བོད་བརྒྱུད་ནང་བསྟན་གྱི་གཙུག་ལག་ཁང་ཆེས་སྔ་ཤོས།
ཁྲ་འབྲུག་དགོན་པ་ནི་ཡར་ཀླུང་གཙང་པོའི་ལྷོ་ངོས་རྩེད་ཐང་ཀོང་པོ་རིའི་ལྷོ་ནུབ་ཏུ་སྣེ་གདོང་རྫོང་ཐོག་དང་ཁད་ཐག་ལེ་དབར་གཉིས་ཙམ་གྱི་སར་ཆགས་ཡོད། སྤྱི་ལོའི་དུས་རབས་བདུན་པའི་དུས་སུ། བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་ར་ས་འཕྲུལ་སྣང་གི་བགེགས་སེལ་སྔོན་འགྲོའི་ལྷ་ཁང་དུ་བཞེངས་པར་གྲགས་ལ། དེ་ད་ལྟའི་བར་ལོ་ངོ་ཆིག་སྟོང་སུམ་བརྒྱ་ཙམ་གྱི་ལོ་རྒྱུས་ཡོད་པས། བོད་ལྗོངས་ཀྱི་ཆེས་སྔ་བའི་ནང་བསྟན་གྱི་དགོན་པ་ཡིན་ནོ། ཐོག་མར་ཡར་ཀླུང་གི་ཕྱོགས་འདིར་མཚོ་ཞིག་ཡོད་པ་དེར་གནས་པའི་ཀླུ་གདུག་པ་ཅན་དེ་བཏུལ་བའི་དགོས་པ་ཁྱད་པར་ཅན་ལ་བརྟེན། ནུབ་ཕྱོགས་སུ་མཆོད་རྟེན་སོ་རུ་བརྩིགས་ནས་ས་དགྲ་མནན། དེ་ནས་རྒྱལ་པོས་བོད་འབངས་རྣམས་ལ་ཀླུ་འདི་སུས་འདུལ་ནུས་པ་དེ་ལ་བྱ་དགའ་སྦྱིན་པའི་ཞལ་ལྕེ་བཅད་པས། སྔགས་པ་དང༌། བོན་པོ་གཉིས་ཀྱིས་འདུལ་བར་ཞུས། དང་པོ་བོན་པོ་ཚེ་མི་ཡིས་འདུལ་བར་བརྩམས་ཀྱང་མ་ནུས། དེ་ནས་སྔགས་པ་ཅོག་ལ་ཙུག་སྒྲ་སྣང་གིས་འདུལ་བར་བརྩམས་ནས་ཀོང་པོ་རིའི་རྩེར་བྲག་ཕུག་ཁ་ལྷོ་ནུབ་མཚམས་བལྟས་པ་ད་ལྟ་སྒྲུབ་ཁང་བྲག་ཕུག་གམ་གམ་ཁྱུང་གི་བྲག་ཕུག་ཟེར་བ་དེའི་ནང་དུ་སྒྲུབ་པ་ལ་བཞུགས་ཏེ་ནམ་མཁའི་ལྡིང་བསྒྲུབས་ནས་རྒྱལ་པོ་ལ་ཞུས། མི་མཐའ་དག་ཀླུ་འདུལ་བའི་ཐབས་ལ་བལྟ་རུ་འོང་བ་ན་སྔགས་པས་འདུལ་བའི་ཆོ་ག་བྱས་པས་གནམ་རལ་བ། ས་སྒྲུམ་པ། སྒྲ་ཆེན་པོ་གྲགས་པས་ཐམས་ཅད་འཇིགས་ཤིང་དངངས། ས་འགུལ་ནས་འདབ་ཆགས་ཐམས་ཅད་ཀྱང་འཕུར། ནམ་མཁའ་ནས་བྱ་ཁྲ་འདྲ་བ་ལ་སྐད་འབྲུག་ལྟར་འདོན་པ་ཞིག་བྱུང་བར་བརྟེན་གནས་དེར་ཁྲ་འབྲུག་ཅེས་མིང་ཆགས། མཚོ་ནང་ནས་སྦྲུལ་མགོ་ལྔ་པ་ཞིག་ཐོན་པ་ལས་བྱ་ཁྲ་འདྲ་བ་དེའི་གཤོག་པ་སྤུ་གྲི་ལྟ་བུ་དེས་སྦྲུལ་མགོ་ལྔ་སྐད་ཅིག་གིས་བཅད་དེ་མཚོ་དེ་ཁྲག་ཏུ་ཉོག་སོང་ནས་བྱེ་མ་ལ་ཆུ་ཕོག་པ་ལྟར་མཚོ་སྐམ་པའི་ཤུལ་ན་རིན་པོ་ཆེའི་ཁྲོན་པ་འདུག་པའི་དབུས་སུ། རིན་པོ་ཆེ་དབང་གི་རྒྱལ་པོ་གཏེར་དུ་སྦས། རྒྱལ་བ་འོད་དཔག་མེད་ལ་མཆོད་སྤྲིན་སྤྲོས། གཙང་ཁང་ཁྲོ་ཆུའི་ཕ་གུས་ཕུབ། ཕྱོགས་བཞིར་གསང་ཁུང་བའི་བཞིས་སྒྲོམ་དུ་བྱས་པ་སྒྲོམ་ཁག་མཆོད་རྟེན་བརྩིགས། གནོད་སྦྱིན་ཕོ་མོ་བྲན་དུ་བཀོལ་ནས་དེའི་སྟེང་གངས་ཁྲོད་དུ་སངས་རྒྱས་ཆོས་ལུགས་ཀྱི་ལྷ་ཁང་ཀུན་གྱི་ནང་ནས་རྩ་འགངས་ཆེ་ཤོས་སུ་གྱུར་པ་དེ་བརྩིགས། ཀླུའི་སྒྲིབ་སྦྱོང་གི་ཆེད་དུ་མཆོད་རྟེན་རྩེ་ལྔ་པ་ཞིག་བཞེངས་པས་གདུག་པ་ཅན་གྱི་ཀླུ་དེ་ལྷར་སྐྱེས། དེ་ནས་བྱམས་པ་མི་འགྱུར་བའི་ལྷ་ཁང་ཞེས་མཚན་གསོལ་བར་བརྟེན། ཁྲ་འབྲུག་གཙུག་ལག་ཁང་ཞེས་སུ་གྲགས་པ་བྱུང་ལ། འདི་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་བཞིའི་ནང་གི་གཅིག་ཡིན་ནོ། ལྷ་ཁང་སྟེང་འོག་གཉིས་བརྩེགས་དང་ས་ཤིང་གཙོ་བོར་སྤྱད་དེ་བཞེངས་ཡོད། ཐོག་མའི་ལྷ་ཁང་གི་རྨང་གཞིའི་སྟེང་ཕྱིས་ཕག་གྲུ་བྱང་ཆུབ་རྒྱལ་མཚན་གྱིས་རྒྱས་སྐྲུན་བྱས་པ་ནས་ཀུན་གཟིགས་ལྔ་བ་ཆེན་མོ་དང་རྒྱལ་མཆོག་བདུན་པ་ཆེན་མོས་ཀྱང་ཉམས་གསོ་གནང་རྐྱེན་ད་གཟོད་ལྷ་ཁང་གི་རྟེན་བརྟེན་པར་བཅས་པ་ལེགས་གྲུབ་གྲ་རྒྱས་བྱུང་སྐད། དེའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་༤༦༦༧ཡོད་པ་དང༌། ལྷ་ཁང་ཁྱོན་བསྡོམས་ཉེར་གཅིག་ཙམ་ཡོད་ལ་གསེར་ཟངས་ལས་གྲུབ་པའི་རྒྱ་ཕིབས་ལ་ཉི་འོད་འཕྲོས་ཚེ་གཟི་བྱིན་གྱི་རང་མདངས་ཉམས་པ་མེད་པའི་སྣང་བ་སྟེ། ཀུན་གཟིགས་ལྔ་བ་ཆེན་མོ་ནས་བཟུང་སྐུ་ཕྲེང་རིམ་བྱོན་དགོན་པ་འདིར་དངོས་ཕེབས་གནང་སྟེ་རྟེན་བརྟེན་པར་མཆོད་མཇལ་ཞུ་སྲོལ་ཡོད་སྐད།
དགོན་པའི་ནང་རྟེན་གྱི་གཙོ་བོ་ནི། སྲོང་བཅན་གྱི་ཟོ་དང་མགོན་པོ་རི་ནས་སྤྱན་དྲངས་པའི་རྒྱལ་བ་རིགས་ལྔའི་རྡོ་སྐུ་བྱིན་ཅན། སྒྲོལ་མ་ཞལ་ཟས་མ། རྒྱ་བཟའི་ཕྱག་རྫས་ཐབ་ཀ གཞན་ཡང་ད་ལྟའི་བར་འཛམ་གླིང་ཡོངས་ལ་སྐད་གྲགས་ཆེ་བའི་ཁྲ་འབྲུག་དགོན་པའི་མུ་ཏིག་གི་སྒྲོལ་མའི་ཐང་ག་དང༌། ཀ་དྲུག་སྒོ་དྲུག་སོགས་གནའ་རྫས་རྩ་ཆེན་དུ་མ་བཞུགས་རྐྱེན། ༡༩༦༡ལོའི་ཟླ་༣པའི་ཚེས་༤ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དགོན་པ་འདི་ཉིད་རྒྱལ་ཡོངས་རིམ་པའི་རིག་དངོས་གཙོ་གནད་སྲུང་སྐྱོབ་སྡེ་ཚན་ཨང་དང་པོའི་གྲས་སུ་བདམ་པའོ། །
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com