རེབ་གོང་སྒོ་དམར་མཆོད་རྟེན་སྐོར་གྱི་ངོ་སྤྲོད་མདོར་བསྡུས།
རེབ་གོང་སྒོ་དམར་མཆོད་རྟེན།
མཐོ་ཚད་ལ་སྨི33དང་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ1156ཡོད་པའི་ཨ་མདོ་ས་ཁུལ་དུ་ཆེས་ཆེ་བའི་རེབ་གོང་སྒོ་དམར་དུས་འཁོར་མཆོད་རྟེན་འདི་ནི་སྤྱི་ལོ1994ལོའི་ལོ་མགོར་བཞེངས་མགོ་མཛད།
རེབ་གོང་གཡེར་གཤོང་ཆོས་པ་རིན་པོ་ཆེ་འཇམ་དབྱངས་དགེ་འདུན་རྒྱ་མཚོ་མཆོག་གི་ཐུགས་བཀོད་ལྟར་རང་སྡེ་བའི་སྐྱ་སེར་ཕོ་མོ་རྒན་དར་གཞོན་གསུམ་ཚང་མས་མ་བསྐུལ་དང་བླང་གི་སྒོ་ནས་རྐང་བཙུགས་ཏེ་འདྲུད་འཐེན་འཁོར་ལོ་དང་ཐ་ན་ཁྱིམ་ཚང་གི་སྒོ་ཕྱུགས་བོང་བུ་སོགས་ཀྱང་རང་དགར་མ་བསྡད་པར་རྡོ་དང་ཕྱེ་མ་འཁུར་བ་སོགས་སྡུག་རུས་དང་དཀའ་བ་མང་པོ་སྤྱད་ནས་བརྩིགས་པ་ཞིག་ཡིན་ལ། ལྷག་པར་དུ་སྔོན་ཆད་ལྷ་ས་ནས་ཚོང་ལས་གཉེར་བའི་སྡེ་བའི་ཚོང་བ་ཆེན་མོ་ལྷ་རྩེ་ལགས་ཀྱིས་མ་དངུལ་སོགས་ཕྱོགས་གང་ཐད་ནས་རོགས་རམ་རྒྱ་ཆེན་གནང་།
སྡེ་བའི་བླ་མ་གཡེར་གཤོང་ཆོས་པ་རིན་པོ་ཆེའི་བྱིན་རླབས་དང་སྡེ་བའི་སྐྱ་སེར་རྒན་གཞོན་ཚང་མའི་མཐུན་སྒྲིལ་གྱི་སྟོབས་ཤུགས། གཞན་དང་མི་འདྲ་བའི་ཆོས་ལུགས་དད་མོས་ཀྱི་བླ་ན་མེད་པའི་སེམས་ཤུགས་སོགས་ཀྱིས་ལོ་ངོ་དྲུག་གི་རིང་ལ་ཧུར་བརྩོན་དཀའ་སྤྱད་ལ་བརྟེན་ནས་ལེགས་འགྲུབ་བྱུང་བ་ཞིག་ཡིན། ནང་རྟེན་གྱི་སྐོར་ལ་ཙན་དན་དམར་བོ་ལས་གྲུབ་པའི་དུས་འཁོར་དང་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་ན་བཟའ་དང་འཚོ་བའི་ཉེར་སྤྱོད་ཆ་ཚང་།རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར་གཙོས་རྒྱ་བོད་ཀྱི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་མང་བོའི་གསུང་འབུམ་སྣ་ཚོགས། མཁས་གྲུབ་ལོ་པཎ་དག་གི་སྐུ་འདྲ་སོགས་བྱིན་རླབས་ཀྱི་འོད་ཟེར་འཕྲོ་བའི་རྟེན་སྣ་གང་མང་བཞུགས་ཡོད།
མཆོད་རྟེན་ལ་བང་རིམ་ལྔ་ཡོད་ཅིང་མཆོད་རྟེན་གྱི་མཐའ་འཁོར་དུ་རྣམ་རྒྱལ་མཆོད་རྟེན་སོགས་དབྱིབས་རྣམ་མི་འདྲ་བའི་མཆོད་རྟེན་ཆུང་ཆུང་བཅུ་གཉིས་ཙམ་ཡོད།དེ་དག་གི་ཕྱི་རོལ་དུ་གཟུངས་མཆོག་ཡི་གེ་དྲུག་མའི་གསེར་འཁོར་བརྒྱ་ཕྲག་མང་བོས་བསྐོར་ཡོད་པས་དད་ལྡན་སེར་སྐྱ་གང་མང་གིས་ཕྱག་འབུལ་མཆོད་སྐོར་གྱི་ལས་ལ་འབད་ཀྱིན་བྱིན་རླབས་ཀྱི་གཟི་དཔལ་མཁའ་ཁྱབ་ཏུ་རྒྱས་བཞིན་ཡོད་དོ། །
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com