང་གཙང་བོ་བསྐམས་རྗེས།
ལང་ཇུ་སྡེ་བཞིའི་མཚན་ངོགས་ནས།
ངའང་རྒྱང་སྐྱོད་ཀྱི་རྟ་ཁྱུ་ཞིག་ཡིན།

བྱང་ངོས་སུ་ལྡང་བའི་རླུང་།
 
བྱང་ངོས་ཀྱི་ལག་མཐིལ་དུ་རླུང་བུ་ཡང་ཡང་ལྡང་མྱོང་།
རླུང་བུར་འཚུབ་སྣང་མི་ཆེ་ཡང་།
རྡོ་བ་དང་ལོ་རྒྱུས་བྱེ་ཟེགས་སུ་གྱུར་ཏེ།
མཚན་ངོགས་ཀྱི་སྐར་ཚོགས་ཚག་ཚག་ཏུ་འབར།

བཞུར་གྱིན་པའི་དུས་ཚོད་འདིའང་།
བྱང་ངོས་ཀྱི་རླུང་བུའི་ཆ་ཤས་ཤིག་སྟེ།
དོ་ནུབ་ཀྱི་བསིལ་རླུང་གིས།
གཙང་འགྲམ་གྱི་ཀོ་གྲུ་དལ་བུར་བསྒུལ་ནས།
ང་དང་བཅས་པ་གཏམ་རྒྱུད་རིང་མོ་ཞིག་གི་ཀློང་དུ་ཁྲིད།

རླུང་བུ་འདི་ལྟར་ལོ་ངོ་སྟོང་ཕྲག་ལ་ལྡང་ནས།
རི་ཆུ་དང་ལམ་ཕྲན་གྱི་མཚན་མོ་གཉིད་ལས་བསླངས།
ཡུལ་གྱར་པ་མང་བོའི་རྒྱང་རིང་གི་རྨི་ལམ་ཡང་།
དུས་ཀྱི་སྐྱ་རེངས་ཀྱིས་བཏེགས་ཏེ།
རླུང་བུ་ལྡང་བའི་ས་སྲོད་དང་བསྲེས།

སྐྱོ་ལྷང་ལྷང་གི་དོ་ནུབ།
རླུང་བུ་སྔར་བཞིན་ལྡང་བྱུང་།
ངས་འདས་སོང་གི་རླུང་བུར་འཚུབ་ལྷོང་ཆེ་ཚུལ་ལ་བསམས་ནས།
ལང་ཇུའི་མཚན་ངོགས་སུ་འགྲེང་བའི་རང་ཉིད།
སང་ཉིན་གྱི་འཆར་གཞིའི་ཀློང་དུ་ཡང་ཡང་བྲིས།

རླུང་ལྡང་བ་མགྱོགས་དྲགས་སོང་།
གནའ་ལམ་ན་ངལ་གསོ་བའི་བདག་གི་དུས་ཚོད་ཀྱང་།
བལྟས་བལྟས་ལ་ནག་པོར་གྱུར་ཏེ།
ཞོགས་པར་ལམ་ལ་ཆས་དུས།
རྨི་ལམ་གྱི་མངའ་ཐང་ཡང་རླུང་གིས་ཁྱེར་ཚར་འདུག

རྩོམ་ཁུངས། ༢༠༢༥ལོའི«བོད་ཀྱི་རྩོམ་རིག་སྒྱུ་རྩལ»དེབ་གསུམ་པ།
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།