ཁམས་པའི་རིག་གནས་ཀྱི་བང་མཛོད། སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོ།
བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་འབྱུང་ཁུངས་གསུམ་གྱི་གྲས་སུ་གཏོགས་པའི་སྡེ་དགེ་ལ་ཁམས་པའི་རིག་གནས་ཀྱི་ལྟེ་གནས་དང་གླིང་གེ་སར་རྒྱལ་པོའི་འཁྲུངས་ཡུལ། ཟུར་ལུགས་གསོ་རིག་གི་འབྱུང་ཁུངས་སུ་བསྔགས་པ་དེའང་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོ་དང་འབྲེལ་བ་དམ་ཟབ་ཡོད་པ་སྨོས་ཅི་དགོས། ཟླ11པའི་ཚེས22ཉིན་གྱི་ཞོགས་པའི་དུས་ཚོད་དགུ་སྟེང་ཀྲུང་གོའི་བོད་ལྗོངས་དུས་དེབ་ཁང་གི་བོད་ཁུལ་གྱི་འཕྲིན་གཏོང་བ་གསོ་སྐྱོང་འཛིན་གྲྭར་ཞུགས་པའི་སློབ་མ་རྣམས་སྡེ་དགེ་རྫོང་དཀྱིལ་ན་ཡོད་པའི་ཁྲོ་ལ་མགྲོན་ཁང་ནས་ལས་ལ་ཆས་ཏེ་རྐང་ཐང་དུ་དུས་ཚོད་སྐར་མ5ཙམ་སོང་བ་ན་རྫོང་མཁར་གྱི་ཉེ་ས་རུ་གནས་པའི་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོའི་མདུན་དུ་སླེབས། གསལ་འགྲེལ་པ་འགྱུར་མེད་དབང་མོ་སྔ་མོ་ནས་ང་ཚོ་སླེབས་ཡོང་བར་སྒུག་འདུག་ལ་ང་ཚོས་ཐོག་མར་པར་ཁང་ལ་སྐོར་བ་གསུམ་རྒྱབ་བ་ན་པར་ཁང་གི་སྒོ་གཞི་ནས་ཕྱེ་བྱུང་། དེ་མ་ཐག་ང་ཚོ་གསལ་འགྲེལ་པ་འགྱུར་མེད་དབང་མོའི་རྗེས་དེད་ནས་པར་ཁང་གི་ནང་དུ་མཛུལ་བ་ཡིན། གསལ་འགྲེལ་པས་ཐོག་མར་བོད་སྐད་ཀྱི་ལམ་ནས་པར་ཁང་གི་སྤྱིའི་གནས་ཚུལ་རགས་ཙམ་ངོ་སྤྲོད་བྱས་བྱུང་ལ་དེར་མཐུད་རྒྱ་སྐད་གྱི་ལམ་ནས་ངོ་སྤྲོད་བྱེད་འགོ་བརྩམས་ཏེ་རིམ་བཞིན་པར་ཁང་གི་ཕྱི་ནང་གསང་གསུམ་ལ་རྒྱུས་ལོན་བྱས་པ་ཡིན།
སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོ་འདི་ཉིད་ནི་སྤྱི་ལོ1729ལོར་སྡེ་དགེའི་རྒྱལ་རབས་བཅུ་གཉིས་པ་བསྟན་པ་ཚེ་རིང(སྤྱི་ལོ1678-1738)གིས་རང་གིས་ཆ་རྐྱེན་མང་དག་བསྒྲུབས་ནས་པར་ཁང་བསྐྲུན་པའི་འགོ་ཚུགས་ཏེ། སྡེ་དགེ་དང་དཔལ་ཡུལ་སོགས་སུ་ཡི་གེ་རྐོ་བར་མཁོ་བའི་མཁྲིས་ཤིང་སོགས་བསྡུས་ཤིང་། ལས་བཟོ་བ100བསྡུས་ནས་པར་ཤིང་དང་ཤོག་བུ། སྣག་ཚ་སོགས་ཐོག་མའི་གྲ་སྒྲིག་གང་མང་གནང་རྗེས་བོད་ཁུལ་གྱི་ཡུལ་ལུང་སོ་སོར་ཐོར་བུར་གནས་པའི་པར་ཤིང་དག་གཅིག་བསྡུས་བྱས་ཏེ་བཀའ་འགྱུར་པོད103དང་། ས་སྐྱའི་བཀའ་འབུམ་པོད་བཅོ་ལྔ་དང་། གསོ་རིག་དང་འབྲེལ་བའི་ཤིང་པར་པོད་བཞི། གསང་སྔགས་དང་འབྲེལ་བའི་ཤིང་པར་པོད་དྲུགགཞན་ད་དུང་བོན་ཆོས་ཀྱི་རྩ་བའི་གཞུང་ཆེན་ཀླུ་འབུམ་དཀར་ནག་ཁྲ་གསུམ་དང་། ས་སྐྱ་བའི་གསུང་རྩོམ་ངོར་ཆེན་བཀའ་འབུམ་སོགས་གསུང་འབུམ་པོད200ལྷག་པར་དུ་བརྐོས།
དེ་རྗེས་ཁོང་གི་བུ་ཆུང་བ་ཕུན་ཚོགས་བསྟན་པས་རྒྱལ་རབས་བཅུ་བཞི་པའི་སྲིད་བསྐྱངས་སྐབས(སྤྱི་ལོ1744ལོར་)མུ་མཐུད་དུ་པར་ཤིང་ཉར་ཚགས་དང་ཆོས་དཔེ་པར་རྐོ་བྱ་ཆེད་ཕུན་ཚོགས་བསྟན་པས་ཡང་བསྐྱར་པར་ཁང་ཆོས་མཛོད་ཆེན་མོ་རྒྱ་སྐྱེད་པའི་འགོ་བརྩམས་པ་དང་། སྔ་རྗེས་སུ་འདག་བཟོ་དང་ཤིང་བཟོ། ཚོན་པ། རི་མོ་བ་བཅས་ལས་བཟོ་བ500ལྷག་བསྡུས་ནས་པར་ཁང་ཆོས་མཛོད་ཆེན་མོའི་བྱ་གཞག་རྒྱ་བསྐྱེད་པ་རེད།
དེ་ནས་ལོ་རྒྱུས་ཀྱི་ཆུ་རྒྱུན་ཁྲོད་སྡེ་དགེའི་ཆོས་རྒྱལ་རིམ་བྱོན་དང་དགོན་སྡེ་ཁགདགེ་བའི་བཤེས་གཉེན།གཞན་ས་གནས་སོ་སོའི་ཚོ་དཔོན་དང་དགོན་པའི་བླ་སྤྲུལ་མཁན་གསུམ་སོགས་ཀྱིས་སྔ་རྗེས་སུ་སྡེ་དགེའི་པར་ཁང་གི་པར་ཤིང་ཁ་སྣོན་དང་གཞི་ཁྱོན་རྒྱ་བསྐྱེད་ལ་ལྷག་བསམ་རྣམ་པར་དག་པས་འབད་པ་བྱས་རྐྱེན་པར་ཁང་ཆེན་མོའི་གཞི་རྒྱ་རིམ་བཞིན་ཇེ་ཆེར་གྱུར་ཏེ་ད་ལྟའི་རྣམ་པ་འདི་འདྲ་ཆགས།
སྡེ་དགེ་ལ་སྲོལ་རྒྱུན་རིག་གནས་གཏིང་ཟབ་ཅིང་རིག་གནས་འཕེལ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་མངོན་ཡོད་པས། ཀུན་གྱིས་སྡེ་བཞི་དགེ་བཅུད་འཛོམས་པའི་སྡེ་དགེ་ལ་ཁམས་པའི་རིག་གནས་ཀྱི་ལྟེ་གནས་དང་གླིང་གེ་སར་རྒྱལ་པོའི་འཁྲུངས་ཡུལ། ཟུར་ལུགས་གསོ་རིག་གི་འབྱུང་ཁུངས་སུ་བསྔགས་བཞིན་ཡོད་ལ། འདིའང་སྡེ་དགེ་ཆོས་མཛོད་ཆེན་པོའི་དང་འབྲེལ་བ་དམ་ཟབ་ཡོད་པ་མ་ཟད། ཐུན་མོང་མ་ཡིན་པའི་པར་ཤིང་རྐོ་པར་འདེབས་ཀྱི་སྲོལ་རྒྱུན་དང་བྱུར་བུར་གཏམས་པའི་གཞུང་ཆེན་གྱི་ཉར་ཚགས་ཡོད་ཕྱིན་བོད་རིག་པའི་ཤེས་བྱ་ཀུན་བཏུས་དང་གངས་རིའི་ཞོལ་གྱི་རིག་གནས་བང་མཛོད་ཅེས་པའི་མཚན་སྙན་གསོལ་ཡོད།
དེང་སྐབས་སྤྱི་ཚོགས་སུ་སྡེ་དགེ་པར་ཁང་ནི་སངས་རྒྱས་ཆོས་ལུགས་ཀྱི་ཆོས་དཔེ་པར་འདེབས་བྱ་ཡུལ་ཙམ་དུ་ངོས་འཛིན་ནའང་། འབྲེལ་ཡོད་ཆེད་མཁས་པ་སྐོར་ཞིག་གིས་ཆོས་མཛོད་ཆེན་མོ་འདི་ཉིད་དོན་དངོས་སུ་དངོས་མང་དང་བཟོ་སྐྲུན། པར་འདེབས་དང་དཔེ་སྐྲུན། གསོ་རིག་ཞིབ་འཇུག་དང་སྒྱུ་རྩལ་གསར་གཏོད་སོགས་སྣ་མང་གཞི་གཅིག་ཏུ་འདུས་པའི་གཙུག་ལག་ཁང་ཆེན་མོ་ཞིག་ཏུ་ངོས་འཛིན་བྱ་དགོས་པར་བཤད།
གསལ་འགྲེལ་པ་འགྱུར་མེད་དབང་མོས་ངོ་སྤྲོད་བྱས་པ་ཡིན་ན། རིག་གནས་བང་མཛོད་འདི་རུ་རྒྱལ་བའི་བཀའ་བསྟན་འགྱུར་དང་གྲུབ་མཐའ་སོ་སོའི་གསུང་འབུམ། སྐར་རྩིས་དང་ས་ཁམས། ལོ་རྒྱུས། ཚད་མ། གསོ་རིགརྩོམ་རིག་སོགས་རྩ་ཆེའི་པར་ཤིང་རྙིང་བ228438དང་།ལྷ་པར་རྙིང་བ376དང་། པར་ཤིང་གསར་བ་ཆིག་འབུམ་ལྷག་ཉར་ཡོད་ལ། དེ་ལས་ལེགས་སྦྱར་དང་བོད་ཡིག་ཤན་སྦྱར་ཅན་གྱི་པར་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ། བོད་ཀྱི་ཐང་གའི་ལུས་ཆེན་བཞིའི་མཁས་དབང་རྣམས་ཀྱིས་བྲིས་པའི་བརྩམས་ཆོས་ལྷ་པར་སོགས་དཔེ་དཀོན་ཁ་ཤས་ནི་མིའི་རིགས་ཀྱི་རིག་གནས་ཤུལ་བཞག་ཁྲོད་ཀྱི་ནོར་བུ་ལྟ་བུ་ཡིན་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་མིའི་རིགས་ཀྱི་རིག་གནས་དྲན་ཤེས་ཞེས་པའི་ལས་གཞི་རུ་ཐོག་མར་ཁྱབ་སྤེལ་གཏང་རྒྱུའི་གྲས་སུ་བཞག་ཡོད་ཟེར།
རྒྱུས་ལོན་པ་ལྟར་ན། 2016ལོའི་ཚུན་ལ། སྡེ་དགེ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་སྡེ་དགེ་ནི་རིག་གནས་ཀྱི་རྫོང་ཆེན་ཞིག་ཡིན་པའི་དངོས་ཡོད་ལ་རྐང་ཚུགས་ཏེ་ཏང་འཛུགས་སྣེ་ཁྲིད་དང་ལྗང་མདོག་འཕེལ་རྒྱས། ཁྱད་ཆོས་སྔོག་འདོན། དཔུང་སྒྲིལ་འཕེལ་རྒྱས་ཀྱི་བགྲོད་ལམ་ལ་ཞུགས་ནས། རིག་གནས་རྫོང་སྐྲུན་དེ་འཕེལ་རྒྱས་ཀྱི་གོ་གནས་གལ་ཆེན་དུ་ངོས་འཛིན་བྱས་ཤིང་། ཁུལ་ཡོངས་ཀྱི་ཡུལ་སྐོར་དེ་གཙོ་ཁྲིད་ཐོན་ལས་སུ་བཟུང་ནས་ཕུལ་དུ་བྱུང་བའི་མི་རིགས་སྲོལ་རྒྱུན་རིག་གནས་ཀྱི་རིན་ཐང་སྔོག་འདོན་དང་། ཤུགས་ཆེན་པོས་རིག་གནས་ཐོན་ལས་དང་ཡུལ་སྐོར་ཐོན་ལས་གཏིང་ཟབ་སྒོས་མཐུན་སྦྱོར་བྱས་ཏེ། ཁམས་པའི་རིག་གནས་ལྟེ་གནས་ཀྱི་དངོས་མང་འགྲེམ་སྟོན་གླིང་དང་ཟུར་ལུགས་བོད་སྨན་གྱི་ཁམས་གསོ་གླིང་འཛུགས་སྐྲུན་གྱི་འགོ་བརྩམས་པར་མ་ཟད། ཆོས་མཛོད་ཆེན་མོ་དཀྱིལ་སྙིང་ཡིན་པའི་ཁམས་པའི་རིག་གནས་ལྟེ་གནས་ཀྱི་ཡུལ་སྐོར་ལྗོངས་ཁུལ་བསྐྲུན་ནས"སྡེ་དགེར་མ་སླེབས་ན། ཁམས་པར་རྒྱུས་ལོན་དཀའ"ཞེས་པའི་རིག་གནས་ཡུལ་སྐོར་གྱི་ཟོང་རྟགས་བསྐྲུན་པར་བརྩོན་པ་ལྷུར་ལེན་བྱེད་མུས་སུ་མཆིས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com