བོད་རྒྱལ་བཞི་བཅུ་པ་ཁྲི་ལྡེ་སྲོང་བཙན།
《ཆོས་འབྱུང་མཁས་པའི་དགའ་སྟོན》ལས། ཁྲི་ལྡེ་སྲོང་བཙན་དང་ལྡེང་ཁྲི་ཞེས་པ་མཚན་གྱི་རྣམ་གྲངས་སུ་གསུངས། ས་སྐྱའི་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་མཛད་པར་གྲགས་པའི《རྒྱལ་རབས་གསལ་བའི་མེ་ལོང》ལས། སད་ན་ལེགས་ལོ་བཅུ་དགུ་བཞེས་པ་ན་བཙུན་མོ་ལྷ་རྩེ་ལ་སྲས་ལྡེང་ཁྲི་བལྟམས། ལོ་བཅུ་གསུམ་ན་ཡབ་འདས་ཤིང་། རྒྱལ་པོ་དེར་སྲས་གཅིག་ལས་མེད། སྲས་ལྡེང་ཁྲི་ལོ་བཅུ་བཞི་ལ་སྲིད་དབང་བཟུང་ཞིང་བཙུན་མོ་ཆེན་མ་ལ་སྲས་གསུམ་དང་། བཙུན་མོ་ཆུང་བ་གཅིག་ལ་སྲས་ལྷ་རྗེ་དང་ལྷུན་གྲུབ་གཉིས་ཏེ་སྲས་ལྔ་བྱུང་བར་བཤད་པ་ནི་རྒྱལ་རབས་ལོ་རྒྱུས་གཞན་དག་དང་མི་འདྲ་བའི་བཤད་ཚུལ་ཟུར་པ་ཞིག་ཡིན་ཐོག ཁུངས་བརྟེན་སའི་ཡིག་ཆ་འདི་ཡིན་གྱི་གསལ་ཁ་མེད་སྟབས《ཆོས་འབྱུང་མཁས་པའི་དགའ་སྟོན》དུ་ཁྲི་ལྡེ་སྲོང་བཙན་ནམ་ལྡེང་ཁྲི་ཞེས་མཚནགྱི་རྣམ་གྲངས་སུ་གསུངས་པ་རྒྱུ་མཚན་ཆེ་སྙམ། བཙན་པོ་འདི་ལ་མཚན་གྱི་རྣམ་གྲངས་གསུང་ཚུལ་གཞན་དག་མང་པོ་ཞིག་འདུག་ཀྱང་འདིར་རང་ལུགས་ནི《བཀའ་ཐང》ཁག་གི་ནང་སློབ་དཔོན་ཆེན་པོ་པད་མས་མཚན་གསོལ་བ་མུ་ཏིག་བཙན་པོ། ཡབ་རྒྱལ་པོས་མཚན་གསོལ་བ་ཁྲི་སྲོང་བཙན། བློན་པོ་རྣམས་ཀྱིས་མཚན་གསོལ་བ་སད་ན་ལེགས་བཅས་ཡིན་ཚུལ་གསལ་བར་འཁོད་པ་ཁུངས་དག་པར་མ་ཟད། སྲིད་དབང་བཟུང་བའི་དུས་ཡུན་ཡང་ཐང་བོད《དབོན་ཞང་མཐུན་འབྲེལ་རྡོ་རིང》གི་ཤར་ངོས་ཡིག་ཕྲེང42པར་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་གནས་ཚུལ་བཀོད་པའི་མཇུག་སྡོམ་ལ“བཙན་པོ་དབོན་ནི་སྐུ་ཚེ་གཅིག རྒྱ་རྗེ་ཞང་ནི་གདུང་རབས་གསུམ་གྱི་བར་དུ་བཀའ་ཁོན་གྱི་གཅུགས་ནི་མ་བྱུང”ཞེས་པ་འདིར་བརྟགས་ན་བཙན་པོ་འདིས་སྲིད་དབང་བཟུང་བའི་རིང་ལ་ཐང་རྒྱལ་རབས་ཀྱི་གོང་མ་གདུང་རབས་གསུམ་སྟེ་ཐང་ཏེ་ཙུང་། ཧྲུན་ཙུང་། ཤན་ཙུང་བཅས་ཀྱི་རིང་ལ་ཐང་བོད་བར་དམག་འཁྲུག་གི་གནས་ཚུལ་བྱུང་མེད་པ་གསལ་པོར་འཁོད་པ་གཞིར་བཟུང་ན། བཙན་པོ་འདིས་སྲིད་དབང་བཟུང་བའི་དུས་ཚོད་ནི་ཐང་གི་གོང་མ་ཏེ་ཙུང་གི་ཅན་ཀྲུང་ཁྲི་ལོ་དང་པོ་ལྕགས་སྤྲེལ(སྤྱི་ལོ780)ལོ་ནས་ཐང་ཧྲུན་ཙུང་གི་ཡུང་ཀྲེན་ཁྲི་ལོ་དང་པོ་ཤིང་བྱ(སྤྱི་ལོ805) ལོ་བར་དང་། ཐང་ཤན་ཙུང་གི་ཡོན་ཧའི་ཁྲི་ལོ་དང་པོ་མེ་ཁྱི(སྤྱི་ལོ806)ལོ་ནས་ཁྲི་ལོ་དགུ་པ་ཤིང་རྟ(སྤྱི་ལོ814)ལོ་བར་བཅས་པས་བསྡོམས་ལོ་སུམ་ཅུ་སོ་ལྔ་བར་སྲིད་དབང་བཟུང་བ་ལྟར་སྣང་ཡང་། ཞིབ་ཏུ་བཤད་ན་ཐང་ཏ་ཙུང་གི་ཀྲེན་ཡོན་ཁྲི་ལོ་བཅུ་གསུམ་པ་མེ་གླང(སྤྱི་ལོ797)ལོར་ཁྲི་སྲོང་བཙན་གཤེགས་པས་སྲས་མུ་ནེ་བཙན་པོ་རྒྱལ་སར་འཁོད། 《ཀམ་ཀམ་ཆོས་འབྱུང》དང་། 《དེབ་དམར་གསར་མ》སོགས་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཁ་ཅིག་ལྟར་ན་མུ་ནེ་བཙན་པོས་སྲིད་དབང་ལོ་གཅིག་དང་ཟླ་བ་བདུན་བཟུང་ནས་ལྟོགས་ཕྱུག་ལན་གསུམ་སྙོམས་ཞེས་པ་གཉིས་གནས་ཚུལ་དངོས་ལ་དེ་འདྲ་ཡོང་ཐབས་མེད་པས་སྲིད་དབང་ལོ་བདུན་དང་ཟླ་བ་དགུ་བཟུང་བར་གསུངས། 《ཐང་དེབ་གསར་རྙིང》ལས། མུ་ནེ་བཙན་པོས་སྲིད་དབང་བཟུང་རྗེས་ཀྱི་ལོ་གཅིག་ནས་འདས་པར་བཤད་པ་གཞིར་བཟུང་ན་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་ཐང་ཏེ་ཙུང་གི་ཀྲེན་ཡོན་ཁྲི་ལོ་བཅུ་བཞི་པ་ས་སྟག(སྤྱི་ལོ798)ལོར་སྲིད་དབང་བཟུང་བ་ལྟ་བུར་སྣང་ཞིང་། དེ་ལྟར་ན་བཙན་པོ་འདིས་ཁྲི་རལ་པ་ཅན་གྱིས་སྲིད་དབང་བཟུང་བའི་ཤིང་ལུག(སྤྱི་ལོ815)ལོ་བར་ལོ་བཅུ་བདུན་རིང་སྲིད་དབང་བཟུང་བ་གསལ་བཤད་བྱེད་ཐུབ། བོད་ཀྱི་ལོ་རྒྱུས་ཡིག་ཆ་ཕལ་ཆེ་བའི་ནང་བཙན་པོ་འདིའི་མཛད་རྗེས་མདོར་བསྡུས་ཙམ་ལས་བཀོད་མེད་པའི་ཐོག བཀས་བཅད་གཉིས་པར་གྲགས་པའི་ཡིག་བསྒྱུར་གྱི་རྩ་འཛིན་ཆེན་པོ་དེ་ཡང་བཙན་པོ་ཁྲི་རལ་པ་ཅན་གྱིས་མཛད་པ་སོགས་ནོར་འཁྲུལ་མང་པོ་བྱུང་ཡོད་པ་ཡང་བཙན་པོ་འདིའི་མཚན་ཁྲི་ལྡེ་སྲོང་བཙན་དང་ཁྲི་རལ་པ་ཅན་གྱི་མཚན་ཁྲི་གཙུག་ལྡེ་བཙན་ཞེས་པ་ཕན་ཚུན་ནོར་བའི་རྐྱེན་གྱིས་བྱུང་བ་ཡིན། བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་མཛད་རྗེས་གཙོ་ཆེ་བ་གཤམ་གསལ། གཅིག ཡབ་མེས་ཀྱི་གཙུག་ལག་ཁང་སྔར་ཡོད་རྣམས་ཉམས་གསོ་ལེགས་པར་མཛད་པ། གཉིས། སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་གསར་བཞེངས་མཛད་པ། གསུམ། རྒྱ་གར་གྱི་པཎྜི་ཏ་དང་བོད་ཀྱི་ལོ་ཙཱ་བ་ཟུང་འབྲེལ་ཐོག་ནས་ཆོས་དང་རིག་གནས་ཀྱི་གཞུང་མང་པོ་བོད་སྐད་དུ་བསྒྱུར་བ། བཞི། བཀས་བཅད་གཉིས་པར་གྲགས་པ་སྟེ་བོད་ཡིག་གི་ཡིག་བསྒྱུར་རྩ་འཛིན་གྱི་ཡིག་ཆ《སྒྲ་སྦྱོར་བམ་པོ་གཉིས་པ》ཐོག་མར་འདོན་གནང་མཛད་པ། ལྔ། སྲིད་དབང་བཟུང་བའི་རིང་ཐང་བོད་གཉིས་ཀྱི་བར་གཞི་རྒྱ་ཆེ་བའི་དམག་འཁྲུག་བྱུང་མེད་པ། དྲུག ཐང་བོད་གཉིས་བར་འདུམ་འགྲིག་ཞི་ཆིངས་ཡོང་བའི་རྨང་གཞི་ཐོག་མར་བཏིང་གནང་མཛད་པ། བདུན། བཙན་པོ་རིམ་བྱོན་དང་རང་ཉིད་ཀྱི་སྐུ་རིང་དུ་སྲིད་དོན་གལ་ཆེའི་ལོ་རྒྱུས་འཁོད་པའི་རྡོ་རིང་ཁག་མང་བཙུགས་ཏེདཔང་རྟགས་སུ་འཇོག་གནང་མཛད་པ་བཅས་ཡིན། བང་སོ་ནི་རྒྱལ་ཆེན་འཕྲུལ་གཞེར་ཞེས་པ་འདུས་སྲོང་མང་པོ་རྗེའི་བང་སོའི་མདུན་ངོས་སུ་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com