མཛོ་མོ་མཁར་རམ་དམ་ཆོས་ཐར་བ་གླིང་གི་ངོ་སྤྲོད་མདོར་བསྡུས།
དགོན་པ་འདི་ཉིད་སྤྱི་ལོ1442ལོར་ཕྱག་འདེབས་གནངས། ད་བར་དུ་མི་ལོ600ལྷག་ཙམ་གྱི་ལོ་རྒྱུས་ཡོད་ཅིང་། རྗེ་མཉམ་མེད་ཙོང་ཁ་བ་ཆེན་པོའི་དངོས་སློབ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་མཆོག་གིས་ལུང་དུ་བསྟན་པའི་གནས་ཡིན་ལ། ཁོང་ཉིད་སྐུ་མྱ་ངན་ལས་འདས་པའི་གནས་ཀྱང་ཡིན་པས་མཚན་སྙན་འཇིག་རྟེན་ཀུན་ལ་རླུང་ལྟར་དུ་གྲགས་སོ།།
དགོན་པ་འདི་མཁར་རྫོང་གིས་བསྐོར་ཡོད་ཅིང་། རྒྱ་ཁྱོན་ལ་ས་མུའུ144ཡོད། མཁར་གྱི་ཤར་ནུབ་ཀྱི་ཞེང་ཚད་ལ་སྨི160དང་། ལྷོ་བྱང་གི་རིང་ཚད་ལ་སྨི260བཅས་ཡོད། དགོན་པའི་གཞི་ཁྱོན་རྒྱ་ཆེ་ཞིང་བཟོ་བཀོད་རྨད་དུ་བྱུང་བས་གཟི་མདངས་རྣམ་པར་བཀྲ་བ་དང་བརྗིད་ཉམས་ལྡན་པ་ཞིག་ཡིན། དགོན་པའི་ནང་དུ་ལྷ་ཁང་ཆེ་ཆུང30ལྷག་ཙམ་ཡོད་པ་དང་། བཟོ་སྐྲུན་གཙོ་བོ་ལ་བརྩེགས་རིམ་གསུམ་ཅན་གྱི་མཁར་སྒོའི་ཐོག་ཁང་དང་། རྒྱལ་ཆེན་རིགས་བཞིའི་ལྷ་ཁང་། བྱམས་ཆེན་ཆོས་རྗེའི་ལྷ་ཁང་། ཡུང་ལོ་རྒྱལ་བོའི་ཕོ་བྲང་བཅས་ཡོད། འདུ་ཁང་གི་རྒྱབ་ཕྱོགས་ན་བྱམས་ཆེན་ཆོས་རྗེའི་སྐུ་གདུང་མཆོད་རྟེན་ཀྲོང་ངེར་བཞེངས་འདུག་པ་དང་། མཁར་སྒོའི་སྟེང་ཕྱོགས་སུ་མེང་རྒྱལ་རབས་ཀྱི་གོང་མའི་ཕྱག་ཡིག་ཕྱག་བསྟར་མ་སྟེ་རྒྱ་ཡིག་གི“ཧུང་ཧྭ་སི”ཞེས་པའི་ཡིག་འབྲུ་ཆེན་པོ་གསུམ་ཡོད།
དགོན་པ་འདིར་བཞུགས་པའི་རིག་དངོས་ཀྱི་སྐོར་ལ། བྱམས་ཆེན་ཆོས་རྗེའི་སྐུ་གདུང་མཆོད་རྟེན་དང་། མེང་གོང་མས་གནང་བའི་གཡུ་འབྲུག་ཉེར་གསུམ་གྱི་ཕྲ་རྒྱན་བཏབ་པའི་དུང་དཀར་གྱི་གཟིམ་ཁྲི་སྟེ་འཇིག་རྟེན་ན་མཐོང་དཀོན་པའི་རིན་ཆེན་ནོར་བུ་ལྟ་བུ་སྲིད་ན་གྲགས་ཆེ་བ་ཞིག་དང་། རྩ་ཆེ་བའི་གླེགས་ཤིང་གསུམ། ཆིན་རྒྱལ་རབས་ཀྱི་གོང་མ་བདེ་སྐྱིད་རྒྱལ་བོའི་ཁྲི་ལོ་བཅུ་དྲུག་པ་སྟེ་སྤྱི་ལོ1677ལོར་གནང་བའི་ཐམ་ག འདུ་ཁང་གི་ཐེམ་བྱང་། ལོ་ངོ་དྲུག་བརྒྱའི་ལོ་རྒྱུས་ཡོད་པའི་ཙན་དན་གྱི་སྡོང་བོ། མེང་རྒྱལ་རབས་ཀྱི་གོང་མ་ཞོན་ཏི་དང་ཀྲིན་ཐུང་། ཆིན་རྒྱལ་རབས་ཀྱི་གོང་མ་ཐབས་སྐྱོང་དང་བསྔགས་སྨོན་སོགས་ཀྱིས་གནང་བའི་རྡོ་རིང་གི་འཇིག་འཕྲོ་རོ་སོགས་ཡོད། གོང་གསལ་རིག་དངོས་རྩ་ཆེན་འདི་དག་ནི་དགོན་པའི་ལོ་རྒྱུས་ལ་རྟོག་ཞིབ་བྱེད་པའི་གཞི་འཛིན་ས་གལ་ཆེན་ཡིན་ལ། སྐབས་ཐོག་དེ་གའི་དགོན་པའི་ལོ་རྒྱུས་ཀྱི་གོ་གནས་དང་ས་ཁོངས་ལ་རྒྱུས་ལོན་བྱེད་པའི་ལྡེ་མིག་གལ་ཆེན་ལྟ་བུ་ཞིག་ཀྱང་ཡིན།
བྱམས་ཆེན་ཆོས་རྗེའི་སྐུ་གདུང་མཆོད་རྟེན།
དགོན་པ་འདི་དར་རྒྱས་ཆེ་བའི་སྐབས་སུ་དགེ་འདུན་ཆིག་སྟོང་ལྷག་ཙམ་དང་། དཔོན་དམག་བཞི་སྟོང་ལྷག་ཙམ་ཡོད་ཅིང་། ཤར་གྱི་རྨ་ཆུ་ནས་ལྷོ་ཕྱོགས་ཧུ་ཀྲིག་གི་ཞན་ཆིན་དགོན་པ་དང་། ནུབ་ཀྱི་བྲག་ནག་ནས་བྱང་གི་གོང་དཀར་རྨེ་རིའི་བར་གྱི་ཡུལ་ཁམས་རྒྱ་ཆེ་བ་མངའ་འོག་ཏུ་བཙུད་པས། ལོ་རྒྱུས་སྟེང་དགོན་པ་འདིའི་གོ་གནས་དང་སྙན་གྲགས་སྐུ་འབུམ་བྱམས་པ་གླིང་དང་གྲོ་ཚང་རྡོ་རྗེ་འཆང་གི་དོ་ཟླར་འོངས་པར་གྲགས།
ཤཱཀྱ་ཡེ་ཤེས་ཚང་གོང་མའི་བཀའ་ལྟར་རྒྱལ་ས་པེ་ཅིན་དུ་ཐེངས་གཉིས་ལ་ཕེབས་མྱོང་། ཁོང་གིས་རྒྱ་ནག་ཏུ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་བགྲང་བྱ་བཅུ་ཕྲག་ལྷག་ལ་རྒྱ་ཆེར་སྤེལ་བས། མེང་རྒྱལ་རབས་གོང་མ་ཡུང་ལི་དང་། ཁྲིན་ཧྭ། ཧུང་ཀྲི། ཀྲིན་ཏི་བཅས་མེས་དབོན་རྒྱལ་རིང་བཞི་ཡིས་ཁོང་ལ་བཀུར་སྟི་བླ་མེད་མཛད་དེ་གོ་ཤྲིའི་བླ་ཐོབ་གནང་བ་དང་། ཕྱིས་སུ་གོང་མ་ཀྲིན་ཏིས་ཡང་བསྐྱར“བྱམས་ཆེན་ཆོས་ཀྱི་རྒྱལ་བོ”ཞེས་པའི་མཚན་གནས་ཀྱང་བསྩལ།
ཆོས་རྒྱལ་གྱིས་མིང་རྒྱལ་རབས་ཀྱི་མཐའ་མཚམས་བརྟན་ལྷིང་དང་། མངའ་རིས་གཅིག་འགྱུར་ཐད་ལ་མཛད་རྗེས་བླ་ན་མེད་པ་དང་གྲུབ་འབྲས་གཟེངས་སུ་ཐོན་པ་བཞག་པས། ཁོང་གི་མཚན་སྙན་གྱི་རོལ་མོ་ཡུལ་ཁམས་ཀུན་ཏུ་གྲགས་པར་གྱུར། སྐྱེས་བུ་དམ་པའི་ཀུན་སྤྱོད་བཟང་བོ་དང་གཞན་ཕན་གྱི་བྱམས་སྙིང་རྗེ་ཆེན་པོས་མར་གྱུར་སེམས་ཅན་ཐམས་ཅད་ལ་ཕན་བདེའི་གྲུ་ཆར་བར་མེད་དུ་ཕབ་པར་བགྱིས། མཐར་དགུང་གྲངས་གྱ་བཞིའི་སྟེང་པེ་ཅིན་ནས་དབུས་གཙང་ལ་ཕྱིར་ཕེབས་སྐབས་མཛོ་མོ་མཁར་དུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུ་བར་མཛད།
ལོ་ངོ་དྲུག་བརྒྱའི་ལོ་རྒྱུས་ཡོད་པའི་ཙན་དན་གྱི་སྡོང་བོ།
བཅོས་སྒྱུར་སྒོ་འབྱེད་བྱས་རྗེས། ཏང་གི་ཆོས་དད་རང་མོས་སྲིད་ཇུས་ཀྱི་བཀའ་དྲིན་ལ་དགོན་པ་འདིར་སྔར་མེད་ཀྱི་འཕེལ་རྒྱས་ཆེན་པོ་བྱུང་སྟེ། འདུ་ཁང་དང་། ཤར་ནུབ་ཀྱི་ལྷ་ཁང་། ཁྱམས་རིང་སོགས་བསྐྱར་བཞེངས་བྱས། 1988ལོར“མཚོ་སྔོན་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་སྡེ་ཚན”དུ་བརྩིས། 2013ལོར་མཛོ་མོ་མཁར་རམ་དམ་ཆོས་ཐར་བ་གླིང་འདི་ཉིད“རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་སྡེ་ཚན”དུ་ངོས་བཟུང་།
མཚོ་སྔོན་ཞིང་ཆེན་བཀའ་མ་ལོག་རྫོང་མཛོ་མོ་མཁར་དགོན་པའི་དོ་དམ་ཨུ་ལྷན་ནས་སྦྱར་བའོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com