འགྲོ་ཐབས་མེད་པའི་བྲག་ངོས་ཀྱི་དགོན་པ།
འགྲོ་ཐབས་མེད་པའི་བྲག་ངོས་ཀྱི་དགོན་པ།
—ཀེའུ་ཚང་ཤར་ནུབ་རི་ཁྲོད།
ཡིན་ན་ཡང༌། དགོན་པ་འདིར་སླེབས་དུས་མིག་ཟུང་དབང་མེད་དུ་གནའ་བོའི་དགོན་ཤུལ་དེར་ཤོར་འགྲོ་ལ་དེ་ནི་གཡང་གཟར་གྱི་བྲག་ངོས་ན་ཆགས་འདུག་ཅིང༌། ད་ལྟ་ཞིག་རལ་དུ་གྱུར་པའི་རྩིག་པ་འགའ་རེ་བྲག་ངོས་གཡང་གཟར་ན་ཨུ་ཚུགས་ཀྱིས་འགྱིང་འདུག དེ་ནི་གཡང་གཟར་ཆེ་བའི་བྲག་གི་བང་རིམ་དུ་བཞེངས་པའི་སྟེང༌། རྩིག་པ་དྲང༌། ད་ལྟ་ལྟ་སྐབས་ཨར་ལས་བྱ་རྒྱུ་ཕར་ཞོག་གཡང་གཟར་མིག་གིས་བལྟ་མི་ནུས་པའི་རྔམ་བརྗིད་དང་ལྡན་པ་ཞིག་ཡིན་པས་ཡ་མཚན་མི་སྐྱེས་ཀ་མེད་བྱུང༌།
སྔོན་ཆད་དགེ་འདུན་བཅུ་སྐོར་བཞུགས་ཡོད་པ་དང༌། ཕུར་ལྕོག་བླ་བྲང་ནས་འཛིན་སྐྱོང་མཛད། ཀེའུ་ཚང་ནུབ་རི་ཁྲོད་དེ་དུས་རབས་བཅོ་བརྒྱད་པའི་ནང་ཀེའུ་ཚང་སྐུ་ཕྲེང་དང་བོ་སེར་བྱེས་མཁན་ཟུར་བྱམས་པ་སྨོན་ལམ་མཆོག་གིས་ཕྱག་བཏབ། འདི་གར་ཚལ་བ་བཀའ་བརྒྱུད་ཀྱི་བླ་ཆེན་ཞང་བརྩོན་འགྲུས་གྲགས་པ་དང༌། རྗེ་ཙོང་ཁ་ཆེན་པོའི་འོད་ཟེར་སྒྲུབ་ཕུག་ཡོད་པ་ཉམས་གསོ་མཛད་ནས་བཞུགས་པས་ན་འཇོག་པོ་བློ་བཟང་རྣམ་སྒྲོལ་སོགས་ཞལ་སློབ་མང་བོ་བྱུང་ནས་དགེ་འདུན་གྱི་སྡེ་ཆགས་འདུལ་ཁྲིམས་སློབ་གཉེར་སྤྱི་དང༌། ཀེའུ་ཚང་སྐུ་ཕྲེང་རིམ་བྱོན་གནས་དེར་བཞུགས་ཏེ་སྒྲུབ་པ་ཉམས་བཞེས་རྩེ་གཅིག་མཛད་ནས་བསྟན་པའི་མིག་རྒྱན་དུ་གྱུར།
གནས་དེའི་རྟེན་གཙོ་གསེར་ཟངས་ཀྱི་རྒྱལ་བ་བྱམས་པའི་སྐུ་ཐོག་ཚད་ཅན་དང༌། བྲག་ལྡེབས་སུ་ཐུབ་དབང་གི་སྐུ་བརྙན། འདུ་ཁང་ནང་ཇོ་བོ་ཤཱཀྱ་ཐུབ་པའི་སྐུ་བརྙན་དང་ཉེ་བའི་སྲས་ཆེན་བརྒྱད། རྗེ་ཡབ་སྲས་གསུམ་གྱི་སྐུ་བརྙན། དགའ་ལྡན་གཟིམ་ཆུང་ཁང་གི་ཤར་ངོས་སུ་བསྟན་འགྱུར་དང༌། ནུབ་ངོས་སུ་བཀའ་འགྱུར། དེ་གཉིས་ཀྱི་དཀྱིལ་དུ་ཇོ་བོ་བྱིན་ཅན་ཞིག་བཞུགས་ཡོད་པ་དེ་ནི་གོར་བོད་དམག་འཁྲུག་སྐབས་སྟོད་མངའ་རིས་ཕྱོགས་ནས་སྐབས་དེའི་ཕར་རྒོལ་བར་ཞུགས་མྱོང་བའི་དགེ་འདུན་ཞིག་གིས་གདན་དྲངས་ནས་འདིར་ཞུགས་སུ་གསོལ་བས་ན། མཚན་མོ་ཞིག་ལ་སྒྲ་ཆེན་པོ་བྱུང་ནས་ཕྱི་ཉིན་མགོན་པོའི་སྐུ་ཞིག་འཁྲུངས་ཟེར་བ་སོགས་སྔར་ཤིང་གི་བྱང་བུའི་སྟེང་ལོ་རྒྱུས་བྲིས་ནས་ཇོ་བོའི་སྐུ་མདུན་དུ་བཞག་ཡོད་པར་གྲགས། བསམ་གཏན་གནས་བཟང་ཁང་དུ་གསེར་ཟངས་ཀྱི་ཚེ་དཔག་མེད་ཀྱི་སྐུ་སྟོང་གཅིག་བཞུགས་ཡོད་པ་དང༌། འཇམ་དབྱངས་གཟིམ་ཆུང་དུ་ཐུགས་རྗེ་ཆེན་པོའི་སྐུ་བརྙན་དང༌། སྲུང་མ་གཙོ་བོ་གསུམ་དང༌། ལྷ་མོ། ད་དུང་རྡོ་རྗེ་གཡུ་སྒྲོན་མའི་སྐུ་ཞལ་བྲག་ལ་གཟིགས་པ་གཅིག་ཡོད་པས། བྲག་གཟར་ལ་ཉེ་བ་ཞིག་ཡོད་པས། དེ་འགོག་པའི་ཆེད་ཞལ་བྲག་ལ་གཟིགས་ཞེས་བརྗོད་སྲོལ་ཡོད། འཇམ་དབྱངས་སྨོན་ལམ་གཟིམ་ཆུང་ནང་རྒྱལ་བའི་གསུང་རབ་པུ་ཏི་མང་བོ་བཞུགས། རྟེན་གཙོ་རྗེ་བཙུན་བྱམས་པ་མགོན་པོའི་སྐུ་དེའི་ཞལ་སེ་ར་ཤར་དུར་ཁྲོད་དུ་གཟིགས་ནས་ཡོད་པས། འདིར་བསྐྱལ་བའི་གཤིན་པོར་འཕོ་བ་མི་དགོས་བརྗོད་སྲོལ་འདུག གཏན་འབེབས་གྲྭ་གྲངས་ཉི་ཤུ་རྩ་ལྔ་ཡིན།
བོད་རབ་བྱུང་བཅུ་དྲུག་པའི་ས་ཕག་ལོར་གྲྭ་གྲངས་བརྒྱད་ཅུ་ཙམ་བཞུགས་ཡོད། དགོན་བདག་ཀེའུ་ཚང་བླ་བྲང་ནས་མཛད། རིག་གནས་གསར་བརྗེའི་ལས་འགུལ་ནང་སྔར་ཀེའུ་ཚང་ནུབ་རི་ཐོད་ཀི་ཐོག་སོ་ལྔ་ཐོག་དང་མཉམ་པའི་ཨར་ལས་ཡ་མཚན་པ་དེ་རྩ་མེད་དུ་བཏང༌། ཁོ་ཚོས་དེ་ལྟ་བུའི་མེས་པོའི་རིག་དངོས་ཤིག་རྩ་མེད་གཏོང་བ་དེ་ཆབ་སྲིད་ཀྱི་དམིགས་ཡུལ་ཞིག་ཏུ་བཟུང་ཡོད། དེ་ལྟར་ཡ་མཚན་པའི་ཨར་བཟོ་བརྟེན་དང་རྟེན་པ་བཅས་བཤིག་ནས་རྒྱལ་རྔ་རྡུང་བ་ནི་ཕ་བསད་པ་ལ་རྒྱལ་རྔ་རྡུང་བ་དང་གཉིས་སུ་ག་ལ་ཡོད།
1986ལོའི་ཡས་མས་སུ་སེ་ར་དགོན་གྱི་དགེ་འདུན་པ་འགས་ཀེའུ་ཚང་རི་ཁྲོད་གསར་བཞེངས་མཛད། ལེགས་གྲུབ་བྱུང་རྗེས་ད་ལྟ་དགེ་འདུན་སུམ་ཅུ་སྐོར་བཞུགས་ཡོད་པས་སྔར་བཞིན་ཆོས་ཀྱི་ཉམས་ལེན་མཛད་བཞིན་ཡོད། གཡང་གཟར་ངོས་ཀྱི་རྩིག་པ་ཞིག་རོ་དེ་དག་ལ་ལྟ་བཞིན་ངའི་སེམས་ལ་མེས་པོ་ཚོའི་བློ་གྲོས་དང་ཨར་ལས་ལག་རྩལ་ངོ་མཚར་བ་ལ་ཧ་ལས་ཤིང༌། བོད་ཀྱི་རིག་གནས་གཏོར་རློག་བྱེད་མཁན་དེ་དག་གི་སྟེང་ལ་སྙིང་ན་མོད། དམར་སྲུང་དམག་དེ་གཞན་གྱི་ལག་ཆ་ཞིག་ལས་ཅི་ཡང་མིན།
མཆན་འགྲེལ།
① ཀེའུ་ཚང་ཞེས་པ་ཕུག་པའི་དོན་ཡིན་ཟེར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com