ཁྱུང་མོ་དགོན་པའི་སྔར་བྱུང་གི་ལོ་རྒྱུས་དང་ད་ལྟའི་གནས་བབ་སྐོར་གླེང་བ།
ཁོ་བོས་དཔྱད་ཞིབ་བྱ་བཞིན་པའི་དཔྱད་རྩོམ་དེ་ཁྱུང་མོ་དགོན་པའི་སྔར་བྱུང་གི་ལོ་རྒྱུས་དང་ད་ལྟའི་གནས་བབ་སྐོར་ཡིན། དཔྱད་རྩོམ་འདིའི་ནང་དུ་ཁྱུང་མོ་དགོན་པ་ནི་དུས་རབས་བཅུ་བཞི་པའི་ནང་སོག་བཙུན་སྟོན་པ་ཡེ་ཤེས་རྒྱལ་མཚན་(1302-)ཞེས་པས་ཕྱག་བཏབ་པའི་བོད་ཨ་མདོ་བྱང་ཤར་ཁྲོད་ཀྱི་བོན་དགོན་ཞིག་ཡིན། དེང་མཚོ་སྔོན་པོའི་ལྷོ་རྒྱུད་ཁྲི་ཀ་རྫོང་མཁར་ནས་སྤྱི་ལེ་བཅོ་ལྔ་ཙམ་གྱི་ས་མཚམས་སྟོང་ཆེ་ཞེས་པའི་ལུང་པ་དེར་ཡོད། དགོན་མིང་ལ་“ཁྱུང་མོ་གཡུང་དྲུང་ཕུན་ཚོགས་གླིང་”ཞེས་འབོད།
དཔྱད་རྩོམ་འདིའི་ནང་དུ་ཐོག་མར“ཁྱུང་མོ་”ཞེས་པའི་མིང་དོན་འདི་རིགས་རུས་ཡིན་སྐོར་སོགས“སྐྱབས་སྟོན་ཁྲོ་འགྲེལ”དང“ཏུན་ཧོང་ཡིག་རྙིང༌།” “ལེགས་བཤད་གཏེར་མཛོད”སོགས་གཞི་ལ་བཅོལ་ནས་ལུང་རིག་ཟུང་འབྲེལ་གྱིས་དཔྱད་ཞིབ་བྱས་ཡོད། མཚན་དོན་ཐད་ལ་ཡང“ཁྱུང་མོ”དང་། ‘‘ཁྱུང་སྨན།’’ ‘‘ཁྱུང་སྨོན། ’’ ‘‘ཁྱུང་མོང’’བཅས་འབྲི་ཚུལ་མི་འདྲ་བ་ཁག་བཀོད་ཡོད།
གལ་གནད་གཙོ་བོ་དེ་དགོན་འདི་ཕྱག་བཏབ་པའི་ལོ་ཚིགས་སྐོར་ཡིན། ལོ་ཚིགས་སྐོར་ལ་མཁས་པ་མང་པོ་ཞིག་གི་དགོངས་གཞི་མི་མཐུན་པ་མང་མོད། ཁོ་བོས་སྦྲ་གསར་པཎྚི་ཏས(1837-1904)མཛད་པའི“གཤེན་གྱི་དགེ་སྦྱོང་ཁྲི་ཀ་བ་ཀུན་བཟང་བསྟན་པའི་རྒྱལ་མཚན་གྱི་རྣམ་ཐར”ཞེས་པ་དེ་ལ་གཞིར་བཟུང་ཏེ། “དེ་ནས་ས་མོ་གླང་གི་དབྱར་ར་བའི། །ཡར་ཚེས༡༡དགེ་བར་ལྷ་ཁང་གཞི་འདིངས་མཛད། །ཕྱོགས་འདིའི་ཡོན་བདག་དད་ལྡན་ཕལ་ཆེར་དང༌། །དཀར་ཕྱོགས་ལྷ་ཀླུས་སྡོང་དང་གྲོགས་བྱས་སྟབས། །གསས་ཁང་དཀར་ནག་བཀྲ་གསལ་ཕྱོགས་འདི་རུ། །འཕོས་འདྲའི་ལྷ་ཁང་བྱ་འདབ་སུམ་བརྩེགས་ལ། །ཁྱུང་མགུར་ཁྱུང་མགོ་ཏོག་གིས་རབ་བརྒྱན་པའི། །ཕྱི་ནང་འཁྱམས་དང་བཅས་ཏེ་ལེགས་པར་གྲུབ།”ཅེས་པའི་ལུང་ཚིག་ལ་ཁུངས་སྐྱེལ་གྱིས་རབ་བྱུང་དྲུག་པའི་བགྲང་བྱ་ཉེར་གསུམ་པ་ས་གླང་ལོ་ལ་གཏན་ཁེལ་ཡོད། དེ་ན་ཕྱི་ལོ(༡༣༤༩) དེ་ནི་དུས་རབས༡༤པའི་ནང་དུ་སོག་སྟོན་ཡེ་ཤེས་རྒྱལ་མཚན་གྱིས་ཁྱུང་མོ་དགོན་པ་ཕྱག་བཏབ་པ་རེད་ཅེས་ལོ་ཚིགས་གཏན་འབབ་བྱས་པ་ཡིན་ན་ལུང་རིག་གཉིས་དང་ཧ་ཅང་འཚམས་པས། རྒྱུ་མཚན་དེའི་ཕྱིར་ན་ཕྱི་ལོ(༢༠༡༢)ལོའི་བར་ཁྱུང་མོ་དགོན་པ་བཏབ་ནས་ལོ(༦༦༣)ཟིན་འདུག་ཅེས་དཔྱད་ཞིབ་བྱས་ཡོད།
དེ་མིན་དགོན་འདི་ཐོག་མར་འདེབས་མཁན་སོག་བཙུན་སྟོན་པ་ཡེ་ཤེས་རྒྱལ་མཚན(1302-)ནས་བཟུང་ད་ལྟའི་དགོན་བདག་ཁྱུང་མོ་སྤྲུལ་སྐུ་སྟོབས་ལྡན་དབང་ཕྱུག(1966-)བར་དུ་བླ་རབས་ཉེར་གསུམ་ཡོད་པ་རྣམས་ཀྱི་མཚན་དང་མཛད་རྗེས་རགས་བསྡུས་ཤིག་ཀྱང་ཁ་གསལ་གྱིས་བཀོད་ཡོད། བར་སྐབས་ཤིག་ལ་དགོན་པ་འདི་རྩེ་ཞིག་ཨ་ལགས་ཤེས་རབ་ཚང་ཞེས་པ་ཞིག་གིས་ཁྲི་འགན་བཞེས་ནས་ཁོང་གིས་ཁྲི་ཀ་སྟོང་ཆེ་ཤཀྱཱ་ཚང་ལ་གཞུ་མོ་བརྒྱད་ཅུ་ཕུལ་ནས་དགོན་གནས་ཤིག་ཉོ་སྒྲུབ་མཛད་དེ་དགོན་གནས་འཕོ་འགྱུར་དུ་ཕྱིན་པའི་སྐོར་ལ་ཡང་སྔར་མེད་ཀྱི་གསལ་བྱེད་དང་། ཁྱད་པར་དུ་དགོན་འདིའི་ལོ་རྒྱུས་འབྲི་སྐབས་མཁས་པ་ཁག་གཅིག་གིས་རྩོད་གཞི་རུ་གྱུར་པའི་“གཞུ་མོ་”ཞེས་པ་དེ་ཨ་མདོ་མཚོ་སྔོན་འབྲོག་ཁུལ་གྱི་ཁ་སྐད་ཅིག་ཡིན་པ་སོགས་ལ་དགག་སྒྲུབ་ཀྱིས་ར་སྤྲོད་ཡང་ཞུས་ཡོད།
འདི་སྐབས་ཀྱི་ཨ་ལགས་ཤེས་རབ་ཁོང་གི་དབོན་པོ་དྲུང་རམས་པ་ཤེས་རབ་རྣམ་རྒྱལ་ལ་གཙང་ནས་པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་ཀྱིས་བཀའ་ཤོག་གསེར་གྱི་ཐམ་ག་དང་བཅས་པ་གནང་སྟེ། མདོ་སྨད་ཕྱོགས་ཀྱི་གཡུང་དྲུང་བོན་སྡེ་ཁག་ཆེ་ཆུང་ཀུན་གྱི་བསྟན་པའི་བདག་པོ་ཁྱོད་ཡིན་ཞེས་གསུངས་པ་བཞིན་ཁོང་གིས་ཀྱང་ཁྲི་ཀ་ཁྱུང་མོ་དགོན་པ་སོགས་བདག་གིར་བཞེས་ཚུལ་ཀྱང་བཀོད་ཡོད།
གཞན་ཡང་རིག་གསར་གྱི་སྔ་ཕྱིའི་ཕྱི་ནང་གི་རྟེན་དང་བརྟེན་པའི་སྐོར་སོགས་ཀྱང་རགས་ཙམ་བྲིས་ཡོད། གཙོ་བོ་སྦྲ་གསར་པནྜི་ཏ་ཀུན་བཟང་རྒྱལ་མཚན་གྱིས་ཐུགས་བཀོད་དང་ཕྱག་བྲིས་གནང་བའི“རྟག་གཟིགས་འོལ་མོ་ལུང་རིང་གི་ཞིང་བཀོད་ཆེན་མོ”དང་། སོག་བཙུན་སྟོན་པ་ཡེ་ཤེས་རྒྱལ་མཚན་མཆོག་གི‘‘ཆོས་གོས་ཉི་ཐིག་མ’’གཉིས་ནི་མདོ་སྨད་བྱང་རྒྱུད་ཀྱི་རྟེན་ན་གྲགས་ཅན་ཡིན། ཁྱོན་བསྡོམས་པའི་རྟེན་སྣ་ཉི་ཤུ་ལྷག་ཡོད་པ་ཁྱུང་མོ་དགོན་པའི་རྟེན་ཡིག་ལ་གཞི་བཅོལ་ཏེ་བྲིས་ཡོད།
ད་རུང་དགོན་འདིའི་དུས་ཆེན་དང་སྒྲུབ་ཆེན་ཁག་གི་ངོ་སྤྲོད་གསལ་བཤད་དང་དགོན་འདིར་འབྲེལ་ཡོད་ཀྱི་བླ་སྤྲུལ་ཁག་གི་མཛད་རྣམ་རགས་རིམ་ཙམ་བསྡུས་བཀོད་བྱས་ཡོད།
མཐར་དོན་དགོན་འདིའི་ད་ལྟའི་གནས་བབ་དང་འགན་འཁྲི་སྐོར་ལ་ཡང་དགོན་འདིར་ད་ལྟ་གྲྭ་བ་རྒན་གཞོན་དྲུག་ཅུ་ཙམ་ཡོད་པ་དང་ཕྱི་ལོ(༢༠༠༠)ལོར་དེང་རབས་ཀྱི་རིག་པའི་འཆར་འགོད་ཀྱིས་རྒྱུ་ཨར་ལས་ཀྱིས་གྲུབ་པའི་གཙུག་ལག་ཁང་གསར་བཞེངས་དང་ཕྱི་ནང་གི་རྟེན་དང་བརྟེན་པ་སོགས་ཕུན་སུམ་ཚོགས་པར་བཞེངས་ཡོད། ཕྱི་ལོ༢༠༠༣ལོ་ནས་སྨན་རིའི་དགེ་བཤེས་བཟོད་པ་འགྱུར་མེད་ཀྱིས་བཤད་གྲྭ་གསར་འཛུགས་གནང་སྟེ། བསྡུས་གྲྭ་ནས་དབུ་འཛུགས་ཀྱིས་སློབ་ཡུན་ལོ་བཅུའི་རིང་ཡིན་པ་སོགས་སྒྲིག་གཞི་གཏན་ཁེལ་གནང་ཡོད།
ཕྱི་ལོ(༢༠༠༥)ལོ་ནས་དགོན་འདི་ལ་གསར་འཛུགས་གནང་བའི“ཁྱུང་མོ་དགེ་རྒྱས་སློབ་གླིང”ཞེས་པའི་དྭ་ཕྲུག་གི་སློབ་གྲྭ་ཞིག་དངོས་སུ་དབུ་འཛུགས་གནང་ཐུབ་པ་བྱུང༌། གཞན་མཁས་དབང་ཚེ་རིང་ཐར་བརྒྱུད་ཡ་གླིང་མཐུན་སྒྲིལ་ཐེབས་རྩ་ཚོགས་པའི་མཐུན་རྐྱེན་འོག་ཁྱུང་མོ་དགེ་རྒྱས་སློབ་གླིང་གི་སློབ་ཕྲུག་གི་འདུག་ཤག་དང་སློབ་ཁང་སོགས་ཆ་རྐྱེན་ཕུན་སུམ་ཚོགས་པ་ཞིག་ལེགས་འགྲུབ་བྱུང་ཡོད་པ་སོགས་ཀྱིས་གནད་བསྡུས་ཙམ་མོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com