ཤ་བྲང་དགོན་དགེ་ལྡན་བཤད་སྒྲུབ་གླིང་།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:དགེ་ལུགས་པའི་དྲ་བ།
དུས་ཚོད།:2018-09-19 09:59:00
ཀློག་གྲངས།:
ཐུབ་བསྟན་ཡང་དར་གྱི་སྐབས་སུ། ཆོས་དད་མང་ཚོགས་ཀྱི་རེ་བ་ལྟར་སྤྱི་ལོ1981ལོར་ཆོས་སྒོ་ཕྱེ་སྟེ། ལེགས་བྱས་ཕུན་སུམ་ཚོགས་པའི་དགེ་འབྲས་ཀྱི་ལང་ཚོ་དར་ལ་བབས་པ་ལ་མངོན་དུ་ཕྱོགས་ཚེ། དྲིན་ཅན་རྩ་བའི་བླ་མ་ཨ་ལགས་དགེ་བཤེས་སྐུ་ཕྲེང་གསུམ་པ་༧རྗེ་བཙུན་འཇམ་དབྱངས་བློ་བཟང་བསྟན་པ་རབ་རྒྱས་དཔལ་བཟང་བོ་མཆོག་གི་ཞལ་ནས། སྔོན་གྱི་དགོན་གཞི་དེ་བསྐྱར་གསོ་གྱིས་དང་། བཤད་སྒྲུབ་ཀྱི་བསྟན་པའི་རྒྱལ་མཚན་འཛིན་པའི་ཆོས་སྡེ་ཞིག་ཏུ་འགྱུར་བར་ཐེ་ཚོམ་མེད་ཅེས་ལུང་བསྟན་པ་ལྟར། རབ་བྱུང་བཅུ་དྲུག་པའི་མིག་དམར་ཞེས་པ་ཤིང་ཕོ་བྱི་བའི་ལོ་སྟེ། སྤྱི་ལོ1984ལོར་དགེ་སློང་བློ་བཟང་རྒྱ་མཚོ་དང་བློ་བཟང་ཀླུ་སྒྲུབ། འཇམ་དབྱངས་ལུང་རིགས་རྒྱ་མཚོ། ཚེའི་རིག་བྱེད་འཛིན་པ་བློ་བཟང་སྦྱིན་པ། དགེ་སློང་བློ་བཟང་འཕྲིན་ལས། ཨ་ལགས་ཐུབ་བསྟན་སོགས་གནས་འདིར་ཕེབས་ཏེ། བླ་མ་ཡི་དམ་ཆོས་སྲུང་རྣམས་ལ་བསང་མཆོད་དང་ཡུལ་འདིའི་གནས་བདག་རྣམས་ལ་མཆོད་གཏོར་རྒྱ་ཆེར་ཕུལ་ཏེ། བསྟན་འགྲོ་སྤྱི་དང་ཁྱད་པར་འཇམ་མགོན་རིང་ལུགས་འདི་ཉིད་དར་ཞིང་ཡུན་རིང་གནས་པའི་ཐུགས་སྨོན་གནད་དུ་སྨིན་པ་གནང་ཞིང་། དགེ་བཤེས་རིན་པོ་ཆེའི་བཀའ་ལྟར་འདུ་ཁང་གྱན་ཉེར་ལྔ་ཅན་བཞེངས་གྲུབ་བྱུང་བས། གནས་སྐབས་སུ་དགུ་བའི་སྒྲུབ་ཆེན་དང་དུས་མཆོད་རྣམས་མ་ཆག་པ་གྱིས་དང་ནང་རྟེན་རྣམས་གྲུབ་རྗེས་རྒྱུན་ཚོགས་འཛུགས་དགོས་ཞེས་གསུངས། སྐབས་དེར་གཡེར་གཤོང་སྐུ་ཕྲེང་བདུན་པ་རྗེ་བཙུན་འཇམ་དབྱངས་དགེ་འདུན་རྒྱ་མཚོ་མཆོག་གནས་འདིར་ཕེབས་ཏེ། ཡོན་ཏན་གཞི་གྱུར་མའི་ཁྲིད་དང་འཇིགས་བྱེད་དཔའ་བོ་གཅིག་པའི་སྨིན་བྱེད་ཀྱི་དབང་སྟ་གོན་དང་བཅས་པ་གནང་ཞིང་འདུ་ཁང་རྟེན་བརྟེན་པར་རབ་གནས་ཀྱི་མེ་ཏོག་གཏོར་ཏེ། དགོན་པའི་མཚན་ལ་ཤ་བྲང་དགོན་དགེ་ལྡན་བཤད་སྒྲུབ་འཕེལ་རྒྱས་གླིང་ཞེས་གོས་སེར་བོ་ཞིག་སྟེང་དུ་སྐུ་ཉིད་ཀྱི་ཕྱག་བྲིས་མཛད་དེ་བསྩལ་ཅིང་། ཆོས་སྲིད་གཉིས་ཀྱི་བྱ་བར་ཉིད་ཀྱིས་གཟིགས་སྐྱོང་མཛད་རྒྱུ་ཞལ་བཞེས་གནང་།
སྤྱི་ལོ1991ལོར་ཨ་ལགས་དགེ་བཤེས་རིན་པོ་ཆེ་མཆོག་གི་སྤྱན་སྔར་ལས་སྣེ་བ་བསྐོ་བཞག་བྱ་དགོས་ཚུལ་ཞུས་པར། འཇམ་དབྱངས་ལུང་རིགས་རྒྱ་མཚོ་དགེ་བསྐོས་དང་འཇམ་དབྱངས་ཀླུ་སྒྲུབ་བྱིངས་འདྲེན་དུ་བསྐོས་ཏེ་རྒྱུན་ཚོགས་མྱུར་དུ་ཚུགས་ཞེས་བཀའ་གནང་བ་ལྟར། རྒྱུན་ཚོགས་ཀྱི་སྐོར་ཇི་ལྟར་བྱ་དགོས་ཚུལ་བྲག་དཀར་སྤྲུལ་སྐུ་རྗེ་བཙུན་བློ་བཟང་ཆོས་ཀྱི་ཉི་མ་མཆོག་ལ་ཞུས་པས་འཇིགས་བྱེད་དཔའ་བོ་གཅིག་པ་རྒྱུན་ཚོགས་སུ་ཚུགས་གསུངས། ལོ་དེའི་ཟླ་བཅུ་བའི་ཚེས་ཉེར་ལྔ་ཉིན་དགེ་ལྡན་ལྔ་མཆོད་ཆེན་མོ་བཙུགས། གཞན་དགེ་བཤེས་རིན་པོ་ཆེའི་གསུང་བཀོད་ལྟར་མགོན་པོའི་གཏོར་སྒྲུབ་བཙུགས་ཤིང་གཡེར་གཤོང་རིན་པོ་ཆེའི་གཟིམ་ཁང་ཡང་བཞེངས་གྲུབ་བྱུང་། མེ་བྱི་ལོར་གཡེར་གཤོང་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན། སྡེ་འདིའི་གདུང་སྐལ་རིན་པོ་ཆེ་སྤྱན་དྲངས་ཏེ་དངུལ་སྲང་བརྒྱ་དང་ལྔ་བཅུ་ཙམ་གྱིས་བྱང་ཆུབ་མཆོད་རྟེན་ཆ་ཚད་ལེགས་པ་ཞིག་བཞེངས་ནས་གཟིམ་ཁང་གི་དྲི་གཙང་ཁང་དུ་འགྲོ་བའི་བསོད་ནམས་གསོག་པའི་རྟེན་དུ་བཞུགས། འདུས་སྡེ་སྤྱི་ནས་བླ་མའི་མཛད་བཟང་རྗེས་སུ་དྲན་ནས་ལོ་རེ་བཞིན་གདུང་མཆོད་བཙུགས། གཞན་ཡང་ལོ་དེར་མགོན་ཁང་བཞེངས་པའི་དབུ་བརྩམས་ཏེ་བགྲང་བྱ་བཞིའི་ནང་ལེགས་གྲུབ་བྱུང་། དུས་མཆོད་ཀྱི་རིམ་པ་ནི། རྒྱ་ལོའི་སྨོན་ལམ། གསུམ་པའི་སྒྲུབ་མཆོད། བཞི་བའི་སྨྱུང་གནས། དྲུག་པའི་མཆོད་པ། བརྒྱད་པའི་གདུགས་དཀར་ཁྲི་རྫོགས། དགུ་བའི་མགོན་པོ་གཏོར་སྒྲུབ་དང་མཁའ་སྤྱོད་མའི་སྒྲུབ་མཆོད། བཅུ་བའི་ལྔ་མཆོད་བཅས་སྒྲུབ་བཞིན་ཡོད་དོ།།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།