སྐྲ་ལུང་། (སྒྲུང་རིང་མུ་འགོད་ལས་ཁག་སོ་གསུམ་པ།)

རྩོམ་པ་པོ།:རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2025-10-17 08:22:59 ཀློག་གྲངས།:
སྐྲ་ལུང་།
ལྷ་མོ་རྒྱ་མཚོས་བརྩམས།
རྐྱང་རྩེ་རྡོར་ལྷུན་གྱིས་བསྒྱུར།

ལེའུ་རེ་ལྔ་པ།
       ཞིང་ཆེན་བརྙན་འཕྲིན་ཁང་དང་འབྲེལ་ཡོད་རིག་རྩལ་ལས་ཁུངས་ཀྱིས་མཉམ་འབྲེལ་སྒོས་མཚོ་སྔོན་གྱི་མེ་ཏོག་ལེན་ལུགས་ཀྱི་རི་གླུའི་བྱ་དགའ་ཆེན་པོའི་འགྲན་བསྡུར་སྤེལ་མགོ་བརྩམས། པདྨ་རྒྱལ་མོས་ང་ལ་འཕྲིན་ཐུང་བསྐུར་ཡོང་ནས་མོར་མེ་ཏོག་ལེན་ལུགས་ཀྱི་གླུ་ཚིག་ཡག་པོ་ཉི་ཤུ་གྲ་སྒྲིག་བྱེད་དགོས་པའི་རེ་བ་བཏོན། ངས་དྲ་རྒྱའི་ཁ་ཕྱེ་སྟེ་ནན་ཏན་གྱིས་གླུ་ཚིག་འགའ་བདམས་ལ། ཡང་གར་སྟེགས་སྟེང་གི་སྐབས་བསྟུན་འཁྲབ་སྟོན་གྱི་དགོས་མཁོར་གཞིགས་ནས་གླུ་ཚིག་འགའ་སྒྲིག་རྩོམ་བྱས་ཏེ་མོ་ལ་བསྐུར། པདྨ་རྒྱལ་མོས་བལྟས་རྗེས་ཡིད་ཚིམ་པའི་ངང་། གླུ་ཚིག་འདི་དག་གིས་མཛེས་ཤིང་སྡུག་ལ་ཞིམ་ངད་ལྡན་པའི་བརྩེ་དུང་མངོན་ཡོད་པ་མ་ཟད། མཛེས་སྡུག་ལྡན་པའི་མཚོ་སྔོན་ལ་བསྟོད་བསྔགས་ཀྱང་བྱས་འདུག་ཅིང་། ད་དུང་ལེན་པའི་སྐབས་སུ་ཁ་ལ་བདེ་བ་སོགས་ཀྱི་ཁྱད་ཆོས་ལྡན་པས་ཤིན་ཏུ་ལེགས་ཟེར་ལ། མོས་ད་དུང་། ཐེངས་འདིའི་ཨང་དང་པོའི་བྱ་དགའ་ནི་འཇེམ་འཁོར་ཞིག་ཡིན་པས། ཁྱོད་ཀྱིས་ད་དུང་ང་ལ་ངར་ཤུགས་སྤྲད་ནས་རྒྱབ་སྐྱོར་བྱོས་དང་། གལ་ཏེ་བྱ་དགའ་འདི་ཐོབ་ན་མཚན་སྙན་ང་ལ་དབང་ཞིང་། བྱ་དགའ་ཁྱོད་ལ་དབང་ངེས་ཟེར། ངས་དེ་ནི་མོའི་ཀུ་རེ་རྩེ་བ་ཤེས་མོད་ཀྱང་། ཡང་སེམས་སུ་སྔར་བཞིན་ནང་གསེས་ཀྱི་དོན་ཞིག་སྒྲུབ་རོགས་བྱས་ན་བསམ།
       ངས་གནས་ཚུལ་དེ་ཡོས་ལན་ལ་བཤད་པ་ན། ཡོས་ལན་གྱིས་ཀྱང་རྒྱབ་སྐྱོར་བྱེད་པའི་བསམ་ཚུལ་མཚོན། མོས། ངས་ཞིང་ཆེན་གྱི་རིག་རྩལ་ཁྱབ་ཁོངས་སུ་ལོ་འདི་འདྲའི་མང་པོའི་རིང་འབད་བརྩོན་བྱས་པས་མིའི་བར་འབྲེལ་བ་ངེས་ཅན་ཞིག་ཡོད། གལ་ཏེ་པདྨའི་རྒྱལ་མོས་བླངས་པ་ལེགས་ཤིང་ཀུན་ལས་རྒྱལ་བའི་འཇོན་ནུས་ལྡན་ཚེ་གཞན་གྱིས་གཡོ་སྐྲོད་བྱེད་པར་སྐྲག་མི་དགོས་ཟེར།
       འགྲན་བསྡུར་ཆེན་པོའི་འགོ་ཚུགས་མཛད་སྒོ་འཚོགས་པའི་ཉིན་དེར། ངས་ཡོས་ལན་ཡང་ཁྲིད་དེ་པདྨ་རྒྱལ་མོར་ངོ་ཤེས་སུ་བཅུག ཡིན་ནའང་དགོས་མེད་ཀྱི་རྙོག་དྲ་མི་འབྱུང་བའི་ཆེད་དུ། ངས་ཡོས་ལན་ལ་མི་གཞན་པར་ངེད་གཉིས་བར་ལས་གྲོགས་ཡིན་པ་ལས་གཞན་པའི་འབྲེལ་བ་ཅི་ཡང་ཤེས་སུ་མི་འཇུག་པར་བྱས། ཡོས་ལན་དང་ཡུལ་དངོས་ཀྱི་དཔོན་རིགས་ལྟ་བུའི་མི་སྣ་ཁག་ཅིག་གིས་རྒྱུན་ཆད་མེད་པར་ཕན་ཚུན་ལ་འཚམས་འདྲི་བྱས་པ་མ་ཟད། ད་དུང་པདྨ་རྒྱལ་མོ་ཡང་ཁོ་ཚོ་ལ་ངོ་སྤྲོད་བྱས། མི་འདི་དག་ལས་མང་ཆེ་བ་ནི་མེ་ཏོག་ལེན་ལུགས་ཀྱི་ཆེད་མཁས་པ་ཤ་སྟག་ཡིན་པས་པདྨ་རྒྱལ་མོའི་སྙན་གྲགས་ཐོས་མྱོང་ཞིང་། དྲང་མོར་བཤད་ན། ངོ་སྤྲོད་མ་བྱས་ཀྱང་། མོ་ནི་ད་གཟོད་ང་ཚོའི་དེ་རིང་གི་གར་སྟེགས་སྟེང་གི་གདུང་འདེགས་ཀྱི་ཀ་བ་ལས་མ་འདས།
       པདྨ་རྒྱལ་མོ་ལས་སླ་བའི་ངང་ནས་ཐོག་མའི་འགྲན་སྐོར་འགའ་ལས་རྒྱལ། མི་འགྱངས་པར་མོས་ཆེས་མཐའ་མའི་འགྲན་སྐོར་གཉིས་ཀྱི་ཆེས་ཚད་མཐོའི་མེ་ཏོག་ལེན་ལུགས་ཀྱི་གླུ་བ་ཚོ་དང་མཐའ་མཇུག་གི་རྒྱལ་ཕམ་རྩོད་དགོས།
       ང་དང་ཡོས་ལན་གཉིས་ཀྱིས་པདྨ་རྒྱལ་མོར་གྲོགས་བྱས་ཏེ་འགྲན་སྐོར་སྔོན་མ་འགའ་ལས་རྒྱལ་མོད་ཀྱང་། ཡིན་ནའང་ཡོས་ལན་གྱི་ལུས་ཁམས་ལན་རེར་བཟང་ལ་ལན་རེར་སྡུག་སྟེ་སེམས་ཁམས་ཀྱང་སྙོམས་འཇུག་བྱེད་མི་ཐུབ་པས། བཟང་བའི་དུས་སུ་ངའི་ཁམས་དང་ཤིན་ཏུ་བསྟུན་ཞིང་། ངན་པའི་དུས་སུ་མོས་ཁོ་བོ་ངོ་ཤེས་དོན་ཅི་ཡིན་ཞེས་འཁང་རའང་བྱེད་སྲིད་པས་མཇུག་སྐྱོང་མ་ཐུབ། མོ་ད་ལྟ་ཁྱིམ་མེད་ཀྱི་ཁེར་རྐྱང་གི་གནས་སུ་གྱར་ཡོད་པས། ངས་འཇམ་པའི་ངག་གིས། མོ་དུས་རྒྱུན་དུ་ཕྱི་རོལ་དུ་སོང་ནས་སེམས་གཡེང་བྱས་ཆོག་པ་དང་། མོ་རང་གི་སྐྱེས་ས་སྐྱེས་ཡུལ་ཕ་ཡུལ་དུ་སྐོར་རེ་བརྒྱབ་ན་བཟང་ཚུལ་སྨྲས་ལ། སྤྱིར་ད་ལྟ་དེ་རུ་རང་གི་དྲིན་ཆེན་གྱི་ཕ་མ་གཉིས་མི་བཞུགས་ཀྱང་། གཞན་ཕུ་བོ་དང་གཉེན་ཉེ་དག་ལ་ལྟ་རུ་སོང་ཆོག་པ་མ་ཟད། ད་དུང་ས་གནས་དེ་གའི་སྐད་གྲགས་ཆེ་བའི་དགོན་པ་དང་མཛེས་ལྗོངས་ཁུལ་གཞན་དག་ལ་འཆམ་འཆམ་དུ་སོང་ཆོག་ཅེས་སེམས་གསོ་བྱས་པས། མོའང་ངའི་བསམ་ཚུལ་ལ་འཐད་པ་བྱུང་།
       ཡོས་ལན་སྐྱེལ་མ་བྱས་རྗེས། ང་ཚོས་ཁ་པར་དང་ཕྲིན་ཐུང་སྤྱད་དེ་འབྲེལ་གཏུགས་བྱས་པ་ཡིན། ངས་ཕྲིན་ཐུང་དུ་གཞོན་ནུ་ཚོའི་ངར་ཤུགས་ཆེ་བའི་བརྩེ་དུང་གི་སྐད་ཆ་ལྟ་བུ་སྤྱད་དེ་ཁོང་དང་འབྲེལ་འདྲིས་བྱས་ཤིང་། ངའི་ཆེད་དུ་རྨས་སྐྱོན་ཕོག་པའི་མོའི་རྣམ་ཤེས་དེ་སླར་གསོ་བྱེད་པར་འབད་ལ། ང་ཚོའི་ཐག་སྐུད་བཞིན་ཆད་པའི་ཐོག་མའི་བརྩེ་དུང་གི་མཇུག་དེ་སླར་ཡང་སྦྲེལ་གང་ཐུབ་བྱས།
       ཁ་བྲལ་ནས་ཆུ་ཚོད་གཉིས་ལྷག་ཙམ་སོང་མ་ཐག ངས་དེ་མུར་ཕར་ཕྲིན་ཐུང་བསྐུར་བ་སྟེ། སྙིང་ཉེ་ལགས། གང་དུ་སླེབས་ཟིན། འགྲུལ་བཞུད་བདེ་མོ་ཡིན་ནམ་ཞེས་པར།
       ཕ་རོལ་ནས། ང་རྨ་ལྷོ་རྫོང་གི་རིའི་ཕ་རོལ་དུ་སླེབས་ཟིན། གནམ་ངོ་འཐིབས་ནས་ཆར་ཟིམ་བབས་པས་སེམས་འཚུབ་ཤིང་དངངས་ཞེས་བསྐུར་ཡོང་།
       ངས། ངས་ཁྱོད་ལ་རི་གླུ་འགའ་བཤད་ནས་སེམས་ལྷོད་ལ་འབབ་པར་བྱས་ན་ཆོག་གམ་ཞེས་པར།
       མོས། ཁྱོད་ཀྱིས་ཤོད་དང་། ངས་བལྟས་ཡོད་ཅེས་བསྐུར་ཡོང་།
       ངས་འདི་ལྟར་བྲིས་པ་སྟེ།
ལོ་གཅིག་གི་རྟེ་འུ་ཁ་རར་བཏགས། །
རྟ་རྒན་ཁོ་ཕྱོགས་བཞིའི་ལ་ལུང་བརྒྱུད། །
སེམས་སྐྱོ་ན་ངེད་གཉིས་རི་གླུ་ལེན། །
མི་ལེན་ན་ལྷོ་རི་སེམས་ལ་སྒོམ། །ཞེས་པར།
       ཡོས་ལན་གྱིས། ལྷོ་རི་དྲན་དོན་ཅི་ཡོད་ཟེར་བར།
       ངས་ཡང་།
ཆང་འཐུང་འདོད་ཅོག་ཙེ་གྲུ་བཞིའི་སྟེང་། །
ཆ་འདྲ་བའི་ཆང་ཕོར་མི་འདུག་གོ །
འབྲོག་པ་ཡི་ནོར་ནག་གང་འདོད་འགྲོ། །
ལྷོ་རི་ནས་དགའ་བའི་རྩེད་མོ་ཡོད། །
       ཡོས་ལན་གྱིས་བལྟས་མ་ཐག་བགད་བྱུང་སྟེ། ཧ་ཧ་ཧ། ཁྱོད་ནི་ངོ་མ་དགོད་བྲོ་བ་ཞིག་རེད་ཟེར།
       དེ་ལྟར་ཆུ་ཚོད་གསུམ་ལྷག་ཙམ་སོང་རྗེས། མཐར་ཡོས་ལན་རང་གི་སྐྱེས་ས་སྐྱེས་ཡུལ་ཏེ། སྒོ་མང་ལ་སླེབས་བྱུང་།
༦༥
       ཚེ་ལོའི་ནུ་བོ་སློབ་གྲྭར་འགྲོ་མཚམས་བཞག་རྗེས། སྤོ་བོས་ཁོ་ལ་ཆུང་མ་ལེན་པར་གྲ་སྒྲིག་བྱས། ཨ་ཕས། ཁོའི་ཨ་མ་ཚེ་ལས་འདས་ནས་ཡུན་རིང་མ་སོང་། བྱིས་པའི་ལོ་ཚོད་ཀྱང་ཆུང་བས། གཉེན་སྒྲིག་བྱེད་པའི་དུས་སུ་མ་སླེབས་ཟེར། སྤོ་བོས། ཆུང་རྒྱུ་མི་འདུག ངས་ཁྱོད་ཀྱི་ཨ་མ་མནའ་མར་ལེན་སྐབས་ལོ་བཅོ་ལྔ་ལས་མེད། ཁོ་ནི་ལོ་བཅུ་དགུར་སླེབས་ཡོད། ཡང་ཅིག་བཤད་ན། ཁྱིམ་དུ་བུད་མེད་གཅིག་ཀྱང་མེད་ན་ཁྱིམ་ཚང་ཞིག་དང་མི་འདྲ་ཞེས་སྨྲས། ཨ་ཕས་ཡང་། ད་ལྟ་སྔོན་ཆད་དང་མི་འདྲ་སྟེ། གཉེན་སྒྲིག་བཅའ་ཁྲིམས་ཡོད་པས། ཕོ་ལོ་ཧྲིལ་ལོ་ཉི་ཤུར་སོན་ན་ད་གཟོད་གཉེན་སྒྲིག་བྱས་ཆོག མ་གཏོགས་གཉེན་སྒྲིག་ལག་ཁྱེར་ཐོབ་མི་ཐུབ་ཟེར། སྤོ་བོས། ཁྱིམ་དུ་ངལ་རྩོལ་བྱེད་མིས་མི་འདང་བས། སྔོན་ལ་ཁྱིམ་ཚང་སྐྱོང་རྒྱུ་གལ་ཆེ་བ་ལས། གཉེན་སྒྲིག་ལག་ཁྱེར་གྱིས་ཅི་བྱེད་དམ་། ང་དང་ཁྱོད་ཀྱི་ཨ་མར་གཉེན་སྒྲིག་ལག་ཁྱེར་མེད་ཀྱང་མི་ཚེ་གང་བོར་དེ་ལྟར་ཡོང་བ་མིན་ནམ་ཟེར།
       སྤོ་བོའི་སྐད་ཆ་ལ་བདེན་ལུགས་མེད་མོད། འོན་ཀྱང་ཨ་ཕར་ཡིད་འགུལ་ཐེབས་སུ་བཅུག ཡིན་ཏེ། གྲོང་གསེབ་གྱི་བུ་བུ་མོ་ཚོ་སྤྱིར་བཏང་དུ་གཉེན་སྒྲིག་བྱེད་སྔ་ཙམ་འདུག གལ་ཏེ་སྔ་ཙམ་གཉེན་མ་སློང་ན། བུ་མོ་གཤིས་བཟང་དག་སྔོན་ལ་གཞན་གྱིས་འཕྲོག་སྲིད་པ་མ་ཟད། ཁྱིམ་དུའང་དངོས་གནས་མནའ་མ་ཞིག་གི་དགོས་མཁོ་ཡོད་འདུག
       སྤོ་བོར་གཉེན་སློང་བའི་ཚད་གཞི་གསུམ་མ་གཏོགས་མེད་དེ། གཅིག་ནས་སྙིང་རུས་ལ་ལྟ་བ་དང་། གཉིས་ནས་ཁྱིམ་གྱི་སློབ་གསོ་ལ་ལྟ་བ། གསུམ་ནས་རྐང་ལག་ལ་ལྟ་བ་བཅས་རེད། དེ་ནང་དུའང་ཁོང་གིས་ལྷག་ཏུ་རྩིས་མཐོང་བྱེད་པ་ནི་སྙིང་རུས་རེད། ཁོང་གིས། ང་ཚོའི་ཁྱིམ་རྒྱུད་ལ་ལོ་རྒྱུས་རིང་བོ་ཡོད་པ་དང་། སྙིང་རུས་ནི་ཤིན་ཏུ་བླ་མེད་དུ་རྩི་བ་ཡིན། དེ་ཡང་རྗེས་སུ་སྤྱི་ཚོགས་ཀྱི་གཡོ་འགུལ་དང་རང་བྱུང་གི་གནོད་འཚེའི་བརྒྱུད་རིམ་ཁྲོད་དུ་དཀའ་སྡུག་གི་འཚོ་བར་བརྒྱུད་མྱོང་ཡང་། འོན་ཀྱང་། མི་དབུལ་ཡང་སྙིང་རུས་མི་དབུལ་ཞེས་པའི་འདུ་ཤེས་བརྟན་པོ་རྒྱུན་འཛིན་བྱས་ཡོད། གལ་ཏེ་གཉེན་ཉེ་བཙལ་ནོར་ཚེ་གཞན་གྱིས་འཕྱ་སྨོད་བྱེད་ཁོ་ཐག་ཡིན་ཞེས་སྨྲས། ནུ་བོས། སྤོ་བོའི་ཚད་གཞི་དེ་དག་ཚང་མ་ངས་ཁས་ལེན་བྱེད་ཀྱིན་ཡོད་མོད། འོན་ཀྱང་ད་ལྟ་ངེས་པར་དུ་རིག་གནས་ཡོད་དགོས། རིག་གནས་མེད་ན་སླད་ཕྱིན་གྲོང་གསེབ་གྱི་ཚན་རིག་དང་མཐུན་པའི་རྨོ་འདེབས་བྱ་རྒྱུའང་གནད་དོན་ཞིག་རེད་ཟེར། དེའི་ཐད་སྤོ་ལོ་བོ་དང་ཨ་ཕ་ཚང་མར་ངོ་རྒོལ་གྱི་བསམ་འཆར་མི་འདུག ཉིན་དེར། ནུ་བོས་བུ་མོ་སྙིང་རུས་ཅན་དུས་རབས་ཀྱི་ཆ་ལུགས་ཀྱི་མཛེས་ཆས་སྤྲས་པ་ཞིག་ཁྱིམ་དུ་ཁྲིད་ཡོང་སྟེ་ཨ་ཕ་དང་སྤོ་བོར་ལྟ་རུ་བཅུག བུ་མོ་ཕྱིར་སོང་རྗེས། ཨ་ཕས་ཅང་མི་སྨྲ་མོད། འོན་ཀྱང་སྤོ་བོས་མགོ་བོ་གཡུག་གཡུག་ཁོ་ན་བྱེད། རེད་མོད་ཀྱང་ཚང་མས་དེའི་ཡང་སྙིང་གི་བརྗོད་བྱ་ཅིའི་ཕྱིར་རྟོགས། དེ་ལ་སྤོ་བོས། གནས་ཡུལ་མ་འགྲིམས་པའི་བུ་མོའང་སྐྱེས་པའི་ཁྱིམ་དུ་འཛུལ། ད་དུང་ཁྱིམ་གྱི་སློབ་གསོ་ཟེར་བ་ཡོད་དམ་ཟེར། དེར་ཨ་ཕས། ད་སྐབས་སྤྱི་ཚོགས་འཕེལ་རྒྱས་སུ་ཕྱིན་ཡོད་པས། གནས་ཚུལ་འདི་ལྟ་བུ་ནི་ཡོད་སྲིད་པ་ཞིག་རེད་ཟེར་བ་ན། སྤོ་བོས། ཁྱོད་ཀྱིས་མོའི་མཛེས་སྤྲས་བྱེད་སྟངས་ལ་ལྟོས་དང་། མེ་ཏོག་གི་རྫ་བུམ་སྒྲིག་ཚུལ་དང་འདྲ། ངེད་ཚང་ལ་ཡོང་ནས་ཞིང་ལས་ལས་པའི་མི་མ་རེད་ཟེར། ཨ་ཕས་ཁྱིམ་མཚེས་སྡེ་བར་བུ་མོ་ཞིག་ཡོད་པར་འདང་ཞིག་བརྒྱབ་ན་ཅི་འདྲའམ་ཞེས་པར། སྤོ་བོས། བུ་མོ་དེ་ངས་རིག་མྱོང་། རྐང་ལག་དལ་དྲག་སོང་། ལམ་ལ་འགྲོ་དུས་ཀྱང་ཡང་མོ་བདེ་མོ་ཞིག་མ་རེད། ལས་ཀ་ལས་ན་ཁོ་ཐག་མི་ལ་བྲེལ་སྣང་སྟེར་ངེས་ཟེར། དེ་ལྟར་ཁྱིམ་ཚང་མང་པོ་ཞིག་གླེང་གླེང་མཐར་ད་གཟོད་གཞི་ནས་ཚང་མའི་བློར་བབ་པའི་བུ་མོ་ཞིག་གླེང་བྱུང་། ཏག་ཏག་མི་ལོ་ཉི་ཤུར་སོན་པའི་ཉིན་དེར་ཁོ་ཚོས་བྲེལ་མྱུར་སྒོས་གཉེན་སྒྲིག་བྱས།
       ནུ་བོ་གཉེན་སྒྲིག་བྱས་རྗེས། ཚེ་ལོའི་སེམས་ཀྱང་ཇེ་བདེར་མི་ཉུང་བ་ཞིག་སོང་། ཉིན་དེར་ཁོ་རྫོང་དུ་སློབ་གྲོགས་འགའི་ལྷན་ཚོགས་ལ་ཞུགས། གསོལ་སྟོན་གྱི་སྟེང་དུ་ཆང་འཐུང་ནས་སྣང་བ་དགུང་དུ་སླེབས་དུས། སློབ་གྲོགས་ཚོས་གླུ་ལེན་གར་རྩེ་བྱེད་ཅིང་གསོལ་སྟོན་གྱི་སྤྲོ་སྣང་སྐྱེད། གླུ་གར་གྱི་རེས་མོས་ཚེ་ལོའི་མཚམས་སུ་སླེབས་བྱུང་། ཁོས་རང་ཉིད་ཀྱིས་གསར་རྩོམ་བྱས་པའི«ཉི་མའི་སོམ་ཉི»ཞེས་པའི་སྙན་ངག་ཅིག་འདི་ལྟར་གྱེར་འདོན་བྱས།
       ཉི་མས་སྤྲིན་གྱི་སེང་རས་ཁྲོད་ཞལ་རས་མངོན་བྱུང་།
       མུ་མེད་ཀྱི་སྤང་ལྗོངས་ལ་ཅེར་ནས།
       སྤང་ལྗོངས་ཀྱི་གྲུ་ཟུར་དུ་ཟས་འཚོལ་བའི་ལུག་ཁྱུ།
       སྤྲིན་དཀར་མཁའ་དབྱིངས་སུ་བཏིང་བ་དང་གཉིས་སུ་མ་མཆིས།

       ཉི་མས་རབ་རིབ་ཀྱི་མིག་ཟུང་ཕུར་ཕུར་བྱས་པས།
       མཛེས་སྡུག་ཡིད་འོང་གི་ཕྱུགས་རྫི་བུ་མོ་མིག་ལམ་དུ་མངོན་བྱུང་།
       དེ་ནི་སྤྲིན་དཀར་ཁྲོད་འཛུམ་པའི་ཟླ་བ་དང་ཇི་འདྲའི་མཚུངས་ཨང་།

       ཉི་མ་སོམ་ཉིའི་དྲ་རྒྱར་ཚུད་བྱུང་།
       གང་ནི་གནམ་དང་གང་ནི་སྤང་ལྗོངས་ཡིན་ཞེས་རྣམ་དབྱེ་མ་ཕྱེད།
       ཚང་མས་ཐལ་མོ་མཉམ་དུ་རྡེབ་བཞིན་སྨྲ་རྒྱུར། སྙན་ངག་འདིའི་ཡིད་ཡུལ་ལེགས་པ་མ་ཟད། རྣམ་པའི་ཐོག་ནས་ཀྱང་རྐང་པ་བཞི་གསུམ་གཉིས་ཡིན་པའི་ཁྱད་ཆོས་དང་ལྡན་པས། འགྲེམས་སྤེལ་བྱེད་པར་བསྐུར་ཆོག་ཟེར། དེར་མཐུད་ནས་ལ་ལས་གྲོས་གཞི་བཏོན་ཏེ་ སློབ་གྲོགས་ཚོས་སྙན་ངག་ཚོགས་པ་ཞིག་བཙུགས་ན་བསམ། དེ་ལྟར་བྱས་ན་ཕྱོགས་གཅིག་ནས་སྙན་ངག་འབྲི་སྦྱོང་བྱེད་ཐུབ་པ་དང་། ཕྱོགས་གཅིག་ནས་ད་དུང་མཛའ་སེམས་གཅིག་ཏུ་སྦྲེལ་ཐུབ་པས། དོན་དེར་ཚང་མའི་རྩིས་མཐོང་གི་བློ་ཁ་གཅིག་ཏུ་མཐུན།
       ལྷན་འཛོམས་གྲོལ་སོང་། ཚེ་ལོས་སྙན་ངག་ཁ་ཤས་ཤིག་ཞིང་ཆེན་གྱི་དུས་དེབ་རྩོམ་སྒྲིག་ཁང་ཞིག་ལ་བསྐུར་རྗེས། ཡང་ཚང་མའི་བསམ་འཆར་གཞིར་བཟུང་སྟེ་སྙན་ངག་ཚོགས་པ་འཛུགས་པར་ཞིབ་ཕྲའི་ཇུས་གཞི་བཏོན། ཁོས་སྙན་ངག་ཚོགས་པའི་མིང་དང་། གཙོ་སྒྲིག་པ། ཨུ་ཡོན་སོགས་ལས་བགོས་ཞིབ་ཕྲ་བཟོས། ཇུས་གཞིར་གྲོས་མཐུན་བྱུང་རྗེས། ཚང་མས་རང་ཉིད་ཀྱི་ལས་བགོས་ལྟར་ལས་ཀ་བྱེད་འགོ་བརྩམས། སྐབས་དེར། ཚེ་ལོ་ཡི་སྙན་ངག་འགྲེམས་སྤེལ་བྱས་ཟིན་ལ། ཡུན་རིང་མ་འགོར་བར«ལྗང་མྱུག»ཅེས་པའི་སྙན་ངག་གི་སྣུམ་པར་དུས་དེབ་ཞིག་ཀྱང་སྒོར་ཐོན་ཞིང་། ད་དུང་རྩོམ་རིགས་ལ་མོས་མཁན་ཁ་ཤས་ཀྱང་ཚོགས་པར་ཞུགས་ཤིང་ཚང་མ་མཉམ་དུ་འཛོམས་ནས་རྟེན་འབྲེལ་ཡག་པོ་ཞུས།
རེ་དྲུག་པ།
       ཉིན་དེའི་ཉིན་གུང་གི་དུས་སུ། ཀྲུའུ་ཕིན་གྱིས་ཁོ་བོར་ཁ་པར་བཏང་ཡོང་སྟེ། ཉེ་ལམ་ངའི་འཚོ་བ་ག་འདྲ་ཡིན་པ་དང་། གསར་རྩོམ་གྱི་གནས་ཚུལ་ཅི་འདྲ་ཡིན་པ་དྲིས། ངས་ཕྱེད་གབ་ཕྱེད་སྐུང་གིས། ང་དང་སྒྲོལ་མ་གཉིས་བར་ཁྱིམ་ཚང་གི་འགལ་བ་ཁ་ཤས་བྱུང་བས། སེམས་ཁམས་སྐབས་ལར་བཟང་ལ་སྐབས་ལར་སྡུག གསར་རྩོམ་ཡང་ཆད་མ་མཐུད་ཀྱིས་འཕེལ་རྒྱས་དེ་ཙམ་མ་བྱུང་ཞེས་ལན་བཏབ། ཀྲུའུ་ཕིན་གྱིས་ཚོར་བ་སྐྱེན་པའི་སྒོ་ནས། དེ་ནི་ངའི་རྐྱེན་གྱིས་མ་ཡིན་ནམ་ཟེར། ངས། འཚོ་བའི་ཁྲོད་དུ་གོ་ནོར་ཐེབས་པ་ཙམ་ཡིན་པས། ཁྱོད་དང་འབྲེལ་བ་ཅི་ཡང་མེད་ཅེས་བཤད། ཀྲུའུ་ཕིན་གྱིས། འོ་འོ་ཞེས་ཁས་ལེན་བྱེད་ཞོར་དུ། ངས་འདང་བརྒྱབ་པ་མང་སོང་ཟེར་བ་ལས་ད་ཡང་ཅང་མ་དྲིས།
       ཁ་པར་བཏང་ནས་ཚར་མ་ཐག ང་ལ་ཡོས་ལན་གྱིས་བསྐུར་ཡོང་བའི་འདྲ་པར་དང་ཕྲིན་ཐུང་འབྱོར་བྱུང་། འདྲ་པར་འདི་དག་གིས་སྒོ་མང་གྲོང་ཚོའི་མཐའ་འཁོར་གྱི་ས་ཁམས་ཁོར་ཡུག་དང་མཛེས་སྡུག་ལྡན་པའི་མཛེས་ལྗོངས་མཚོན་བཞིན་ཡོད། སྒོ་མང་གྲོང་ཚོ་ནི་ཆུ་ནུབ་ཀྱི་རི་བོ་ཆུང་ཆུང་ཞིག་གི་འདབས་སུ་ཆགས་ཡོད། ཁ་གཏད་དུ་བརྗིད་ཉམས་ལྡན་པའི་སྒོ་མང་རི་བོ་འགྱིངས་ཡོད། སྒོ་མང་རི་བོའི་རྒྱབ་ཕྱོགས་ཀྱི་ངང་པའི་ལག་པའི་དབྱིབས་ཀྱི་པང་དུ། གནའ་བོའི་སྡོང་བོ་ཡིས་གསེར་འོད་ལམ་ལམ་འཕྲོ་བའི་སྒོ་མང་དགོན་པ་གབ་ཡོད། ཟླ་ལྔ་པའི་ཟླ་དཀྱིལ་གྱི་སྒོ་མང་རི་བོའི་ཡུལ་ལྗོངས་ནི་ཇི་འདྲའི་མཛེས་ཤིང་ནམ་ཟླ་ནི་ཇི་འདྲའི་དྭངས་ཤིང་གསལ། དུས་དེར། ཡོས་ལན་གྱིས་གཉེན་ཉེ་ཚོར་ཐུག་འཕྲད་བྱས་རྗེས་གཅིག་པུ་སྒོ་མང་དགོན་པའི་ཕྱོགས་སུ་འགྲོ་སའི་ཀྱག་ཀྱོག་གི་ལམ་ཕྲན་སྟེང་དུ་བསྐྱོད་བཞིན་ཡོད།
       ཡོས་ལན་གྱིས་ལམ་ནས་འགྲོ་ཞོར་དུ་མཛེས་ལྗོངས་མྱོང་བཞིན་ཡོད་ལ། ངལ་གསོའི་བར་གསེང་དང་བསྟུན་ནས་མོས་མཐོང་བའི་ལྗོངས་རྣམ་ཡོད་ཚད་པར་བླངས་ཏེ་ང་ལ་བསྐུར་བཞིན་འདུག
       ཡོས་ལན་གྱིས་ཕྲིན་ཐུང་དུ་ཡ་མཚན་པའི་ངང་། ཨེ་མ། གནས་འདི་ཇི་འདྲའི་མཛེས་ཨང་། སྔོ་ཞིང་བསངས་པའི་ནམ་མཁའ་དང་། དཀར་ཞིང་འཇམ་པའི་སྤྲིན་དཀར། ཚང་ཚིང་རྒྱས་པའི་རྩྭ་ལྗང་། མཛེས་སྡུག་ལྡན་པའི་མེ་ཏོག སྙན་ཞིང་འཇེབས་པའི་བྱ་བྱིའུ། ངོ་མས་མི་ཡུལ་གྱི་དག་ཞིང་ཟེར་བ་རེད་ཨང་ཞེས་བྲིས་འདུག
       མོའི་སེམས་གཏིང་ནས་འཕྱུར་བའི་ངོ་མཚར་བའི་འབོད་སྒྲ་དེ་ཐོས་རྗེས། ངས་མཚོ་སྔོན་གྱི་མེ་ཏོག་ལེན་ལུགས་ཀྱི་རི་གླུས་ཁོ་མོར་བཅངས་པའི་ཞིམ་ངད་ཀྱི་བརྩེ་དུང་མཚོན་པར་བྱས།
སྨུག་སྤྲིན་གྱིས་འཁྲིལ་བའི་སྒོ་མང་རིར། །
བྱ་བརྒྱ་ཡི་སྐད་སྙན་ལྷང་ལྷང་གྲགས། །
ཡ་ཆུང་གི་ཡོས་ལན་རི་ཁྲོད་ཉུལ། །
འཚོ་བ་ནི་སྒོམ་བཞུགས་དྲང་སྲོང་འདྲ། །

སྨུག་སྤྲིན་གྱིས་བསྐོར་བའི་སྒོ་མང་རིར། །
ཡིད་འཕྲོག་གི་མེ་ཏོག་ཁྲི་འབུམ་བཞད། །
སྙིང་སྡུག་གི་ཡོས་ལན་དབུས་སུ་འགྲེང་། །
འཚོ་བ་ནི་པདྨའི་རྒྱལ་པོ་འདྲ། །
       ངས་བསྟུད་མར་རི་གླུ་གཉིས་བསྐུར་རྗེས་ཡོས་ལན་གྱིས། ཁྱོད་ཀྱིས་ངེས་ངེས་མིའི་མགོ་གཡོགས་ཤེས། ང་དེར་ཧ་ཅང་དགའ། ང་ནི་སྤྲིན་ཁྲོད་དུའམ་རྨི་ལམ་ནང་དུ་ཡོད་པ་དང་འདྲ། གལ་ཏེ། ད་ལྟ་ཁྱོད་ཀྱང་ངའི་མདུན་དུ་ཡོད་པ་དང་ཡང་ན་གནས་འདིར་ངེད་གཉིས་ཀྱི་ཁྱིམ་གཞིས་ཡོད་ན་ཇི་འདྲའི་སྐྱིད་པ་ལ་ཨང་ཟེར།
       ངས་མོ་དགའ་ཡོད་པ་ཤེས་རྗེས། ཡང་བསྐྱར་རི་གླུ་གཉིས་བྲིས་ནས་བསྐུར།
དྲི་ཞིམ་གྱི་མེ་ཏོག་བྱ་བྱིའུ་ཡི་སྙན་འཇེབས་གླུས། །
ཡོངས་ཁྱབ་པའི་སྒོ་མང་ལྷའི་བྱིན་གྱིས་ཡོངས་སུ་བསྐོར། །
བུ་མོ་ཁྱོད་མི་ནི་བདེ་སྐྱིད་ཀྱིས་སིམ་པར་ཤོག །
ཕུ་བོ་ང་དེ་ཁྲོད་འབྲེལ་མེད་དུ་སྐྱུར་གྱུར་ཅིག །

དྲི་ཞིམ་གྱི་མེ་ཏོག་བྱ་བྱིའུ་ཡི་སྙན་འཇེབས་གླུས། །
ཡོངས་ཁྱབ་པའི་སྒོ་མང་ལྷའི་བྱིན་གྱིས་ཡོངས་སུ་བསྐོར། །
བུ་མོ་ཁྱོད་སྙིང་ནས་རབ་ཏུ་ནི་དེར་དགའ་ན། །
ཕོ་བྲང་ཞིག་བསྐྲུན་དེ་གནམ་ལོ་ནི་དེ་རུ་རོལ། །
       ངས་ཕྲིན་ཐུང་ཕར་སྐུར་མོད་ཀྱང་ཡུན་རིང་ལ་ལན་མ་བྱུང་། ཁ་པར་བཏང་ཚེ་ཕ་རོལ་དུ། དགོངས་པ་མ་ཚོམ། ཁ་པར་སྤྱོད་ཁོངསད་སུ་མི་འདུག་ཅེས་ཟེར།
       ཉིན་གཉིས་པའི་ཞོགས་པར། ཡོས་ལན་གྱིས་ཁ་པར་བཏང་ཡོང་ནས་ན་རེ། མདང་མོ་དགོན་པའི་ཇ་མ་རྒན་མོ་ཞིག་གི་ཤག་ནས་བསྡད་ཟིན། དེ་རུ་བརྡ་རྟགས་མི་བཟང་བས་འབྲེལ་གཏུགས་བྱེད་ཐབས་བྲལ། ད་ལྟ་མོ་སྔར་བཞིན་ཁ་སང་གི་ཕྲིན་ཐུང་བསྐུར་ཡུལ་ཉག་ཁ་དེར་འབྱོར་ཏེ་ཆེད་དུ་ཁྱོད་ལ་གནས་ཚུལ་འདི་ཞུས་པ་ཡིན་ཟེར། ངས་མོར་དེ་རིང་གནམ་གཤིས་བཟང་མིན་དང་ཅི་ཞིག་བྱེད་འདོད་པ་དྲིས། མོས། སྔ་དྲོ་དགོན་པའི་ནང་ཕྱག་འཚལ་ཆོས་ཉན་བྱེད་ཀྱི་ཡིན་པ་དང་། ཕྱི་དྲོ་དེ་བས་མཐོ་བའི་རིར་འགོས་ཏེ་མཛེས་ལྗོངས་ལ་ལྟ་འདོད་ཡོད། རེད་མོད་ཀྱང་། གནམ་ངོ་ཅུང་རུབ་ཡོད་པའི་སྟེང་ནམ་ཟླའང་ཅུང་འཁྱགས་པས་སེམས་ཉིས་འགལ་དུ་གྱུར་ཡོད་ཟེར་བ་དང་སྦྲགས། སྔར་ནས་གྲ་སྒྲིག་ཞིབ་ཚགས་བྱས་ཡོད་པའི་རི་གླུ་གཉིས་ཚུར་བསྐུར་ཡོང་།
རི་ཆུ་ནི་སྟོང་ཕྲག་ཕ་རོལ་བརྒལ། །
སྒོ་མང་གི་དགོན་པའི་གཡང་རི་ལགས། །
རི་བོ་མཐོ་ལམ་རིང་འཕྲད་ཁ་དཀའ། །
མཛའ་གླུ་དེ་གཉིས་ཀྱིས་སེམས་རྒྱ་བསྐྱེད། །

ཟིམ་ཟིམ་གྱི་ཆར་བས་སྲིབ་རི་ཁེབས། །
སུ་རུ་ཡི་མེ་ཏོག་རྣམ་པར་བཀྲ། །
རི་བོ་མཐོ་ལམ་རིང་འཕྲད་ཁ་དཀའ། །
འཚམས་འདྲི་ནི་ཕུལ་བའི་ལེགས་སྐྱེས་ཡིན། །
       ངས་བལྟས་རྗེས་སྤྲོ་བས་རབ་ཏུ་བརྟས ངས། ཁྱོད་ལ་རི་གླུ་གསར་རྩོམ་གྱི་ལྷན་སྐྱེས་ཀྱི་ནུས་པ་ཡོད། དེ་ནི་ངས་སྔ་མོ་ནས་མཐོང་བྱུང་། ཡིན་ཡང་བྱ་བ་དང་འཚོ་བའི་ཁོར་ཡུག་གིས་དེའི་ཐད་ཀྱི་ཚོད་ལྟ་མ་བྱས་པ་ཙམ་རེད། ཟངས་པར་འགྲོགས་ན་ཀྲེ་ནག་དང་། མཆོད་རྟེན་ལ་འགྲོགས་ན་ཀ་རག་ཅེས་པ་བཞིན། ཉིན་འདི་དག་ལ་ངའི་ཤུགས་རྐྱེན་ཐེབས་པས། ཁྱོད་ཀྱིས་རི་གླུ་རྩོམ་ཐུབ་བྱུང་། ཁྱོད་སྔུན་ལ་སོང་ནས་ནང་ཇ་འཐུང་། གལ་ཏེ་སྤྲོ་བ་ཡོད་ན་ངས་རི་གླུ་མང་པོ་མང་པོ་བྲིས་ནས་བསྐུར་ཆོག་ཅེས་བཤད།
       ཡོས་ལན་དགོན་པར་ཕྱིར་ལོག ངས་མོར་ཡང་རི་གླུ་འགའ་གྲ་སྒྲིག་བྱས།
ལམ་ཆེན་དུ་ལག་སྐྱོར་འཁོར་ལོ་ཞིག །
འཁོར་སྒམ་ནང་ཀ་རེ་གོ་རེས་གང་། །
ཉག་ཁ་རུ་སོང་ནས་ཕྲིན་ཐུང་བཀླགས། །
བརྡ་ཕྲིན་ནང་ཁྱོད་འབྲེལ་སེམས་ཁུར་ཡོད། །

ལམ་ཆེན་དུ་ལག་སྐྱོར་འཁོར་ལོ་ཞིག །
འཁོར་སྒམ་ནང་སྦྲང་དཀར་རྩམ་པས་གང་། །
གནམ་གཤིས་ནི་འཁྱགས་ན་ཕྲིན་ཐུང་བསྐྱུར། །
ལུས་ཕུང་ནི་མི་ཚེའི་མ་རྩ་ཡིན། །
 
ལམ་ཆེན་དུ་ལག་སྐྱོར་འཁོར་ལོ་ཞིག །
འཁོར་སྒམ་ནང་སྲན་མ་དཀར་ལྡང་གང་། །
ཐང་ཆད་ན་ཕྲིན་ཐུང་མ་བསྐུར་ཆོག །
བདེ་སྐྱིད་ནི་ད་དུང་རྗེས་སུ་ཡོད། །
 
ཡུལ་ལྗོངས་ལ་ལྟ་ན་རི་མགོར་འགོས། །
འགྲོ་དུས་སུ་གོ་རེ་ཉུང་ཙམ་ཟུངས། །
གནམ་རྒན་མའི་དོན་དེར་གྲོས་སྡུར་དཀའ། །
གནམ་ཐང་ཡང་ལྭ་བ་ཉུང་ཙམ་ཟུངས། །
... ...
       ཕྱི་དྲོར། ཡོས་ལན་གྱིས་ཁ་པར་བཏང་ཡོང་། ངས་ཕར་ཁ་མ་གྲགས་གོང་མོ་ཨུ་ཧུ་ཧུ་ཞེས་ངུས་བྱུང་། ངས། ཅིའི་ཕྱིར་ངུས་སམ་ཞེས་པར། མོས། ངས་ཁྱོད་ཀྱི་རི་གླུ་ལ་བལྟས་པས་སེམས་སྡུག་བྱུང་། ཚིག་རེ་རེ་ནི་མི་ལ་སེམས་ཁུར་བྱེད་པའི་སྐད་ཆ་ཏག་ཏག་རེད། ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། ང་མཐོན་པོའི་རི་སྟེང་དུ་ལངས་ནས་སྐད་ཆེན་པོས་ཁྱོད་འབོད་བཞིན་ཡོད། ཕུ...བོ...ཕུ...
       ཡོས་ལན་སྒོ་མང་དགོན་པའི་ནང་དུ་ཉིན་གསུམ་ལ་བསྡད་པ་རེད། ངས་མོར་ཉིན་འགའ་མང་ཙམ་སྡོད་ཅེས་སྐུལ། ང་ཚོའི་ཁ་པར་དང་ཕྲིན་ཐུང་ཉིན་ལྟར་སུས་ཀྱང་རྒྱུན་ཆད་དུ་འཇུག་བཞིན་མེད། ངའི་བསམ་པར་མོའི་སྙིང་སྟོབས་སླར་གསོ་མི་དམན་པ་བྱུང་ཡོད་པས། ང་ལ་འཁང་ར་བྱེད་པའི་སྐད་ཆ་ཚིག་གཅིག་ཀྱང་མེད། ཡོད་ཚད་ཐམས་ཅད་ང་ལ་དུང་པའི་བརྩེ་སེམས་ཡིན་པས། ང་ཚོས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ལ་རེ་སྒུག་བྱས་ཆོག་སྙམ། བུ་མོ་ཤའོ་ཡུན་ཡང་ང་ལ་ཇེ་བཟང་ནས་ཇེ་བཟང་རེད། ཉིན་ལྟར་ཉིན་གུང་དུ་ངའི་ཁྱིམ་དུ་ཡོང་ནས་ངའི་ལྭ་བ་འཁྲུད་ཅིང་ཟ་མ་བསྐོལ་ལ། དགོང་མོ་ལས་ཚོགས་གྲོལ་རྗེས་རང་གི་ཉལ་ཁང་དུ་ལོག་ནས་དཔེ་ཆར་བལྟས་ནས་སློབ་སྦྱོང་བྱེད། དེ་ལྟར་ངས་གཞི་ནས་སྒྲོལ་མ་བྲལ་བ་ཡིས་བསྐྱེད་པའི་སྡུག་བསྔལ་དང་མི་བདེ་པ་ཚང་མ་ཡོངས་སུ་བརྗེད་སོང་།
       ཉིན་དེར་ལས་ཚོགས་གྲོལ་ནས་ཁྱིམ་དུ་ལོག་པ་ན། ཁྱིམ་མཚེས་མཚོ་མོས་སྒོ་ཁར་ང་ལ་སྒུག་འདུག མོས། རྒྱ་མཚོ་ལགས། ངས་ཁྱོད་ལ་བྱ་བ་ཞིག་དྲིས་ན་ཆོག་གམ་སྨྲས་བྱུང་། ངས། མི་ཆོག་པ་ཅི་ཡོད། ཁྱོད་ཀྱིས་དྲིས་དང་ཞེས་པར། མོས་ང་དང་སྒྲོལ་མའི་འབྲེལ་བ་དྲིས་བྱུང་། མོས། མ་གཞིར་སྔོན་ཆད་སྒྲོལ་མས་ཁང་པ་ཉོ་བའི་ཆེད་དུ་ཁྱོད་ཚོས་བཟའ་ཐོར་རྫུན་མ་བྱས་པ་ཡིན་ཞེས་ཁ་རོག་གེར་བཤད་པ་ཐོས་པ་མོད། ཅི་རེད་ད་ལྟ་བལྟས་ཡོང་ན་མི་འགྲིག་པའི་ཚོར་བ་ཞིག་སྟེར་བ་རེད་ཟེར། ངས། ཁྱིམ་དུ་སོང་ནས་ཁ་བརྡ་བྱས་ཆོག དོན་འདི་སྐད་ཆ་རེ་གཉིས་ཀྱིས་གསལ་བཤད་བྱེད་མི་ཐུབ་ཅེས་སྨྲ་བཞིན་མོ་ཁྱིམ་དུ་བསུས།
       ངས་གཞོན་དུས་སུ་ཇི་ལྟར་ཡོས་ལན་ངོ་ཤེས་པ་དང་། ཕྱིས་སུ་ཡོས་ལན་ལ་ངའི་བྱིས་པ་ཇི་ལྟར་མངལ་ཆགས་པ། སྒྲོལ་མ་དང་ཡོས་ལན་གཉིས་ཀྱི་ཁྱོ་གར་ཇི་ལྟར་གོ་ནོར་ཐེབས་པ། སྒྲོལ་མ་ཇི་ལྟར་ཁོང་ཁྲོ་ལངས་ནས་བཀྲ་ལོ་དང་མཉམ་དུ་བསྡད་པ། ཡོས་ལན་གྱི་ཁྱོ་ག་མོ་དང་ཇི་ལྟར་ཁ་བྲལ་བ་དང་དེ་བཞིན་དེ་རྗེས་སུ་ང་དང་ཡོས་ལན་གཉིས་བར་ནོར་འཁྲུལ་ཤོར་ནས་དགའ་རོགས་གསར་པ་ཞིག་ཏུ་གྱུར་པའི་གནས་ཚུལ་བཅས་ཐེངས་གཅིག་བཤད། མཚོ་མོས་ཁ་གདངས་ནས་ཉན་པ་དང་། དུས་ངེས་མེད་དུ་ཡང་ཡང་དབུགས་དབྱུང་བྱེད། ཐ་མར་མཚོ་མོས་ང་གཅིག་པུས་ཟ་མ་ལས་རྒྱུ་དང་ལྭ་བ་འཁྲུད་བའི་ལས་ཀ་ཇི་ལྟར་བྱེད་དམ་ཞེས་དྲིས་བྱུང་། ངས། ཤའོ་ཡུན་གྱིས་ཉིན་གུང་དུ་རྒྱུན་དུ་ང་ལ་རོགས་རམ་བྱེད་ཀྱི་ཡོད། དགོང་ཟས་རང་གིས་བཟོ་བཞིན་ཡོད་ལ་དེའང་སྦྱོང་བརྡར་ཞིག་རེད་ཅེས་པར། མཚོ་མོས། གལ་ཏེ་སྟབས་བདེ་མིན་དུས་ང་ལ་ཤོད་དང་ངས་ཟ་མ་མང་ཙམ་ལས་ནས་སྐྱེལ་ཡོང་ཆོག གང་ལྟར་ངས་ཀྱང་ཟ་མ་བཟོ་དགོས་ཞེས་ཟེར། ངས། ད་ཁྱོད་ལ་དཀའ་ལས་མི་བཟོ། ཁྱོད་ཀྱི་སེམས་ཁུར་ལ་ཐུགས་རྗེ་ཆེ་ཞེས་ཞུས།
       མཚོ་མོ་བུད་སོང་། ངས་ཉིན་གུང་གི་ཟས་ལྷག་དང་ཤ་ཅུང་ཙམ་སྲོས་ནས་ཟོས་རྗེས་སེམས་ཁམས་མི་བཟང་རྒྱུ་མེད་པས། རྩོམ་གྱི་མ་གདན་བཏིང་ནས་བརྩམས་སྒྲུང་འབྲི་འགོ་བརྩམས།
༦༦
       ཚེ་ལོ་ད་དུང་ལས་ཚོགས་ལས་མ་གྲོལ་དུས་ཁོའིBBའཕྲུལ་ཆས་གྲགས་བྱུང་། ཁ་ཕྱེ་སྟེ་ལྟ་དུས་གཡང་སྐྱིད་ཀྱི་ཕྲིན་ཐུང་ཞིག་འདི་ལྟར་བསྐུར་འདུག ཚེ་ལོ། ཁྱོད་ཀྱིས་དཔོག་དང་སུ་སླེབས་བྱུང་། དེ་རིང་ཅུང་ཙམ་མིན་ན་ང་སྐྲག་ནས་གནམ་ལྡིང་ཞིག་བྱས།
       ངས་ཚོད་དཔག་བྱེད་མི་ཐུབ། ཁྱོད་ཀྱིས་མགྱོགས་པོར་ཤོད་རོགས། དོན་དག་ཅི་ཞིག་རེད།
       སྤོ་བོ་ཡོང་བ་རེད། ཁོ་གཅིག་པུས་མཁར་རྒྱུག་བཟུང་ཞིང་ཡིག་ཤུབས་བཟུང་སྟེ་སྒོ་ཁར་ཉལ་ནས་ང་ཚོར་སྒུག་འདུག
       ཅི་ཟེར། སྤོ་ལོ་སླེབས་སོང་ངམ། ཁོ་ཅིའི་ཕྱིར་ཡོང་བ་ཡིན་ནམ།
       སྐད་ཆ་རེ་འགས་བཤད་མི་ཚར། ཁྱོད་མགྱོགས་པོར་ཁྱིམ་དུ་ལོག་རོགས།
       ཡ་ཡ། ཁྱོད་ཀྱིས་སྔོན་ལ་སྤོ་བོར་ཟ་མས་སྣེ་ལེན་བྱོས་དང་། ང་མྱུར་དུ་སླེབས་སྲིད།
       ཚེ་ལོས་ཕྲིན་ལན་བསྐུར་རྗེས་དེ་མུར་རྫོང་དུ་བསྐྱོད་པ་རེད།
       ཚེ་ལོས་སྤོ་བོ་མཐོང་ཚེ་དགའ་ཡང་དགའ་ལ་སྐྲག་ཀྱང་སྐྲག ཁོས་ཨ་ཕས་ཅིའི་ཕྱིར་སྤོ་བོ་གཅིག་པུ་ལམ་བརྫངས་བྱས་པ་ཡིན་པ་དང་། ཅིའི་ཕྱིར་སྔོན་ལ་བརྡ་ཙམ་ཡང་མི་གཏོང་པ་ཡིན་ཞེས་ལེ་བདའ་བྱས། སྤོ་བོས་སྐད་ཆ་ཐ་ངེ་ཐུང་ངེའི་སྒོ་ནས། འདི་ཁོ་ཚོའི་གནད་དོན་མིན། ཁོ་ཚོས་ང་ཡོང་དུ་མི་འཇུག་ཀྱང་ངས་ཁྱོད་ཚོ་དྲན་དྲག་པས་ལྐོག་ཏུ་བྲོས་ཡོང་བ་ཡིན་ཟེར། ཚེ་ལོས། ཁོ་ཚོས་ཁྱེད་གཅིག་པུ་ལམ་ཐག་རིང་པོར་བསྐྱོད་དུ་མི་འཇུག་པ་ནི་འགྲིག་པ་ཞིག་ཡིན། དགུང་ལོ་བརྒྱད་ཅུར་སོན་པའི་མི་ཡིན་པའི་སྟེང་ཡི་གེའང་མི་ཤེས། ལམ་དུ་གལ་ཏེ་དོན་རྐྱེན་འདྲ་བྱུང་ན་ཅི་བྱེད་དམ་ཞེས་པར། སྤོ་བོས་རུམ་ལ་བཅུག་པའི་ཡིག་ཤུབས་ཤིག་བླངས་ཡོང་སྟེ། མི་སྐྱོན། འདི་ཡོད་པ་མིན་ནམ་ཟེར། ངོ་མས། སྤོ་བོས་ཡིག་ཤུབས་འདིར་བསྟེན་ཏེ་ཡི་གེ་ཤེས་པའི་མི་ལ་ས་ཚིགས་རེ་རེ་འདྲི་བཞིན་འདིར་སླེབས་བྱུང་། ཚེ་ལོར་ཡིད་འགུལ་ཆེན་པོ་ཐེབས་ཤིང་། ཕ་ཡུལ་དུ་སེམས་འཁུར་བྱེད་བཞིན་པར་སྐྲག་པས་དེ་མུར་འཕྲིན་ཡིག་བྲིས་ཏེ་སྤོ་བོ་ལྐོག་ཏུ་རང་ལ་ལྟ་རུ་ཡོང་བའི་རྒྱུ་མཚན་བཤད།
       ཚེ་ལོར་ཡང་སྤོ་བོ་ལགས་གནས་འདིར་ཁྲིད་ཡོང་འདོད་ཀྱི་བསམ་ཚུལ་སྐྱེས་མྱོང་མོད། ལགས་ཀྱང་དེ་མུར་རྨེག་མེད་དུ་སོང་། རྒྱུ་མཚན་ནི་གཞན་མིན་ཏེ། ཡིན་པ་ནི་སྤོ་བོ་ལགས་དགུང་ལོ་མཐོ་བ་དང་། གནས་འདིའི་མཁའ་དབུགས་མི་འཚམ་པ་དེ་རེད། སྤོ་བོ་ལགས་རྨ་ལྷོ་རྫོང་དུ་ཡོང་མ་ཐག་གི་ཉིན་འགའི་རིང་ལ་སྙིང་སྟོབས་ལྡན་པ་ཞིག་ཡིན་ཏེ། ཁ་ཟས་དང་གཉིད་གཉིས་གང་ལའང་གནད་དོན་ཆེར་མེད་ཅིང་། མཚན་རེར་ད་དུང་ཁོང་ཚོ་བརྒྱུད་མྱོང་བའི་སྤྲོ་སྣང་ལྡན་པའི་འདས་དོན་དག་གླེང་། ཚེ་ལོས་ཆེས་ཉན་འདོད་པ་ནི་ད་ཐེངས་གློ་བུར་དུ་ཕ་ཡུལ་དང་བྲལ་ནས་འབྲོག་ཕྱོགས་འདིར་ཡོང་བའི་ཞིབ་ཕྲའི་བརྒྱུད་རིམ་དེ་རེད། སྤོ་བོ་ནི་སྤོབས་པ་ལྡན་པ་དང་རང་ངོ་སྲུང་བར་དགའ་བ་ཞིག་ཡིན་པས། ཐོག་མར་ངག་ལྐུགས་མི་སྨྲ་བར་གནས་ཀྱང་། རིམ་གྱིས་རེ་རེ་བཞིན་སྦ་གསང་མེད་པར་བཤད་བྱུང་།
       སྤོ་བོས་འབྲོག་ཁུལ་དུ་ཚེ་ལོར་ལྟ་རུ་འགྲོ་རྒྱུའི་བསམ་འཆར་བཏོན་མ་ན་ཨ་ཕས་ལངས་ཕྱོགས་བརྟན་པོས་ངོ་རྒོལ་བྱས། ཨ་ཕས། ཁྱེད་ཀྱིས་ཅིའི་ཕྱིར་གློ་བུར་དུ་བྱིས་པ་ཚོར་ལྟ་རུ་འགྲོ་རྒྱུ་ཡིད་ལ་ཤར་རམ་ཞེས་པར། སྤོ་བོས། བྱིས་པ་ཚོས་ཕྱི་ནས་འཚོ་བ་རོལ་ནས་དུས་ཡུན་འདི་འདྲ་འགོར་སོང་། རེད་མོས་ཀྱང་ང་ཚོ་སུའང་ལྟ་རུ་སོང་མ་མྱོང་། འཚོ་བ་རོལ་བ་དོན་དངོས་སུ་ག་འདྲ་ཡིན་མིག་གིས་དངོས་སུ་མཐོང་ན་འདོད། མ་གཏོགས་སེམས་མི་བདེ་ཟེར་བར། ཨ་ཕས། ཁྱེད་དགུང་ལོ་འདི་འདྲ་མཐོ་བས་གནས་དེའི་མཁའ་དབུགས་མི་འཚམ་པ་ཡིན། ཡང་ཅིག་བཤད་ན། ཁྱེད་གཅིག་པུ་ཕྱི་རུ་སོང་ན་ང་ཚོའི་སེམས་ཇི་ལྟར་བདེ་སྲིད་ཅེས་སྨྲས།
       སྤོ་བོས་ཨ་ཕའི་གནས་ལུགས་ལྡོག་མ་ནུས་པས་བར་སྐབས་སུ་ཁ་རོག་གེར་བསྡད། ཉིན་དེར་ཁོང་གིས་ཨ་ཕར་བུ་ཡིས་སྔོན་ཆད་བསྐུར་ཡོང་བའི་འཕྲིན་ཡིག་ཀློག་ཏུ་བཅུག་ནས་ཉན། ཨ་ཕས། འཕྲིན་ཡིག་ཀློག་ཚར་བ་མིན་ནམ། ད་ཀློག་ཀྱང་ནང་དོན་གསར་བ་མི་འབྱུང་ཟེར་བར། སྤོ་བོ་ལགས་ཁྲོས་བཞིན་ཁྱོད་ཀྱིས་ད་དུང་ཐེངས་གཅིག་ཀློག་ན་མི་ཆོག་གམ། ངས་ནི་ཁོ་ཚོ་ཤིན་ཏུ་དྲན་བཞིན་འདུག་ཅེས་པར། ཨ་ཕས་འུ་ཐུག་ཐབས་ཟད་ངང་འཕྲིན་ཡིག་ཀློག སྤོ་བོས་ཉན་རྗེས་ཨ་ཕའི་ལག་ནས་ཡིག་ཤོག་ཚུར་བསླངས་ཤིང་གྲལ་དག་པར་ལྟེབས་རྗེས་ཡིག་ཤུབས་ནང་དུ་བཅུག་ཅིང་རང་གི་པང་དུ་བཟུང་སྟེ། ད་དུང་དྲན་པའི་དུས་སུ་ཡི་གེ་ཤེས་པའི་མི་གཞན་ལ་འདོན་དུ་འཇུག་དགོས་ཞེས་ཨ་ཕར་འཁང་རའི་ཚུལ་གྱིས་བཤད། དོན་དངོས་སུ་སྐབས་དེ་དུས་ཁོང་གི་སེམས་སུ་འཆར་གཞི་གཞན་ཞིག་གསང་ནས་འཐེན་བྱུང་བ་རེད། ཉིན་དེར་སྤོ་བོས་ཨ་ཕར་ཁོང་རྫོང་གི་གཉེན་ཉེ་ཚོའི་ཁྱིམ་དུ་ཁོར་ཞག་ཏུ་འགྲོ་རྒྱུ་ཡིན། ཉིན་འགའི་རྗེས་སུ་ལོག་ངེས་ཞེས་བཤད། ཁོང་གིས་ལྭ་བ་གསར་བ་གྱོན་པ་དང་རྡོ་ཤེལ་གོན་ལ། སྨ་ར་དཀར་པོར་བྱིལ་བྱིལ་ཞིག་བྱས་རྗེས། མཁར་རྒྱུག་བཟུང་ནས་གྲོང་ཚོའི་འགྲམ་དུ་སོང་སྟེ་རླངས་འཁོར་ལ་སྒུག ལམ་དུ་ཕར་འགྲོ་ཚུར་འོང་བྱེད་པའི་ལྗིད་ཐེག་རླངས་འཁོར་ཆེན་པོ་འགའ་ལས་འགྲུལ་སྐྱེལ་རླངས་འཁོར་མི་འདུག སྤོ་བོས་ལྗིད་ཐེག་རླངས་འཁོར་གྱི་ཁ་ལོ་བ་དེ་དག་རེ་རེ་བཞིན་གྲབས་རྒྱགས་ཆེ་བས་མི་གང་འདོད་དུ་འདྲུད་མི་སྲིད་པ་ཤེས་ཡོད། ཁོས་ཆེད་དུ་རྫོང་དུ་བྱ་བ་སྒྲུབ་པར་འགྲོ་བའི་ལག་སྐྱོར་འདྲུད་འཐེན་འཕྲུལ་འཁོར་ལོའམ་ཤིང་རྟ་འཁོར་ལོ་ཡོད་མེད་ལ་སྒུག མི་དེ་དག་ཚང་མ་ནི་ས་གནས་དེ་གའི་ཡིན་པས། གལ་ཏེ་ཁྱེར་ཐུབ་ན་ངོ་ལྡོག་མི་ཐུབ་པའི་སྟེང་ཁྱེར་གླ་ཡང་མི་དགོས། ཅུང་མ་འགོར་བར་ཤིང་རྟ་ཞིག་མར་ཡོང་ནས་སྤོ་བོ་གང་དུ་འགྲོ་མིན་དྲིས། སྤོ་བོས། རྫོང་གི་གཉེན་ཉེ་ཚོའི་ཁྱིམ་དུ་ཁོར་ཞག་ཏུ་འགྲོ་རྒྱུ་ཡིན་ཞེས་སྨྲས། ཤིང་རྟའི་ཁ་ལོ་པས་སྤོ་བོ་ངོ་ཤེས་པས། འཁོར་སྒམ་ནང་དུ་སྡོད་གནས་ཡག་ཤོས་ཤིག་བཙལ་ནས་རྫོང་དུ་བསྐྱལ།
       རྫོང་ནས་ཞིང་ཆེན་དུ་རྒྱུགས་བཞིན་པའི་འགྲུལ་འཁོར་ཐེངས་འགའ་ཡོད། སྤོ་བོས་འགྲུལ་འཁོར་ཞིག་བཀག་ཅིང་ཡིག་ཤུབས་འཁྱེར་ཡོང་སྟེ་ཁ་ལོ་བར། ང་ནི་འཕྲིན་ཡིག་འདི་ཡོང་སར་འགྲོ་རྒྱུ་ཡིན་ཟེར། ཁ་ལོ་བས་བལྟས་རྗེས་དགོད་བཞིན་དུ། ཨ་ཁུ་ལགས། ང་གནས་འདིར་མི་འགྲོ་ཞེས་སྨྲས། སྤོ་བོས། དེས་ན་ཁྱོད་གང་དུ་འགྲོའམ་ཞེས་པར། ཁ་ལོ་བས། ང་འགྲོ་ས་ནི་ཞིང་ཆེན་གྱི་ཆེས་ཆེ་བའི་རླངས་འཁོར་ས་ཚིགས་ཡིན། ཞིང་ཆེན་ཡོངས་ཀྱི་རླངས་འཁོར་དེ་ནས་གཏོང་བཞིན་ཡོད། རེད་མོད་ཀྱང་ཁྱེད་དགུང་ལོ་འདི་འདྲ་མཐོ་བས་ལམ་དུ......སྤོ་བོས་ཁ་ལོ་བས་ཅི་ཞིག་བཤད་རྒྱུ་ཡིན་པ་རྟོགས་པས་མྱུར་དུ། མི་སྐྱོན། ཁྱོད་ཀྱིས་ངའི་ལུས་སྟོབས་འདིར་ལྟོས་དང་ཟེར་བཞིན་དུ་རྐང་པ་ཡར་བཀྱགས་ཡོང་། ཁ་ལོ་བས་རྒད་པོའི་རྩེད་མཚར་གྱི་ཉམས་འགྱུར་སྙིང་རྗེ་པོ་དེ་མཐོང་བས་ཧ་ཧ་ཧ་ཞེས་དགོད་བཞིན་རྒད་པོ་རླངས་འཁོར་ནང་འབུད་པར་བསྐྱོར།
       རྨ་ལྷོ་རྫོང་དུ་བསྐྱོད་པའི་རྒྱང་བཞུད་རླངས་འཁོར་ཉིན་རེར་གཅིག་མ་གཏོགས་མེད། ཐ་ན་ཉིན་གསུམ་རྗེས་ཀྱི་པ་སེའང་བཙོང་ཚར་འདུག སྤོ་བོས་ཉིན་བཞི་བའི་པ་སེ་ཉོས་རྗེས་ཉེ་འགྲམ་གྱི་མགྲོན་ཁང་ཞིག་ལ་ཐོ་འགོད་བྱས། ཉིན་བཞི་བའི་ཞོགས་པར་ཁེ་བདག་གིས་སྤོ་བོར་རྩིས་བརྒྱག་ཏུ་འཇོག་སྐབས་སྤོ་བོས་སྒོར་ཉི་ཤུ་བཏོན་ནས་ཕར་སྤྲད། ཁེ་བདག་གིས་དེས་མི་འདང་ཞག་མ་རེ་ལ་སྒོར་བཅུ་རེ་ཡིན་ཞེས་བཤད། སྤོ་བོས་ཇི་ལྟར་བཙལ་ཡང་ད་ཡང་སྒོར་རེ་གཉིས་ལས་མི་འདུག་པས་མྱུར་དུ་གདོང་གི་རྡོ་ཤེལ་མར་ཕབ་སྟེ་ཁེ་བདག་ལ། ངའི་མིག་ཤེལ་འདི་སྒོར་འགར་འགྲོ་སྲིད་པས་ཁྱོད་ལ་བྱིན་ཆོག་ཅེས་བཤད། ཁེ་བདག་ནི་ཚོང་དངོས་ཤེས་མཁན་ཞིག་ཡིན་པས། མིག་ཤེལ་ལ་ཡང་ཡང་བལྟས་རྗེས། འདི་ནི་དངོས་རྫས་དག་མ་ཞིག་རེད། ལགས་ཀྱང་ངས་ཉོ་མི་ཐུབ། ཁྱོད་ཀྱིས་སྔར་བཞིན་ཐབས་གཞན་པ་ཞིག་ཚོལ་ཅིག་ཟེར། སྤོ་བོས། ངས་འདི་ནས་མི་ངོ་ས་ངོ་མི་ཆོད་པས་ཐབས་གཞན་མེད། ང་ནི་རྨ་ལྷོ་རྫོང་དུ་ཚ་བོར་ལྟ་རུ་འགྲོ་བཞིན་ཡོད་པས། མིག་ཤེལ་བར་སྐབས་སུ་འདི་རུ་ཞོག་དང་། ཕྱིར་ཡོང་དུས་ཁྱོད་ལ་སྒོར་ཆད་གསབ་ཆོག་ཅེས་བཤད། ཁོང་གིས་ཁེ་བདག་ཡིད་མི་ཆེས་སྙམ་པས་ལག་གི་ཡིག་ཤུབས་བླངས་ཏེ་ཁོར་ལྟ་རུ་བཅུག ཁེ་བདག་གིས་རིན་ཐང་ཆེ་བའི་རྡོ་ཤེལ་གཏའ་མར་བཞག་ཡོད་པས་སེམས་ཁ་བདེ་ལ་བབས་བྱུང་། དེ་བས་ཡིག་ཤུབས་ལ་རགས་ལྟ་ཞིག་བྱས་རྗེས་འཐད་ལན་བཏབ། ཏག་ཏག་རླངས་འཁོར་དུ་འབུད་སྐབས་ཡང་ཁ་ལོ་བས་བཀག་སྟེ། ཁྱེད་དགུང་ལོ་འདི་འདྲ་ཆེ་ཞིང་མདུན་གཉེར་བའང་མེད་པས་གལ་ཏེ་ལམ་བར་དུ་དོན་རྐྱེན་འདྲ་བྱུང་ན་ཅི་བྱེད་དམ་ཞེས་པར། སྤོ་བོས། ང་ཡུལ་ནས་ཐོན་ཏེ་ཉིན་འགའ་འགོར། ད་ལྟ་ལུས་སྟེང་དུ་པ་སེ་ལས་ཅི་ཡང་མེད་ལ། མཐའ་ཁོར་དུ་གཉེན་ཉེའང་མེད་པས། གལ་ཏེ་དེ་རིང་དམིགས་ཡུལ་དུ་སླེབས་མ་ཐུབ་ཚེ་ད་གཟོད་དོན་རྐྱེན་འབྱུང་ངེས་རེད་ཅེས་བཤད། སྤོ་བོས་ཁ་ལོ་བ་སྔར་བཞིན་ཐེ་ཚོམ་གྱི་རྒྱ་རུ་ཚུད་འདུག་པ་མཐོང་བས་ཡང་ལག་གི་ཡིག་ཤུབས་བླངས་ཏེ། གལ་ཏེ་ངེས་ངེས་དོན་རྐྱེན་འདྲ་བྱུང་ཡང་འདི་བཞིན་ཁ་པར་བཏང་བས་ཆོག ཁྱོད་ཚོ་ལ་གཏན་ནས་དཀའ་ལས་མི་བཟོ་ཞེས་བཤད།
       སྤོ་བོ་རྨ་ལྷོ་རྫོང་དུ་འབྱོར་རྗེས། སྔར་བཞིན་ཡིག་ཤུབས་འདི་ལ་བརྟེན་ནས་ཚེ་ལོའི་ཁྱིམ་སྒོར་ཐོན་པ་རེད། སྒོ་ཁར་ཐོན་དུས་གཡང་སྐྱིད་ད་དུང་ལས་ཚོགས་ལས་མ་གྲོལ། སྒོ་ཁར་བྱིས་པ་གཉིས་ཀྱིས་འགྱིག་འདེད་ཀྱིན་ཡོད། སྤོ་བོས་བྱིས་པ་གཉིས་ལ་གཡང་སྐྱིད་འཚོལ་དུ་འགྲོ་བར་སྐུལ་མོད་ཀྱང་། བྱིས་པ་གཉིས་འགྱིག་རྩེད་ཀྱི་དབྱིངས་སུ་ཞུགས་པས་སུས་ཀྱང་ཡ་ལན་མ་བྱིན། སྐབས་དེར་འགྱིག་རྡེའུ་ཞིག་དལ་གྱིས་སྤོ་བོའི་རྐང་འོག་ཏུ་འགྲིལ་ཞིང་སྤོ་བོས་གཟས་ནས་སྦས་པ་རེད། སྒུག་ནས་བྱིས་པ་གཉིས་ཀྱིས་ཡང་བསྐྱར་འགྱིག་འདེད་རྩིས་བྱེད་དུས་ད་གཟོད་འགྱིག་རྡེའུ་གཅིག་མེད་པ་ཤེས་ཤིང་ཇི་ལྟར་བཙལ་ཡང་མ་རྙེད། སྤོ་བོས། ཁྱོད་གཉིས་མྱུར་དུ་སོང་ནས་ཁྱིམ་འདིའི་ཁྱིམ་བདག་བཙལ་ཡོང་ཚེ་ངས་འགྱིག་རྡེའུ་རྙེད་ནས་འཁྱེར་ཡོང་ཞེས་བཤད། དེ་ལྟར། ད་གཟོད་ལས་ཚོགས་མ་གྲོལ་བའི་གཡང་སྐྱིད་བོས་ཡོང་།
       སྤོ་བོ་ལགས་ཟླ་གཅིག་ལྷག་ལ་བསྡད་རྗེས། ལུས་སུ་རིམ་གྱིས་མི་ལེགས་པའི་ནད་རྟགས་འགའ་མངོན་པ་སྟེ། སྙིང་འཚང་ཞིང་། མགོ་ན་བ་དང་། སེམས་འཚུབ་པར་གྱུར། ཚེ་ལོས་ཁོང་ཁྲིད་ནས་སྨན་པར་བསྟེན་ཚེ་སྨན་པས་རྫ་མཐོ་བྱུང་བ་རེད་ཟེར་བས་ཚེ་ལོས་དེ་མ་ཐག་ཁོང་ཕ་ཡུལ་དུ་བསྐྱལ།
       སྟོན་དུས་སླེབས་བྱུང་། ལོ་འདིར་སྔར་མེད་ཀྱི་ལོ་ལེགས་བྱུང་སོང་། ཀེ་ཚེ་ནི་ས་མུའུ་རེར་ཐོན་ཚད་རྒྱ་མ་བརྒྱ་དང་བརྒྱད་ཅུ་ལྷག་ལ་འཕར་བྱུང་ལ། ནས་ནི་ས་མུའུ་རེར་རྒྱ་མ་བཞི་བརྒྱའི་གཡས་གཡོན་སྡུད་ཐུབ་པ་བྱུང་། ཡུལ་ཚོའི་བེའུ་རྣམས་ནར་སོན་ཞིང་ལུ་གུ་རྣམས་ཀྱང་སོ་གཉིས་ནས་སོ་བཞིར་གྱུར་བས་ལས་བྱེད་པ་དང་དམངས་ཚོགས་ཐམས་ཅད་སྤྲོ་དགས་ཁེངས། དེ་ལྟར་དམངས་ཚོགས་རྣམས་ཀྱི་སྤྱི་འབྲུ་འཇལ་བའི་གོ་རྟོགས་ཀྱང་ཤིན་ཏུ་མཐོ་བས་ཉིན་འགའི་རིང་ལ་འབྲུ་སྣུམ་བསྡུ་བའི་འོས་འགན་སྒྲུབ་ཚར། དེས་ན་གྲོ་ལྷག་རྣམས་ཇི་ལྟར་བྱེད་དམ། སྲིད་གཞུང་གིས་དེ་ལ་སྲིད་ཇུས་གསར་བ་གཏན་ཁེལ་བྱས། དམངས་ཚོགས་ཀྱི་དཔལ་འབྱོར་ཡོང་འབབ་ཇེ་བརྟན་དུ་གཏོང་བའི་ཆེད་དུ། སྤྱི་འབྲུ་བསྡུ་བའི་རིན་གོང་ལས་མཐོ་བའི་རིན་གོང་གིས་འབྲུ་ལྷག་ཡོད་ཚད་བསྡུ་རུབ་བྱས། ཅུང་མ་འགོར་བར། ཡུལ་ཚོའི་འབྲུ་རིགས་ས་ཚིགས་ཀྱི་འབྲི་མཛོད་ཆེ་ཆུང་གཉིས་ཀར་འབྲུ་རིགས་དང་སྣུམ་འབྲས་ཁེངས། ཁ་གཅོད་མེད་པའི་གསོག་སྣོད་ཀྱི་འབྲུ་སྣུམ་ཡང་རི་བོ་ཆུང་ཆུང་བཞིན་སྤུངས་བྱུང་། གནད་དོན་གསར་བ་བྱུང་སོང་། དུས་ཐུང་ནང་འབྲུ་སྣུམ་འདི་འདྲའི་མང་བོ་ཞིག་བསྡུས་པས་གལ་ཏེ་གནམ་རུབ་ཆར་བ་བབས་ཚེ་ཇི་ལྟར་བྱེད་དམ། རྒྱུ་མཚན་རྫོང་ལ་ཡར་ཞུ་བྱས་པར། ཞིང་ཆེན་ཡོངས་ལ་ལོ་ལེགས་བྱུང་བའི་རྐྱེན་གྱིས་རྫོང་གི་འབྲུ་མཛོད་ཁང་དུའང་འབྲུ་སྣུམ་གྱིས་ཤིན་ཏུ་བརྟས་པས་གཉེར་ས་གཞན་མེད། དེ་ནས་ཁུལ་དང་ཞིང་ཆེན་ལ་ཡར་ཞུ་བྱས་ཀྱང་ཚང་མ་གཅིག་མཚུངས་ཡིན་ཞིང་། སྲིད་གཞུང་སོ་སོ་དོན་དེར་མགོ་ན་བཞིན་འདུག
       ཚེ་ལོས་ཡུལ་ཚོའི་གནད་དོན་དེ་ཡི་གེར་བྲིས་ཤིང་ཚགས་པར་ཡིག་སྐྱེལ་མཁན་གྱི་མིང་གིས་ཕྱི་ལ་སྤྲིངས། མ་འགྱངས་པར། ཞིང་ཆེན་ཚགས་པར་ཁང་གིས་ཞིང་ཆེན་ཡོངས་ཀྱི་གནས་ཚུལ་རགས་བསྡུས་དང་སྦྲགས་ནས་བཀྲམས་པ་རེད། དེའི་རྗེས་ནང་ལོགས་ཀྱི་འབྲུ་སྣུམ་དགོས་པའི་སྒེར་གཉེར་ཁེ་ལས་པ་སྐོར་ཞིག་གིས་གནས་ཚུལ་དེ་ཤེས་རྗེས་བསྟུད་མུར་ཁ་པར་བཏང་ཡོང་སྟེ་འབྲེལ་གཏུགས་བྱས་ཤིང་། ཏག་ཏག་གཟའ་འཁོར་གཅིག་ལྷག་གི་ཡུན་ནང་འབྲུ་ལྷག་མ་ལུས་ཉོ་སྒྲུབ་བྱས་ཚར།
       ཅུང་མ་འགོར་བར་ཞིང་ཆེན་ཚགས་པར་ཁང་གིས་ཁ་བྱང་ལ། “ཁྱབ་བསྒྲགས་ཆུང་ཆུང་ཞིག་གིས། སྨིན་ཚིགས་དངངས་འཚབ་སེལ་སོང་།”ཞེས་པའི་རྩོམ་ཡིག་སྤེལ་ཏེ། ཚེ་ལོའི་ཁྱབ་བསྒྲགས་ཡི་གེ་དེས་ཞིང་ཆེན་དང་ཐ་ན་ནང་ལོགས་སུ་ཤིན་ཏུ་བཟང་བའི་གསར་འགྱུར་གྱི་ནུས་པ་ཐོན་པར་བསྟོད་བསྔགས་བྱས། ཡང་ཉིན་འགའ་འགོར་རྗེས། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཞིང་ཆེན་དང་ཁུལ་རིམ་པའི་མཛུབ་སྟོན་གྱི་སྙིང་སྟོབས་ལྟར་ཚེ་ལོ་ཡུལ་ཚོའི་ཡུལ་དཔོན་དུ་བསྐོས་ལ། སྔོན་གྱི་ཡུལ་དཔོན་ལས་ཁུངས་གཞན་ཞིག་ཏུ་ལས་གནས་སྤར།
       འདི་ནི་ལས་དབང་ཤ་སྟག་ཅིག་སྟེ། ཚེ་ལོའི་རྨི་ལམ་དུའང་དོན་བཟང་འདི་ལྟ་བུར་ཕྲད་པ་ཡིད་ལ་མ་འཆར།
       ཚེ་ལོ་དམིགས་བསལ་གྱིས་ཡུལ་དཔོན་དུ་འཕར་བའི་དོན་དེ་རྫོང་ཡོངས་འུར་འུར་ཟིང་ཟིང་དུ་བཏང་པ་སྟེ། ལ་ལས་ཚེ་ལོའི་རིག་གནས་ཀྱི་ཆུ་ཚད་མཐོ་ཞིང་ན་ཚོད་གཞོན་པས། ལས་གནས་མཐོར་འདེགས་དང་བླ་ལྷག་བཀོད་སྤྱོད་འོས་པའི་འཇོན་མི་ཞིག་རེད་ཟེར་ལ། ཡང་ཁ་ཤས་ཀྱིས། ཚེ་ལོའི་གོ་གནས་ནི་ལམ་བར་དུ་བཏུས་ཡོང་བ་ཞིག་རེད་དེ། ཚད་ལྡན་གྱི་འདེམས་ཤོག་བརྒྱུད་ནས་བསྐོ་བཞག་མ་བྱས་ཚེ། དེ་ནི་རང་གི་ནུས་པ་ངོ་མ་མ་རེད་ཟེར་བཞིན་འདུག གཡང་སྐྱིད་ཀྱིས་སྐད་ཆ་དེ་དག་ཚེ་ལོར་བཤད་པ་ན། ཚེ་ལོ་དགོད་བཞིན་དུ། གང་ལྟར་བརྐུས་ནས་འཕྲོག་ནས་ཡོང་བ་མིན་ལ། འབྲེལ་བའི་ལྟག་སྒོར་བརྒྱུད་ནས་ཡོང་བའང་མིན་པས། གཞན་གྱིས་ཇི་ལྟར་བཤད་འདོད་ན་དེ་ལྟར་བཤད་པར་གྱིས་ཤིག་ཅེས་གཞི་ནས་དེ་ལྟར་མིན་པའི་ཉམས་ཀྱིས་གནས་སོ། །
(མུ་འགོད)
འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།