ཐར་ཤུལ་དགོན་རྣམ་དག་ཁྲིམས་ལྡན་གླིང་ངོ་སྤྲོད་མདོར་བསྡུས།
རྩོམ་པ་པོ།:《མང་རའི་ལོ་རྒྱུས》ལས་བཏུས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-01-26 10:59:00
ཀློག་གྲངས།:
མང་ཡུལ་གྱི་རྒྱུད་གྲྭ་ཆེན་པོ་རྣམ་དག་ཁྲིམས་ལྡན་གླིང་ནི། སྔར་ལ་མོ་སྐུ་ཕྲེང་གཉིས་པ་ནས་ལྔ་བའི་བར་ཨུ་རྒེ་བཟུང་བའི་གནས། ཤེལ་ལུང་བཞུགས་ཁྲི་གོང་མ། གནས་རི་ཆེན་པོ་དགེ་བསྙེན་ཕྱིང་དཀར་གྱི་ལྷ་ཞོལ། ཇ་བ་རྟ་རྨིག་མ་ཞེས་བྱ་བའི་ལུང་བར། ལྷ་དང་བཅས་པའི་ལུས་ཅན་མ་ལུས་པའི་བསོད་ནམས་ཀྱི་མཆོད་སྡོང་དམ་པར་ལྷམ་མེ་ལྷན་ནེ་ལྷང་ངེར་བརྗིད་དོ།།
དེ་ཡང་མདོ་དང་སྔགས་ཀྱིས་བསྡུས་པའི་ཆོས་ཀྱི་རྔ་བོ་ཆེ་སྲིད་པ་གསུམ་དུ་སྙན་པར་ལྡིར་བའི་གདན་ས་འདི་ཉིད་ཐོག་མར་ཕྱག་འདེབས་པ་པོ་ནི། ཕྱོགས་དུས་བདེ་གཤེགས་མ་ལུས་པའི་གསང་བ་བསམ་གྱིས་མི་ཁྱབ་པའི་གན་མཛོད་ལ་རང་དབང་དུ་སྤྱོད་ཅིང་། ལུགས་གཉིས་ས་ཆེན་དགའ་མའི་ཁྱོན་ལ་བསོད་ནམས་སྟོབས་ཀྱིས་དབང་དུ་བསྒྱུར་བའི་ལ་མོའི་གོང་ས་མཆོག་གི་རིགས་ཀྱི་བདག་པོ། ཚངས་པ་དང་ཁྱབ་འཇུག་དང་དྲག་པོ་སོགས་སྲིད་ན་དྲེགས་པའི་ང་རོ་གླུ་རུ་ལེན་པ་དག་གི་རལ་བའི་ཟུར་ཕུད་ལ་ཞབས་ཀྱི་སེན་མོས་མཛེས་པར་བགྱིད་པའི་བྱེད་པོ། ཟབ་པ་དང་རྒྱ་ཆེ་བའི་གཞལ་བྱའི་གནས་མཐའ་དག་ལ་མཁྱེན་རབ་ཀྱི་སྤྱན་མིག་རྡུལ་དང་བྲལ་ཞིང་དཀྱུས་སུ་རིང་བ། འཕགས་མཆོག་འཇིག་རྟེན་དབང་ཕྱུག་བསམ་བཞིན་གངས་རིའི་ཕྲེང་བ་ཚར་དུ་དངར་བའི་ཞིང་ཁམས་སུ་མིའི་སྲིད་པ་བཟུང་བ། རང་ཅག་སྙིགས་དུས་ཀྱི་སྐྱེ་བོ་ཉམ་ཐག་པ་རྣམས་ཀྱི་མགོན་དང་སྐྱབས་དང་འདྲེན་པ་གཅིག་པུ། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་རྗེ་བཙུན་བློ་བཟང་མཁས་གྲུབ་རྒྱ་མཚོ་དཔལ་བཟང་བོ་མཆོག་གོ།
དགོན་སྡེ་འདི་ཇི་ལྟར་བཏབ་ཚུལ་ལ།
སྔོན་ཀུན་མཁྱེན་སྐུ་ཕྲེང་གསུམ་པ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་དཔལ་བཟང་བོ་དེ་ཉིད་དབུས་ཕེབས་ཕྱིར་ལམ་དུ་མང་གཞུང་འདིར་ཕེབས་ཤིང་། ས་འདིར་དགོན་པ་ཞིག་ཡོད་ན་བཟང་ཞེས་གསུངས་ཏེ་བཀྲ་ཤིས་ཀྱི་མེ་ཏོག་གཏོར་ཞིང་ཐུགས་སྨོན་གནང་། ཕྱིས་སུ་ལ་མོ་སྐུ་ཕྲེང་བདུན་པ་རྗེ་དགེ་འདུན་བསྟན་འཛིན་ནོར་བུ་མཆོག་རབ་བྱུང་བཅུ་དྲུག་པའི་མེ་ཡོས་ལོར་བླ་བྲང་དུ་ཕེབས་ཏེ་མང་འབའ་བྱ་གསུམ་གྱི་རོང་འབྲོག་སྤྱིའི་བསོད་ནམས་ཀྱི་བགོ་སྐལ་དུ་དགོན་པ་ཞིག་འདེབས་དགོས་ཞེས་སྐྱབས་རྗེ་བླ་ཁོ་རིན་པོ་ཆེར་དགོན་གནས་ལུང་བསྟན་ཞུས་པར། ཁོང་ནས་ཤེལ་ལུང་བཞུགས་ཁྲི་གོང་མར་མོ་ལྟས་ལེགས་པ་བབས་འདུག་ཅེས་གསུངས། དེ་རྗེས་ཁོང་བླ་ཁོ་རྡོ་རྗེ་འཆང་གིས་ལ་མོའི་ཡོངས་འཛིན་མཆོག་ལ་ཁྱེད་ཀྱིས་ལ་མོའི་གོང་ས་མཆོག་གི་ཐུགས་སྨོན་ལྟར་མང་རའི་ཤེལ་ལུང་གོང་མར་དགོན་པ་ཞིག་ཐོབ། མཚན་ལ་རྣམ་དག་ཁྲིམས་ལྡན་གླིང་ཞེས་ཐོགས་གསུངས། ཤིང་ཕག་ལོ་སྟེ་སྤྱི་ལོ༡༩༣༥ལོར་ཁོང་མང་རར་དགོན་ས་འཚོལ་དུ་ཕེབས་པར། ཇ་བ་རྟ་རྨིག་མ་སྟེ་ད་ལྟའི་དགོན་པའི་གནས་འདིར་ཁོང་གི་ཆིབས་པ་གློ་བུར་དུ་ཉལ་བས། དགོན་གནས་འདིར་གཏན་ཁེལ། དེ་སྐབས་གཡག་སེར་བསམ་གཏན་ཟེར་བས་ཁོང་ལ་གྲྭ་རྒྱུན་འགའ་ཕུལ་ཅིང་། བན་ཤུལ་རྒྱ་རག་གི་མི་བསོད་ནམས་དོན་འགྲུབ་ཟེར་བས་མང་རའི་བྱེ་གསེབ་ནས་རྙེད་པའི་གསེར་ཕུད་ཕུལ་བས། གང་ཅིའི་རྟེན་འབྲེལ་ཐམས་ཅད་མ་བསྒྲིག་པར་རང་འགྲིག་ཏུ་སོང་བས། སྔོན་གྱི་ཐར་ཤུལ་སྤྱི་བའི་གྲྭ་བ་རྣམས་དང་གཡག་སེར་གྱི་གྲྭ་བ་རྣམས་གྲྭ་རྒྱུན་ཐོག་མ་བྱས་ཏེ། བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ཁྲིར་འཁོད་ནས་བགྲང་བྱ་ཉིས་སྟོང་རེ་གཉིས་འདས་པ་བོད་རབ་བྱུང་བཅུ་དྲུག་པའི་ཤིང་ཕག་སྤྱི་ལོ༡༩༣༥ལོར་དགོན་པའི་གཞི་བཏིངས།
ད་ནི་དགོན་སྡེ་འདིའི་འཆད་ཉན་གྱི་རིམ་པ་མདོར་བསྡུས་ཙམ་བརྗོད་ན། འཛིན་གྲྭ་གསུམ་དུ་ཕྱེ་བའི་གཞུང་འོག་མ་ལམ་རིམ་འཛིན་གྲྭ་ལ། འདོན་ཆ་སྨོན་ལམ་ཆོས་སྤྱོད་སྤྱི་དང་། བདེ་གསང་འཇིགས་གསུམ་གྱི་ཆོ་ག་ཡོངས་རྫོགས། རབ་གནས་བཀྲ་ཤིས་སྙེ་མ། མགོན་ཆོས་རྣམ་གསུམ་གྱི་བསྐང་ཆོག ཀུན་མཁྱེན་གོང་མའི་ལམ་རིམ་འཇམ་དཔལ་ཞལ་ལུང་། བསྡུས་གྲྭ་བློ་རྟགས་ས་ལམ། གྲུབ་མཐའ་སོགས་རྫོགས་ནས་གཞུང་བར་བ་བསྐྱེད་རིམ་འཛིན་གྲྭ་ལ་འཕར། དོན་བདུན་ཅུ། རྟེན་འབྲེལ། རྒྱན་གྱི་བསྡུས་དོན། འདུས་པའི་ས་ལམ། སྔགས་ཀྱི་སྤྱི་དོན་སོགས་རྫོགས་ཤིང་། ཆོ་ག་གསུམ་གྱི་ཐིག་རྡུལ་ཚོན་འདོན་རྟ་དབྱངས། གར་ཕྱག་རྒྱ་རྡུང་འབུད་དཀྲོལ་བཅས་ཀྱི་ཕྱག་ལེན་ཕྲ་ཞིབ་ལེགས་པར་སྦྱངས་གྲུབ་ནས་བཀའ་རམས་འཛིན་གྲྭ་ལ་འབུད་དགོས་སོ།། ལོ་གཅིག་གི་ཆོས་ཐོག་གི་རིམ་པ་ནི། ཧོར་ཟླ་དང་པོའི་ཚེས་གསུམ་ནས་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཚེས་བཅུ་བདུན་བར་དང་དེ་ལ་ཞོགས་པ། གསུང་ཆོས། གུང་ཚོགས། སྨོན་ལམ་ཡར་འཚོགས་དགུང་ཇ་བཅས་ཆོས་ཐུན་ལྔ་རེ་བཅའ་ཡིག་ཟུར་གསལ་ལྟར་ལ། ཚོགས་མཆོད་དང་འབྲེལ་བར་ཧོར་ཟླ་གཉིས་པའི་ཚེས་གསུམ་ནས་བཅུ་བདུན་བར་དཔྱིད་ཆོས་དང་པོ། འདིའི་ནང་བསྐྱེད་རིམ་པ་དང་། ལམ་རིམ་པ་གཉིས་ལ་དོན་རྒྱུགས་ཚ་ནན་དྲག་པ་ལེན། ནག་ཟླའི་ཚེས་གསུམ་ནས་བཅུ་བདུན་བར་བདེ་མཆོག་སྒྲུབ་མཆོད་དང་འབྲེལ་བར་དཔྱིད་ཆོས་གཉིས་པ་ས་ག་ཟླ་བའི་ཚེས་གསུམ་ནས་སྨོན་ལམ་དང་འབྲེལ་ཏེ་བཅུ་བདུན་བར་དཔྱིད་ཆོས་གསུམ་པ། འདིའི་ནང་ཚིག་རྒྱུགས་ཞིབ་ལེན་བྱེད། ཧོར་ཟླ་ལྔ་བའི་ཚེས་གསུམ་ནས་བཅུ་བདུན་བར་དབྱར་ཆོས་དང་པོ། ཆུ་སྟོད་ཟླ་བའི་ཚེས་བཞི་ནས་དཔལ་གསང་བ་འདུས་པའི་སྒྲུབ་མཆོད་ཉིན་བདུན། ཟླ་ངོ་ཕྱེད་དང་གཉིས་ལ་དབྱར་གནས་ཆོས་ཐོག འདིའི་ནང་དབྱར་གྱི་རྙེད་པ་དབྱར་གནས་བར་ཞལ་གྱིས་བཞེས་པ་ལ་ཐོབ་པ་བྱེད་དགོས་པར་བཅད། ཧོར་ཟླ་བརྒྱད་པའི་བཅུ་བདུན་ནས་སྟོན་ཆོས་ཚུགས་ཤིང་། ལྕགས་མཁར་བ་རྣམས་བརྒྱད་པའི་ཉི་ཤུ་བརྒྱད་ནས་འཇིགས་བྱེད་དང་ཆོས་རྒྱལ་གྱི་ལས་རུང་བསྙེན་པ་ཚད་ལྡན་སྦྱིན་སྲེག་དང་བཅས་པ་གཏོང་དགོས། དགུ་བའི་ཉེར་བཞི་ནས་འཇིགས་མཛད་རྡོ་རྗེ་དཔའ་བོ་གཅིག་པ་དང་ལས་གཤིན་སྦྲགས་པའི་གཏོར་ཆེན་དྲག་པོ་ཟུར་དགུ་བའི་སྒྲུབ་པ་ཚད་ལྡན་སྙན་བརྒྱུད་མན་ངག་ལྟར། དགུ་བའི་ཚེས་བཅུ་བདུན་ནས་སྟོན་ཆོས་གཉིས་པ་ས་དཀར་ཆོས་ཐོག འདི་སྐབས་ལྕགས་མཁར་བ་ལས་གཞན་གྲྭ་ཚང་བྱིངས་ནས་ཚོགས་དང་ཆོས་གྲྭ་རྒྱུན་ལྡན་བྱེད། ལྔ་མཆོད་དང་འབྲེལ་བར་འཇིགས་བྱེད་བཅུ་གསུམ་མའི་སྒྲུབ་མཆོད་དང་ཆོས་གྲྭ་ཉིན་བཅོ་ལྔ། འདི་སྐབས་དགེ་བསྐོས་གསར་རྙིང་བརྗེ་སྤོར་བྱེད། ཧོར་ཟླ་བཅུ་གཅིག་པའི་བཅུ་བདུན་ནས་བཅུ་གཉིས་པའི་བཅུ་བདུན་བར་བསྙེན་པ་དང་དཔེ་མཚམས་ཅི་རིགས་ལ་བགྲེས་གཞོན་ཚང་མ་བཞུགས། ཆོས་མཚམས་སྐབས་སྐྱོར་སྦྱངས་ཉིན་བདུན། དུས་རྒྱུན་སྔ་དྲོ་དཔེ་འཛིན། ཉིན་གུང་དཔེ་ཁྲིད། ཕྱི་དྲོ་གཤར་སྦྱངས། སྐབས་ནམ་ཡོད་དུ་དཔེ་ལྟོས་བྱེད་པ་སོགས་འཆད་ཉན་བཤད་སྒྲུབ་ཀྱི་སྲོལ་བཟང་མི་ཉམས་གོང་དུ་སྤེལ་བའི་ཐབས་ལ་འབད་བཞིན་ཡོད་དོ།།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།