༄༅། །ཚངས་སྲས་ལྷ་མོར་བསྔགས་པ་དོན་ལྡན་མཆོད་པའི་མེ་ཏོག

རྩོམ་པ་པོ།:རྨོག་རུ་སངས་རྒྱས་རྒྱ་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-10-17 09:22:29 ཀློག་གྲངས།:
༄༅། །ན་མཿསྭ་ར་སྭསྟྱཻ།
རབ་བརྗིད་འཁྲིལ་ལྡེམ་ཆགས་པའི་ལུས་ཕྲ་འདྲེན་བྱེད་མངོན་པར་བཀྲ་བའི་གཟིས། །
བློ་དམན་ཡོངས་འདུའི་རྨོངས་མུན་གཏན་བཅོམ་སྐྱེ་དགུའི་གཙུག་ན་མངོན་པར་མཛེས། །
དགེ་ལེགས་ཡོན་ཏན་བྱེ་བས་རབ་རྒྱན་མཐོང་བས་ཀུན་དགའི་དཔལ་སྐྱེད་པ། །
འགྲོ་བའི་རེ་སྐོང་འདོད་ལྡན་སྒེག་མོས་ལེགས་པའི་དངོས་གྲུབ་དེང་འདིར་སྩོལ། །

ཁྱོད་ཞལ་རྫོགས་པའི་ཟླ་གཞོན་འཛུམ་པའི་ཚེམས་ཕྲེང་དོ་ཤལ་གཟི་འོད་མདངས། །
རབ་བརྗིད་མཐོན་མཐིང་རྒྱལ་མོའི་རྩེ་རུ་མངོན་པར་འཕགས་པའི་རོལ་སྒེག་བཅས། །
མཐོ་རིས་སྐྱེད་ཚལ་དཔལ་དུ་འཁྲུངས་པ་སྨིན་ལེགས་འཁྲི་ཤིང་གཞོན་ནུའི་གཟུགས། །
དགྱེས་བྱེད་སྙན་ཚིག་རྔ་ཡབ་གསར་བས་མཆོད་པའི་དྲི་བསུང་ཕྱོགས་སུ་གཡོ། །

སྤོས་ངད་དྲི་བཞོན་ཕྱོགས་སུ་ལྡང་བའི་ཆུ་འཛིན་བླ་བྲེ་བཀྲ་བའི་དབུས། །
བརྒྱད་གཉིས་བཅུ་དྲུག་མཛེས་པས་རབ་འཁྱུད་ན་ཆུང་གཞོན་ནུའི་མདངས་ཀྱི་བཅུད། །
དྲི་བྲལ་སྟོན་ཟླ་རྒྱས་པའི་འཛུམ་བཅས་འདབ་ཆགས་ངང་ངུར་མཚོ་རོལ་བ། །
སྲིད་ཞིའི་རྒྱན་གྱི་མཛེས་ཆ་ཀུན་འཕྲོག་ཀུན་རིག་བྱེད་མཁས་མ་ཁྱེད་རྒྱལ། །

ཚངས་སྲས་ངག་རིག་གཏེར་གྱི་ལེགས་ཚོགས་ཡིད་འོང་གཟུགས་སུ་རྒྱན་གྱིས་སྤུད། །
འཇམ་གཉེན་ཕྱག་སོར་ཆུ་སྐྱེས་གཞོན་ནུས་རྒྱུད་མངས་རོལ་དབྱངས་ཆོས་སུ་དཀྲོལ། །
དཀྱུས་རིང་འདྲེན་བྱེད་ཨུཏྤལ་སྤྱན་གྱིས་འགྲོ་རྣམས་ཐུགས་བསྐྱེད་ཡུལ་དུ་གཟིགས། །
རིང་ནས་རྫོགས་པའི་གོ་འཕང་མཆོག་མངའ་ངག་གི་ལྷ་མོས་དངོས་གྲུབ་སྩོལ། །

ཀུན་རྨོངས་ཐོགས་རེག་གཏན་གྱིས་རབ་བཅོམ་ངོ་མཚར་དག་པ་གཉིས་ལྡན་གྱི། །
མཁྱེན་པའི་ཡེ་ཤེས་སྣང་བའི་རོལ་སྒེག་དོན་བཟང་སྨིན་ལེགས་མཛེས་པའི་ཆ། །
ལེགས་བྱས་ངག་གི་སྦྲང་རྩིའི་རྒྱུད་མངས་རྩེ་དགའི་རོ་ལ་འགྲན་དང་བཅས། །
འཕྲལ་ཡུན་རྣམ་བྱང་དགེ་བའི་ངག་ལ་གསུང་དབྱངས་མཆོག་ཏུ་སྦྱིན་ལ་འདུད། །

བདག་ཡིད་འདབ་བཟང་རྩེ་དགའི་སྐྱེས་བཟང་མཆོད་པའི་མཁའ་རུ་གར་དུ་རྩེན། །
ཉམས་མེད་རིང་དུ་སྨོན་པའི་ལྷག་བསམ་ཁྱོད་ཐུགས་མཉེས་པའི་དཔལ་དུ་སྦྲུམ། །
འགུགས་མཁས་དབྱངས་ཅན་མགྲིན་པའི་འཁོར་ལོ་བདེན་གསོལ་ཚིག་གིས་ལེགས་བསུས་ན། །
མཛེས་པར་རབ་འཁྱུད་སྒེག་པའི་ཉམས་བཅས་བདག་མགྲིན་ཁབ་ཏུ་བྱོན་ལ་རེ། །

རྟེན་འབྱུང་གཏམ་གྱིས་སྲིད་ཞིའི་འཇིགས་སྐྱོབ་ཡུམ་གྱུར་དགེ་མའི་གོ་འཕང་མཆོག །
རིང་ནས་བརྙེས་ཀྱང་ཐུགས་རྗེའི་གཞན་དབང་ཐ་མལ་ལུས་ཕྲའི་སྒེག་འཆང་བ།།
དྲན་པའི་མོད་ལ་སྙན་པའི་གདངས་ལྡན་སྦྱོར་བ་མཆོག་གིས་རྒྱས་བཏབ་སྟེ། །
སོར་བཅུའི་འདབ་མ་སྙིང་གར་ཟུམ་ནས་དད་སེམས་མཆོད་པའི་མེ་ཏོག་འདྲེན། །

སྤྲོས་བྲལ་ཆོས་དབྱིངས་རྒྱུད་སྟོང་ལས་འཁྲུངས་སྙིང་རྗེ་རྟ་ཡི་མགྱོགས་འགྲོས་ཀྱིས། །
རྣམ་དཀར་དགེ་ལེགས་དབྱིག་འཛིན་ལྟོ་བར་མངོན་པར་གྲགས་པའི་རྨིག་སྒྲ་ཡིས། །
གསང་གསུམ་མི་ཟད་རྒྱན་གྱིས་དཔལ་འབར་རིན་ཆེན་དྲ་བས་རྟག་མཛེས་པ། །
མཐའ་བྲལ་ཤེས་བྱའི་གནས་ཀུན་གཟིགས་པ་མཚོ་བྱུང་ལྷ་མོ་བདག་མགྲིན་རོལ། །

འདོད་པའི་དཔལ་སྟེར་དཀར་ཟླུམ་གཟུགས་ཀྱིས་ལུས་ཅན་ཡིད་མཚོ་གཏིང་ནས་སྒུལ། །
འཇམ་གཉེན་སྐེད་ཀྱི་རིན་ཆེན་གདུ་བུས་ལྷ་བཅས་དྲང་སྲོང་ཏིང་འཛིན་དཀྲོག །
དད་སེམས་རླབས་ཀྱི་ཕྲེང་བས་ཡོངས་བསྐོར་འཆི་མེད་ཚངས་སྲས་གཞོན་ནུ་མ། །
དྲི་ཟའི་ན་ཆུང་དབུས་སུ་ལྡེམ་པས་སྲིད་ཞིའི་མཛེས་སྡུག་དབང་དུ་བསྡུས། །

སྙན་སྙན་སོར་མོས་ལེགས་པར་སྐུལ་བའི་རྒྱུད་མངས་དབྱངས་ཀྱི་ཕྲེང་བ་ཡིས། །
མི་འགྱུར་བདེ་སྟོང་མཆོག་གི་ཀློང་ལ་སྐད་ཅིག་གཅིག་གིས་ཁྲིད་མཛད་པའི། །
རབ་འབྱམས་མ་ལུས་མཁྱེན་པའི་རྣམ་རོལ་མཆོག་ཀུན་ཚད་མེད་སྦྱིན་པའི་ལྷ། །
འགྲོ་ཀུན་ཁམས་དང་མོས་པར་ཤར་བས་བརྟན་གཡོའི་ནོར་བུའི་རྒྱན་དུ་གྲུབ། །

གང་ཐུགས་འཕྲིན་ལས་རྨད་བྱུང་འོད་དཀར་གཞན་ཕན་འཛིན་མའི་དཔལ་དུ་སྨིན། །
གང་འཚམ་སྲིད་པའི་གདུལ་བྱ་སྐྱོང་མཁས་མཛེས་སྡུག་མཚན་དཔེའི་ལང་ཚོས་སྒེག །
གང་ཞིག་དཔག་བསམ་ངག་གི་འབྲས་ལ་སྨོན་པའི་དད་སེམས་རྟག་འབད་ན། །
གང་གང་ཉེ་བར་མཆོག་ཏུ་སྩོལ་མཁས་ཟད་མེད་རིན་ཆེན་གཏེར་ལ་འདུད། ། 

མཛེས་མཛེས་ཡིད་འཕྲོག་སྙན་འཇེབས་དབྱངས་ཀྱི་ཆོས་སུ་བཀྲམ་པའི་མགྲིན་དབྱངས་ཀྱིས། །
སུམ་རྩེན་གནས་ཀྱི་འདུ་འཛིའི་སྐྱེད་ཚལ་བག་ཕེབས་བདེ་བའི་དབང་བསྒྱུར་ནས། །
ཚུལ་གནས་ཁྲིམས་ལ་རྒོལ་བའི་འཁྲུགས་པ་རིང་དུ་གྱེས་པའི་དབེན་གནས་དེར། །
རབ་གཙང་སྤོས་ངད་ཕྱོགས་སུ་ལྡང་བཞིན་འདྲེན་པ་མཆོག་ཁྱེད་འཛུམ་དཀར་འཕྲོ། །

རྡོ་རྗེ་གསུང་དབྱངས་གསེར་བྱེ་བརྡལ་བའི་འཕགས་པའི་རིན་ཆེན་མཛོད་འཛིན་པ། །
རྗེས་འགྲོའི་ངག་ལ་བརྩེ་བའི་བདུད་རྩིའི་བྱིན་རླབས་སྦྱིན་མཁས་བརྩེ་འཛུམ་ཅན། །
མ་ལུས་གཞན་དོན་གཅེས་སུ་གཉེར་བའི་ཞུམ་མེད་ཕུན་ཚོགས་ལང་ཚོའི་དཔལ། །
ཟབ་རྒྱས་ནོར་བུའི་དྲེགས་པས་རབ་འགྱིངས་འདུས་པའི་གདྒཱའི་ཀླུང་དང་མཉམ། །

ལྷན་སྐྱེས་ཞལ་བཟང་རྫོགས་པའི་དཀྱིལ་འཁོར་རབ་མཛེས་པད་དཀར་མདངས་ཀྱིས་རྒྱན། །
གང་བསམ་རེ་བའི་ལོངས་སྤྱོད་ལྷུན་གྲུབ་ཕྱག་ཟུང་གར་གྱིས་སྤྲོས་མཛད་པ། །
གནག་སྣུམ་དབུ་སྐྱེས་ཕྱེད་དུ་བཅིངས་པའི་མ་བཅོས་རྗེས་ཆགས་གར་སྟབས་ཀྱིས། །
འགྲོ་ཀུན་སྡུག་བསྔལ་གདུང་བ་སེལ་མཛད་གཏན་གྱི་སྐྱབས་སུ་མཆོག་ཏུ་བསྔགས། །

གཡོ་ཟོལ་ནག་ནོག་དྲི་མས་མ་གོས་ཁྱེད་སྐུའི་ལང་ཚོའི་གཟི་བྱིན་བརྗིད། །
འདོད་རྔམ་སྲེད་པའི་དུག་གིས་མ་བཟུང་ཁྱེད་གསུང་སྙན་ཅིང་བརྗིད་ཆགས་ལྡན། །
མ་རིག་གདོན་གྱི་རྩ་བས་མ་ཐུབ་ཁྱེད་ཐུགས་སྟོབས་བཅུའི་དཔལ་ལ་རོལ། །
མི་འཇིགས་བཞི་ལྡན་སྒེག་པའི་གར་ཅན་མཚོ་བྱུང་མ་ཁྱེད་གཏན་དུ་རྒྱལ། །

སྤྲོས་མཛད་དྲི་མེད་ཡིད་ནས་ཐོན་པའི་ཕྱི་ནང་གསང་བའི་མཆོད་ཕྲེང་དང་། །
ལག་སོར་གྱིས་རྙེད་ལང་ཚོ་གསར་བའི་སྙིམ་པའི་མེ་ཏོག་ཟུམ་པའི་འབྲས། །
དགྱེས་མཛད་ལང་ཚོའི་དཔལ་དང་ལྡན་པའི་དབྱངས་ཅན་དགའ་མར་ཕུལ་བ་འདིས། །
རིང་ནས་བསྟེན་པའི་སྐལ་བཟང་རེ་བའི་འདོད་དགུ་སྐོངས་མཛོད་ཚངས་སྲས་ཀྱེ། །

མདོར་ན་དབྱངས་ཅན་ངག་གི་རྒྱལ་མོའི་གསང་གསུམ་མཛད་པའི་ཕྱག་ཡངས་ཀྱིས། །
རྗེས་ཆགས་སྙན་པའི་ངག་རིག་ཚོགས་ལ་སྨོན་པའི་བདག་མགྲིན་ཤིས་གྱུར་ནས། །
དབྱངས་ལྡན་མཐོ་རིས་སྐྱེད་མོས་ཚལ་དུ་སྙན་ཚིག་རྩེ་དགའི་དཔལ་དང་བཅས། །
རྒྱལ་ཡུམ་དབྱངས་ཅན་ལྷ་མོའི་དངོས་གྲུབ་རྟག་ཏུ་རོལ་བའི་སྐལ་ཐོབ་ཤོག །
                        ཅེས་ངག་གི་དབང་ཕྱུག་ལྷ་མོ་དབྱངས་ཅན་མ་ལ་མི་ཕྱེད་པའི་དད་པ་ཐོབ་ཅིང་། སྙན་ཚིག་མགྲིན་པའི་རྒྱུད་མངས་སྐུལ་བ་པོ། རྨོག་རུ་སངས་རྒྱས་རྒྱ་མཚོའམ་སྦྲང་རྩིའི་རྒྱལ་མཚན་དུ་འབོད་པས་བོད་རབ་རྒྱན་ཤིང་འབྲུག་ལོའི་ས་ཟླའི་དུས་ཚེས་བཟང་པོར་དྷཱིཿཚ་དཔལ་ལྡན་བཀྲ་ཤིས་ཆོས་སྡིངས་ཀྱི་རང་སྤྱིལ་དཔེ་མང་སྤུངས་པའི་དགའ་ཚལ་དུ་སྦྱར་བ་འདིས་ཚངས་སྲས་ལྷ་མོའི་བྱིན་རླབས་ཀྱི་ཚན་ཁ་འཐོབ་པའི་རྒྱུར་གྱུར་ཅིག །
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།