གེ་སར་ཕོ་བྲང་སེང་འབྲུག་སྟག་རྩེའི་རྣམ་ཐར་གྲྭ་ཚང་གི་ལོ་རྒྱུས་དང་བརྒྱུད་རིམ་མདོར་བསྡུས།
དེ་ཡང་སྤྱི་ལོ1987ལོར་དབྱར་གནས་ལྗོངས་རྒྱུའི་སྐབས་སུ་གྲ་ཆུང་རྣམས་ཀྱིས་རྣམ་ཐར་འཆམ་ཁུལ་དང་སྒྲུང་ལེན་པ་སོགས་བྱས་པའི་ཕྱིས་སུ་སྤྲུལ་རིན་པོ་ཆེ་ཁོང་གི་ཐུགས་ལ་དགོན་གནས་འདིར་རྣམ་ཐར་འཁྲབ་སྟོན་ཚུགས་པའི་རྟེན་འབྲེལ་དུ་འཛམ་གླིང་གེ་སར་རྒྱལ་པོའི་ཐུགས་རྗེའི་བྱིན་རླབས་ཀྱིས་འོད་སྣང་ཤར་བ་ཡིན་ནམ་སྙམ་གསུང་། སྤྱི་ལོ1991ལོའི་ཟླ་ཚེས་བཟང་བོ་ལ་ཆོས་རྗེ་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གི་འཛམ་གླིང་གེ་སར་རྒྱལ་པོའི་སྐུ་མཁར་སེང་འབྲུག་སྟག་རྩེའི་མཁར་ཤུལ་ངོས་འཛིན་མཛད་པ་དང་དགོན་པའི་མཆོག་སྤྲུལ་རིན་པོ་ཆེ་བསྟན་པའི་ཉི་མས་གཙོ་འགན་ཆེར་བཞེས་མཛད་ནས་བླ་གྲྭ་ལྷན་རྒྱས་ནས་སྐུ་མཁར་བསྐྱར་བཞེངས་མཛད་པ་ལ་རྗེས་དྲན་གྱི་ཚུལ་དུ་འཛམ་གླིང་གེ་སར་རྒྱལ་པོའི་རྣམ་ཐར་འཁྲབ་སྟོན་ཞིག་ཚུགས་ན་ཧ་ཅང་བཟང་བར་བསམ་ནས་འབད་པ་ཆེར་བསྐྱེད་དང་སྤྲུལ་སྐལ་བཟང་རྡོ་རྗེ་དང་སྤྲུལ་ཀུན་བཟང་དཔལ་སོགས་བླ་གྲྭ་ལྷན་རྒྱས་ནས་རོགས་སྐྱོར་བྱས་པ་ལ་བརྟེན་ནས་འཛམ་གླིང་གེ་སར་རྒྱལ་པོའི་རྣམ་ཐར་ཆུ་གཏེར་རྒྱ་མཚོའི་འཇིང་ལྟ་བུ་ལས་འཛམ་གླིང་སྤྱི་བསང་དགེ་ལེགས་སྤྲིན་གྱི་རོལ་མོ་ཞེས་བྱ་བ་འཁྲབ་གཞུང་དུ་ཕབ་ནས་ལོ་དེའི་འབྲུག་ཟླའི་ཚེས་གཅིག་ཉིན་འཁྲབ་སྟོན་བྱས་པའི་དུས་སུ་ནམ་མཁར་འཇར་ཚོན་ཤར་བ་དང་ཁུ་བྱུག་གི་གསུང་སྙན་བསྒྲགས་པ་དང་བར་སྣང་དུ་འོད་དཀར་བོ་ཤར་བ་སོགས་ལྟད་མོ་བ་རྣམས་ཀྱིས་ཡིད་སྣང་དབང་མེད་འཕྲོག་པ་དང་རྟེན་འབྲེལ་ཐམས་ཅད་ལེགས་པའི་ཕྱོགས་སུ་འགྲིག་སྟེ་རྣམ་ཐར་འཁྲབ་སྟོན་དངོས་སུ་མགོ་ཚུགས་པ་ཡིན།
དེ་ནས1993ལོར་དར་ལག་རྫོང་རྩེ་ཆེན་གྱི་སྟེང་དུ་རྣམ་ཐར་འཆམ་དགོས་ཞེས་བཀའ་ཕེབས་པ་ལྟར་དུ་མཁན་ཐོགས་མེད་ཀྱིས་གཙོ་འགན་བཞེས་ནས་སྔོན་གྱི་རྫོགས་སྤྲུལ་ཐུབ་བསྟན་ཆོས་རྡོར་གྱི་དག་སྣང་ལྟར་དུ་རྟ་རྒྱུག་ནོར་བུ་ཆ་བདུན་འཁྲབ་གཞུང་དུ་ཕབ་པ་ཉིད་རྡོ་གྲུབ་ཆེན་དགོན་དང་གསེར་རྟ་རྫོང་རྣམ་ཐར་ཚོགས་པ་སོགས་ལ་རིམ་པར་དར་བ་ཉིད་ལ་གཞིར་བྱས། དེའི་སྟེང་དུ་བླ་མ་མི་ཕམ་རིན་པོ་ཆེའི་བརྡ་གསང་ནོར་བུའི་མེ་ལོང་གི་ཟུར་བརྒྱན་བྱས་ནས་རྟ་རྒྱུག་ནོར་བུ་ཆ་བདུན་འཁྲབ་གཞུང་དུ་ཕབ་ནས་འཆམ་ན་ཡང་འདི་སྐབས་དགོན་པའི་ཆ་རྐྱེན་ཞན་པའི་སྟབས་ཀྱིས་འཆམ་གོས་སོགས་ཅི་ཡང་མེད་ཀྱང་འཆམ་མི་རྣམས་ཀྱིས་བར་དུ་འོད་ཀྱི་དྲ་བའི་སྦྲེལ་འདུག་ཅེས་པ་སོགས་ཡ་མཚན་པའི་རྟགས་མཚན་མང་པོ་འདུག་ཅེས་རྒྱ་ཆེའི་ལྟད་མོ་བ་རྣམས་ཀྱིས་དགའ་བསུ་རྒྱ་ཆེན་པོ་ཐོབ་ཅིང་ཐལ་མོ་བརྡེབ་སྒྲས་ཚོགས་ར་ཡོངས་སུ་གང་བར་བྱས།
1994ལོར་མགོ་ལོག་ཁུལ་ལོ་འཁོར་ལྔ་བཅུའི་མཛད་སྒོའི་སྟེང་དུ་གདན་ཞུ་བྱས་པ་ལྟར་དུ་སྤྲུལ་བསྟན་པའི་ཉི་མའི་མཐུན་རྐྱེན་སྦྱར་ནས་འཆམ་གོས་སོགས་འཚེམ་བཟོ་བྱས་པ་དང་། རྩ་ཤུལ་ཚོས་རིས་གཙོ་འགན་པར་བསྐོས་ནས་འཁྲབ་གཞུང་གཉིས་པོ་ཡང་བསྐྱར་དག་བསྒྲིགས་ལེགས་པར་བྱས་ནས་འཛམ་གླིང་སྤྱི་བསང་ཚོགས་ར་སྟེང་དང་རྟ་རྒྱུག་ནོར་བུ་ཆ་བདུན་ཁུལ་གློག་བརྙན་ཁང་དུ་འཁྲབ་སྟོན་བྱས་པའི་མགོ་ལོག་ཁུལ་ཡོངས་ཀྱི་རྣམ་ཐར་འཁྲབ་སྟོན་ཨང་དང་པོ་དང་གསེར་གྱི་རྟགས་མའི་བྱ་དགའ་ཐོབ། ཞིང་ཆེན་དང་ཁུལ་སོགས་ཀྱིས་རྣམ་ཐར་གྲྭ་ཚང་ལ་ཆོག་མཆན་ཡི་གེ་དང《གེ་སར་ཕོ་བྲང་སེང་འབྲུག་སྟག་རྩེའི་བོད་ཀྱི་ཟློས་གར་ཚོགས་པ》ཞེས་པའི་མཚན་སྙན་གནང་། གཞན་ཡང་གེ་སར་ཕོ་བྲང་སེང་འབྲུག་སྟག་རྩེའི་རིག་དངོས་འགྲེམ་སྟོན་ལ་ཨང་དང་པོའི་བྱ་དགའ་ཐོབ། 1997ལོར་དགེ་ཆོས་དབང་མཆོག་ནས་འཁྲབ་ཁྲིད་པའི་གཙོ་འགན་བཞེས་ནས་ཧོར་གླིང་གཡུལ་འགྱེད་དཔའ་བོའི་གད་རྒྱང་ཞེས་པ་འཁྲབ་གཞུང་དུ་ཕབ་ནས་འཁྲབ་སྟོན་བྱས། 2002ལོར་མགོ་ལོག་ཁུལ་ཆེན་དང་གེ་སར་རིག་གནས་དུས་སྟོན་དང་པོའི་སྟེང་དུ་འཆམ་དགོས་ཞེས་པ་ལྟར་སོང་ནས་འཁྲབ་སྟོན་བྱས་པའི་དགའ་བསུ་དང་བྱ་དགའ་ཐོབ། 2004ལོའི་ཁུལ་ཆེན་དང་གེ་སར་རིག་གནས་དུས་སྟོན་གཉིས་པའི་སྟེང་དུ་འཆམ་ལ་ཉེ་བའི་དུས་སུ་འཛམ་གླིང་སྤྱི་བསང་གི་འཁྲབ་གཞུང་རོལ་མོ་སོགས་དག་སྒྲིག་དང་། སྤྲུལ་བསྟན་པའི་ཉི་མའི་དག་སྣང་ཤམ་བྷ་ལའི་དམག་འཆམ་ནས་ཉུང་བསྡུས་ཤིག་གི་ཟུར་བརྒྱན་ནས་རིག་དར་སོགས་ཀྱིས་འཁྲབ་ཁྲིད་བྱས་ཏེ་མགོ་ལོག་ཁུལ་ཡོངས་ཀྱི་ཨང་གཉིས་པའི་བྱ་དགའ་དང་གཟེངས་བསྟོད་ཐོབ། 2012ལོར་མཁན་པད་མ་བློ་གྲོས་མཆོག་གི་ཐུགས་བཞེད་བཞིན་སྤྲུལ་བསྟན་པའི་ཉི་མའི་ཞལ་བཀོད་དང་བསྟན་འགྲོ་སྤྱིའི་རྒུད་པ་གསོ་བའི་རྟེན་འབྲེལ་དུ་དམིགས་ཏེ་ནུབ་སྟག་གཟིག་རྒྱལ་པོའི་ནོར་རྫོང་ཕབ་པའི་དཔའ་བོའི་ང་རོ་དཀར་ཕྱོགས་དགྱེས་པའི་བཀྲ་ཤིས་བང་མཛོད་ཅེས་བྱ་བ་འཁྲབ་གཞུང་དུ་ཕབ་པ་དང་། གླིང་རིག་དར་ནས་འཁྲབ་ཁྲིད་པའི་གཙོ་འགན་བཞེས་ཏེ་དེང་རབས་ཀྱི་རོལ་མོའི་ཟུར་རྒྱན་ནས་འཁྲབ་སྟོན་བྱས་པའི་སྐྱེ་འགྲོའི་ཡིད་སྣང་དབང་མེད་དུ་འཕྲོག་ཀྱང་དགའ་བསུ་རྒྱ་ཆེན་པོ་ཐོབ། ད་ལྟ་རྣམ་ཐར་གྲྭ་ཚང་འདིའི་འཆམ་གོས་འཁྲབ་རིང་སོགས་སྤྲུལ་རིན་པོ་ཆེའི་སུས་ཀྲིག་ནས་མངག་ཉོ་བྱས་པ་དང་ཁྲབ་ཐུང་དང་རྨོག་སོགས་ཁྲིན་ཏུའུ་དང་ཟི་ལང་སོགས་ནས་ཆེད་ཉོ་བྱས། གཞན་ཡང་རོལ་མོ་སྒྲིག་སྦྱོར་དང་འཁྲབ་ཁྲིད་སོགས་གང་ཅིའི་ཐད་ནས་ཧ་ཅང་དར་རྒྱས་སུ་འགྲོ་བཞིན་པའི་སྐབས་ཡིན།
སླད་མར་ཡང་རྣམ་ཐར་ཅི་རིགས་འཁྲབ་གཞུང་དུ་ཕབ་པ་དང་། བརྙན་སྡེར་དང་དཔེ་དེབ་སོགས་ཕྱོགས་ཅིའི་ཐད་ནས་གེ་སར་རིག་གནས་འཕེལ་རྒྱས་དང་བརྒྱུད་སྒྲོག་སོགས་བྱེད་མོས་སུ་ཡོད་པའི་གོང་རིམ་འགོ་ཁྲིད་བློ་མཐུན་དང་འབྲེལ་ཡོད་ལས་ཁུངས་དག་གིས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་མི་ཆུང་བར་ཞུ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com