རོང་བོ་ཤིང་ལས་ཁ་བཀྲ་ཤིས་ཆོས་ཀྱི་རྫོང་ཆེན་གྱི་ལོ་རྒྱུས་མདོར་བསྡུས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:དགེ་ལུགས་པའི་དྲ་བ། དུས་ཚོད།:2018-08-29 11:00:00 ཀློག་གྲངས།:

     རོང་བོ་ཤིང་ལས་ཁ་བཀྲ་ཤིས་ཆོས་ཀྱི་རྫོང་ཆེན་འདི་ནི་མདོ་སྨད་ཡ་རྫི་རྫོང་ཀྭ་རིང་ཡུལ་ཚོའི་ནུབ་ཕྱོགས་རྨ་འགྲམ་དུ་ཆགས་ཡོད་ཅིང་། མར་ནང་རོང་བོ་ཚོ་ལྔའི་སྤྱིའི་དགོན་པ་སྟེ། རོང་བོའི་ཡང་མེས་མདོ་སྡེ་འབུམ་གྱི་སྲས་གསུམ་གྱི་རྒྱུད་པ་ཡར་ནང་མར་ནང་། རྡོ་སྦིས་གསུམ་གྱི་ནང་སོ་བཟུང་། རབ་བྱུང་དྲུག་པའི་ཤིང་རྟ་སྤྱི་ལོ1354ལོར་ཡབ་རྗེ་རྒྱལ་བ་གཉིས་བའི་རིགས་ཀྱི་བདག་པོ་ཤར་ཕྱོགས་པ་རིག་པའི་དཔའ་བོ་ཆོས་རྗེས་དོན་རིན་པའི་དངོས་སློབ་རོང་སྟོན་བླ་མ་བསམ་གཏན་རིན་ཆེན་གྱིས་ཕྱག་བཏབ་མཛད། ས་འཛིན་ལྷ་ཁང་དང་། འདུ་ཁང་། མགོན་ཁང་བཅས་བཞེངས། བར་དེར་འདུས་བའི་ཚོགས་བརྒྱ་ཕྲག་ལྔ་ལྷག་བཞུགས།
     དཔལ་ལྡན་ས་སྐྱ་བའི་ཆོས་ཚུལ་སྤེལ་བའི་བཤད་གྲྭ་ཆེན་པོ་ཞིག་ཏུ་གྱུར། བཻ་སེར་དུ། དགོན་འོག་མ་འང་ཐོག་མར་ས་སྐྱ། སླར་བསམ་བློ་བ་དཔལ་ལྡན་ཆོས་གྲགས་ཀྱིས་རི་བོ་དགེ་ལུགས་པར་བསྒྱུར།
     རབ་བྱུང་བཅུ་གསུམ་པའི་ལྕགས་བྱི་ལོར་པཎ་ཆེན་དཔལ་ལྡན་ཡེ་ཤེས་རྒྱ་ཕེབས་ཀྱི་དུས་ཤར་སྐུ་ཞབས་ཕྱག་མཛོད་དང་བཅས་སྐུ་འབུམ་དུ་མཇལ་བར་བྱོན། དེའི་སྐབས་ཀུན་མཁྱེན་འཇིག་མེད་མཆོག་གིས་མར་ནང་ནང་སོ་རྒྱ་ལྡང་བློ་བཟང་བསམ་འགྲུབ་ཀྱིས་ཉིད་ལ་དགོན་པ་ཕུལ་ཀྱང་དང་བཞེས་མ་གནང་ཚུལ་དང་། ཁོ་རང་ཚོའི་འདོད་མོས་ཀྱི་བླ་མ་རེ་གནང་སྟེ་སྔར་རྒྱུན་གཏན་ཆགས་དགོས་ཚུལ་གྱི་རྒྱུ་མཚན་བྱས་པའི་ལན་དུ། འོ་ངེད་ཚོ་ལ་འདོད་བསྟུན་གྱི་བླ་མ་བསྐོ་རྒྱུ་དཀའ། དེ་འདྲའི་བླ་མ་རེ་ཉིད་ནས་བསྐོས་ཆོག་ཚུལ་གསུངས་པ་ན། པཎ་ཆེན་ཐམས་ཅད་མཁྱེན་པས་ཀྱང་དེ་བསྟུན་གྱི་བཀའ་ཕེབས་འཁྲུན་ཆོད་པ་བསྩལ་ཏེ་ཡིག་དན་བཞག།
     དེ་ནས་བཟུང་ཀུན་མཁྱེན་བར་མ་མཆོག་གིས་བདག་གི་མཛད་དེ་བཀོད་ཁྱབ་གང་དགོས་གནང་པར་མ་ཟད་སྔ་ཕྱིར་དུ་ཡང་ཡང་ཕེབས། ཐོག་མའི་འཆད་ཉན་པར་དུས་འཁོར་སློབ་ཟུར་བ་རབ་བརྟན་རྒྱ་མཚོ་བསྐོས། ཆོས་དང་ཟང་ཟིང་གི་བཀའ་དྲིན་ཚད་མེད་པས་བསྐྱངས། རྗེས་སུ་གྲྭ་ཚོགས་ཉུང་བར་དགོངས་ནས་རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་གྱིས་སྒྲུབ་གྲྭར་བསྒྱུར་ཏེ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་པའི་བདག་འཇུག་དང་རྒྱུན་ཚོགས་ལ་དམིགས་བརྩེ་མ་སྟོང་རེ་འདོན་རྒྱུན་བཙུགས། ས་འཛིན་ལྷ་ཁང་ཞིག་གསོས་དང་རྒྱུན་ཇའི་སོགས་འཇོག་པ་ཆེ། ཀུན་མཁྱེན་འཇིགས་མེད་རྒྱ་མཚོས་བྱམས་ཆེན་ཐོག་ཚད་དང་མཉམ་པ། རྒྱབ་ཡོལ་ལ་གནས་བརྟན་བཅུ་དྲུག་བཞུགས་པ་ངོ་མཚར་བ་ཅན་བཞེངས།
     བདེ་ཐང་སྤྲུལ་བའི་སྐུ་བློ་བཟང་བསྟན་འཛིན་རྒྱ་མཚོས་ཀུན་རིག་རྣམ་པར་སྣང་མཛད་ཀྱི་བདག་འཇུག་འདོན་རྟ་དབྱངས་དང་བཅས་ལྷ་སའི་སྐྱོར་མོ་ལྟར་བཙུགས་གནང་མཛད། གུང་ཐང་འཇམ་པའི་དབྱངས་ཀྱིས་བཞི་བའི་སྨོན་ལམ་གྱི་ཐབས་བཞག། བླ་མཆོད་ཁྲིད་དང་། ཀུན་རིག་དབང་སོགས་ཆོས་ཀྱི་ཆར་ཕབས། ལྷག་པར་དུ་རབ་བྱུང་བཅོ་ལྔ་བའི་སྨད་ཙམ་ལ་ཁོང་ཨ་ལགས་བླ་ཁོ་རིན་པོ་ཆེའི་དཔལ་དུས་ཀྱི་འཁོར་ལོའི་རྡུལ་ཚོན་ལ་བརྟེན་པའི་དཀྱིལ་འཁོར་སྒྲུབ་མཆོད་ངོས་གཙང་བཙུགས། དེའི་ཐབས་ལ་དངུལ་སྲང་བཅུ་དྲུག་དང་། ཁྲོམ་ཉིས་བརྒྱ་རས་སོགས་འཇོག་གནང་མཛད། མགོན་ཁང་དུ་མགོན་པོ་གུར་གསར་དུ་བཞེངས་ནས་དགོན་པ་ཆུང་ཆུང་ལ་འདི་འདྲའི་ཆོས་སྐྱོང་བཙན་པོ་ཞིག་ཞེས་གསུངས་ཏེ་མགོན་ཁང་གི་གསོལ་ཤ་དང་བསུར་སོགས་བཅད། རྗེ་ཉིད་སྔ་ཕྱིར་དུ་ལན་མང་ཕེབས་པས་སྐུ་དྲིན་ཤིན་ཏུ་ཆེ།
     རབ་བྱུང་བཅུ་དྲུག་པའི་ཤིང་ཁྱི་ནག་ཟླའི་ཡར་ཚེས་ལ་རྗེ་ཉིད་ཀྱིས་དགོན་འདིར་སྐྱབས་འགྲོ་དང་། དགའ་ལྡན་ལྷ་བརྒྱ་མ། ལམ་རིམ་བདེ་ལམ་གྱི་ཁྲིད། སྟ་གོན་སྔོན་དུ་འགྲོ་བའི་སྒོ་ནས་ལྷ་བཅུ་གསུམ་པ་དང་དཔལ་གཅིག་་གུར་ལྷ་བརྒྱད། གདུགས་དཀར་ལྷ་བཅུ་བདུན་མ། བཅུ་གཅིག་ཞལ་ལྷ་ལྔ་རྣམས་ཀྱི་དབང་། ནག་ཟླའི་བཅུ་གསུམ་ལ་དཔལ་དུས་ཀྱིི་འཁོར་ལོའི་བདག་འཇུག་དང་། བཅུ་བཞི་ཉིན་སློབ་མ་རྗེས་འཛིན་སྟ་གོན་མཛད། བཅོ་ལྔའི་ཉིན་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་པའི་བྱིས་པ་ལྟར་འཇུག་པའི་དབང་བདུན། བཅུ་དྲུག་ཉིན་གོང་མ་གོང་ཆེན། བཅུ་བདུན་ཉིན་རྡོ་རྗེ་སློབ་དཔོན་བདག་པོ་ཆེན་པོའི་དབང་སྩལ་ནས་མཇུག་ཏུ་ཚོགས་ཀྱི་འཁོར་ལོ་ཚིམ་པ་དྲུག་ལྡན་དུ་རོལ། བཅོ་བརྒྱད་ནས་རྟ་མགྲིན་གསང་སྒྲུབ་དང་། འཇམ་དབྱངས་ནཱ་ག་རཀྵ། མགོན་ཆོས་ལྷ་གསུམ། གུར་ཞལ་གཉིས། ལྕམ་སྲིང་། ལེགས་ལྡན་མཆེད་གསུམ་རྣམས་ཀྱི་རྗེས་གནང་དང་། གདུགས་དཀར་མཆོག་གྲུབ་མ། འཇམ་དཔལ་མཚན་བརྗོད། གུང་ཐང་རིན་པོ་ཆེའི་གསུང་འབུམ་ལས་ཁྱུང་ཁྲའི་ལས་ཚོགས། ནཱ་ག་རཀྵའི་བུམ་ཆོག་ཨ་ཁུ་རིན་པོ་ཆེའི་དང་། པཎ་ཆེན་རིན་པོ་ཆེའི་གསུང་གི་ཤམ་བྷ་ལའི་སྨོན་ལམ། བླ་མཆོད་ལུང་སོགས་གང་འདོད་དུ་བསྩལ། སྐབས་དེར་གུང་ཐང་བསྟན་པའི་དབང་ཕྱུག་མཆོག་དགུང་ལོ་བརྒྱད་པ་དང་། ལ་མོ་ཡོངས་འཛིན་རིན་པོ་ཆེ། ཨ་ཁུ་ཐབས་མཁས་ཚང་དང་། ཨ་ཁུ་བསང་ཁོག་འཇིགས་མེད་སོགས་ཕྱག་ཕྱིར་ཁྲིད། ཨ་ཁུ་བསང་ཁོག་ཚང་གིས་ཤམ་བྷ་ལའི་སྨོན་ལམ་ཞིག་ཀྱང་མཛད། རྗེ་ཉིད་ཀྱིས་ངྷི་ཚ་ནས་དུས་དབང་གསུང་སྐབས་དགོན་འདིའི་དགེ་འདུན་པ་བཅུ་ལྷག་ས་ཆོག་པར་ཁྲིད། དྲག་པོ་ལྕགས་སྤྲེལ་ལོ་སྟེ་སྤྱི་ལོ1981རྗེ་ཉིད་ཀྱི་ཐུགས་སྲས་དམ་པ་རྗེ་དགེ་འདུན་རྒྱ་མཚོ་ཆེ་བས་ཞབས་ཀྱི་པདྨོ་ཉེ་བར་འཁོད་ནས་ཆོས་སྒོ་ཕྱེ་སྟེ། བཀྲ་ཤིས་གསོ་སྦྱོང་མཛད། གུང་ཐང་འཇམ་པའི་དབྱངས་ཀྱིས་ཁོང་གི་ལྷ་སྡེ་དངུལ་རྭ་དང་། ཁྲོ་ཁོ་ཁ་གསུམ། སོག་པོ་མདའ་ཚན་བཅས་ལ་དགོན་འདིར་དཀར་ཐིགས་སྟེར་དགོས་ཚུལ་སོགས་ཀྱིས་སྐུལ་མ་གནང་སྟེ་འདུ་ཁང་དང་རྟེན་བརྟན་པ་ལེགས་འགྲུབ་བྱུང་། གཞན་བྱམས་ཁང་དང། མགོན་ཁང་། སྒྲོལ་མའི་ལྷ་ཁང་། དཔལ་དུས་ཀྱི་འཁོར་ལོའི་མཆོད་རྟེན་བཅས་བཞུགས་ལ།
     རབ་བྱུང་བཅུ་བདུན་པའི་ལྕགས་ལུག་ལོར་གུང་ཐང་རིན་པོ་ཆེ་རྗེ་འཇིགས་མེད་བསྟན་པའི་དབང་ཕྱུག་མཆོག་སླར་དགོན་འདིར་ཕེབས་ཏེ་རིགས་གསུམ་མགོན་པོའི་ལུང་དང་། འཕོ་ལུང་སོགས་གནང་། ཞག་བཞུགས་མཛད་ནས་སྔོན་བྱིས་བའི་དུས་བླ་མའི་རྗེས་སུ་དགོན་འདིར་ཁྲིད་འོང་བ་ཕྱིར་དྲན་གྱིས་ཚུལ་དུ་གསུངས། ལ་མོ་ཡོངས་འཛིན་རིན་པོ་ཆེས་ཀྱང་དགོན་འདི་ཡབ་རྗེ་བླ་ཁོ་རྡོ་རྗེ་འཆང་གི་འདང་ཆེ་ཤས་ཅིག་ཡིན་པར་མ་ཟད། དུས་ཀྱི་འཁོར་ལོའི་རྡུལ་ཚོན་གྱི་དཀྱིལ་འཁོར་ཐུན་མོང་མ་ཡིན་པ་ཞིག་བཙུགས་ཡོད་ཞེས་སྐུ་འཁོར་རྣམས་ལ་ཡང་ཡང་གསུངས་བ་རྣ་བས་ཐོས། ཁོང་རིགས་ཡང་གནས་འདིར་དུང་ཞེན་ཧ་ཅང་ཆེ་བའི་ཕེབས་འཆར་ཡོད་ཅེས་བརྡ་གནང་ཡང་། ཞུས་མ་ཐུབ་པར་ལུས།
     སྔ་གཞུག་ཏུ་དགོན་འདིར་མཐུན་རྐྱེན་གང་གནང་མཛད། དེ་ལྟར་ཡབ་རྗེ་བླ་མའི་བཀའ་དྲིན་གྱིས་རང་གི་སློབ་བུ་དང་། བུ་སློབ་རྣམས་ཀྱིས་ཀྱང་ཐུགས་བརྩེ་བའི་ངང་ནས་བསྐྱངས། དེ་ལྟར་སྔོན་བྱོན་དམ་པ་མང་པོས་བྱིན་གྱིས་རླབས་པའི་དབེན་གནས་འདིར། སྐལ་བཟང་དང་གི་དུས་འདི་ལའང་འདུས་པའི་ཚོགས་བཅུ་ཕྲག་གསུམ་ལྷག་བཞུགས་ལ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་གནས་པའི་གཞི་དབྱར་དགག་གསོ་གསུམ་དང་ལྡན་ཞིང་། འདུས་བའི་ཚོགས་རྣམས་ཐུགས་མཐུན་ཞིང་ཁྲིམས་གཙང་བའི་ངོས་ནས་འཁོར་ལོ་གསུམ་གྱི་བྱ་བ་མཐའ་དག་ལ་བརྩོན་པ་ལྷུར་ལེན་བཞིན་པར་གནས་སོ། །


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།