གྲོ་ཚང་དགོན་ཆེན་བཀྲ་ཤིས་ལྷུན་པོའམ་བཀྲ་ཤིས་སྡིངས་ཀ
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
དུས་ཚོད།:2023-04-18 09:08:03
ཀློག་གྲངས།:
གྲོ་ཚང་དགོན་ཆེན་བཀྲ་ཤིས་ལྷུན་པོ་ཉིད། །མཚོ་སྔོན་ལུང་མདོ་གྲོ་ཚང་རྡོ་རྗེ་འཆང་། །གོ་ཏམ་སྡེ་ཞེས་བྱ་བའི་ལྷོ་ཕྱོགས་སུ། །བཀྲ་ཤིས་སྡིངས་ཀ་ཉམས་དགའི་དབེན་གནས་སུ། །ཆགས་ཤིང་མཐའ་སྐོར་རྫ་སྤངས་ནགས་རིས་བསྐོར། །ཚང་ཚིང་གསོམ་ཤུག་ནགས་ཚལ་གཡུ་ལོ་རྒྱས། །གཙང་ཆབ་བདུད་རྩི་ཕྱོགས་ཀུན་ལྷུང་ལྷུང་འབབས། །རྐང་བཞི་འདབ་ཆགས་སྡེར་ཆགས་སེམས་ཅན་རིགས། །བག་ཕེབས་རྩེན་ཞིང་སྙན་པའི་མགྲིན་རྔ་བརྡུང་། །བསམ་གཏན་འཕེལ་བའི་དབེན་པའི་དགའ་ཚལ་འདིས། །དྲང་སྲོང་ཉམས་དགའི་གནས་ལ་ཅོ་འདྲིའོ། །དགོན་པའི་བྱང་ནས་ལུང་མདོ་རྫོང་མཁར་ལ། །སྤྱི་ལེ་སུམ་བཅུ་ཡོད་དང་གོ་ཏམ་སྡེ། །བར་དུ་སྤྱི་ལེ་དགུ་ཡིས་ཆོད་པ་ཡིན། །དུས་ཆེན་ངལ་གསོའི་ཉིན་མར་མི་རྣམས་ཀྱིས། །རྒྱུན་པར་སྤྲོ་འཆམ་བྱེད་སའི་སྐྱིད་ཚལ་གྱུར། །
དེ་ཡང་སྤྱི་ལོ1581ལ། རྒྱལ་བ་སྐུ་ཕྲེང་གསུམ་པ་དང་མོང་གོལ་ཝང་ཡེ་ཡན་ད་ཧན་མཚོ་སྔོན་པོའི་ཆབ་ཆ་ཐེག་ཆེན་གླིང་དུ་ཕན་ཚུན་མཇལ་ནས་ཡུན་རིང་མ་སོང་བར། ཏཱ་ལེ་བླ་མ་གྲོང་ཚང་རྡོ་རྗེ་འཆང(གོ་ཏམ་སྡེ)ལ་ཕེབས་ནས་བཀའ་ཆོས་གསུང་ཤིང་། ལུང་མདོའི་ལྷོ་ཕྱོགས་རི་སྡེའི་དད་ལྡན་མང་ཚོགས་ལ་མཇལ་ཁ་གནང་། རྡོ་རྗེ་འཆང(གོ་ཏམ་སྡེ)གྲོང་བར་ཁད་ཉེ་ཆེ་ཕྱིར་གྲྭ་བས་ཆོས་སྒྲུབ་ས་མི་འོས་པ་མཁྱེན་ནས་དགོན་པ་ལོགས་སུ་འདེབས་རྒྱུའི་དགོངས་འཆར་གནང་བར་རྡོ་རྗེ་འཆང་ཕྱོགས་ནས་བཀའ་དང་ལེན་བྱས། ལོ30ལྷག་རིང་གྲ་སྒྲིག་བྱས་ནས་སྤྱི་ལོ1619བཀྲ་ཤིས་སྡིངས་ཀ་ནས་དགོན་ཆེན་བཞེངས་ཤིང་མཚན་བཀྲ་ཤིས་ལྷུན་པོ་ཞེས་གསོལ། དེ་ནས་བཟུང་བཀྲ་ཤིས་སྡིངས་ཀ་འདི་གོ་ཏམ་སྡེའི་ཐོས་བསམ་སྒོམ་གསུམ་བྱེད་སའི་གྲྭ་སར་གྱུར། གྲྭ་བ་ཚང་མས་དགོན་ཆེན་ནས་ཆོས་ལ་ཐོས་བསམ་གནང་དགོས་པ་ཡིན། རྡོ་རྗེ་འཆང་རིམ་གྱིས་གྲོ་ཚང་གི་ཚོ་སྡེ་བདག་སྐྱོང་བྱེད་པའི་ལས་ཁུངས་སུ་གྱུར། དེའི་ཕྱིར་གྲོ་ཚང་དགོན་ཆེན་དང་གོ་ཏམ་སྡེ་གཉིས་ཀྱི་མཚན་མི་གཅིག་ཀྱང་དོན་དུ་ཕན་ཚུན་ཐ་མི་དད་པའོ། ། མེ་བྱ1621ལོར། གྲོ་ཚང་ནང་སོ་དགོན་ལུང་དུ་སོང་ནས། ཤར་ཀ་རིང་དཀའ་བཅུ་ཕུན་ཚོགས་རྣམ་རྒྱལ་རྡོ་རྗེ་འཆང་གི་ལྔ་མཆོད་ཆེན་མོའི་ཚོགས་དབུར་གདན་དྲངས། དེ་ནས་བཀྲ་ཤིས་སྡིངས་ཀ་ནས་བཞུགས་ཏེ་ཆོས་སྡེ་འདི་ལ་འཛིན་བདག་མཛད་པས་དགོན་བདག་ཏུ་གྱུར། ཞིང་ལ་གཤེགས་ཁར། སེམས་ཅན་ཐམས་ཅད་ཉལ་ནས་འཆི། ང་ཀ་རིང་དཀའ་བཅུ་ལངས་ནས་འཆི། ཞེས་བཞེངས་ཏེ་ཐལ་སྐད་བཏང་ནས་གཤེགས་པ་ཚད་ལྡན་དེབ་ཐེར་དང་ངག་རྒྱུན་དུ་གྲགས། དེ་ནས་ཁོག་གི་སྐུ་ཕྲེང་ན་རིམ་གྱིས་ད་ལྟ་བར་དུ་ཆོས་སྡེ་འདི་བཀའ་དྲིན་ཅན་གྱིས་བསྐྱངས།
བཀྲ་ཤིས་སྡིངས་ཀ་དར་དུས་དགེ་འདུན་པ500ལྷག་བཞུགས་པ་དང་། སྤྱི་ལོ1958སྔོན་དགེ་འདུན་པ100ལྷག་བཞུགས། དགོན་པའི་གླིང་དུ་འདུ་ཁང་ཀ་རིང་བཞི་ཅན་དང་། བྱམས་ཁང་། ཞབས་བརྟན་ཁང་། སྤྱི་བ། དཔང་ཁང་སོགས་དང་། མཆོད་རྟེན་ལྔ་དང་། ནང་ཆེན་གསུམ་གྲྭ་ཤག་བརྒྱ་ལྷག་བཞུགས། ལྷ་ཆ་མཆོད་ཆ་མ་ཚང་བ་མེད། ལྷ་རྟེན་གསེར་ཟངས་ལི་མ་སྨན་སྐུ་བྱོན་ལེགས་མང་པོ་དང་། ཐང་ག་གཙག་དྲུབ་སོགས་ཀྱི་ནང་དུ་རྒྱལ་རབས་སོ་སོའི་གོང་མས་གནང་པའི་རིག་གནས་གནའ་རྫས་རྩ་ཆེན་པོ་ཡོད་ལ། རྒྱལ་བ་པཎ་ཆེན་སྐུ་ཕྲེང་ན་རིམ་གྱིས་གནང་བའི་རྟེན་རྫས་ཡོད། རྒྱལ་བ་སྐུ་ཕྲེང་གསུམ་པ་ཕེབས་པའི་རྗེས་སུ་རྒྱལ་དབང་ལྔ་བ་ཆེན་པོ་ཆོས་སྡེ་འདིར་ཕེབས་ནས་བཀའ་ཆོས་གནང་བ་མ་ཟད། བཀྲ་ཤིས་སྡིངས་ཀའི་བཅའ་ཡིག་ཕྱག་རྩོམ་གནང་། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ལྔ་བ་དང་དྲུག་པས་རྒྱང་རིང་གཙང་བཀྲ་ཤིས་ལྷུན་པོ་ནས་སྐུ་གསུང་ཐུགས་རྟེན་བསྐུར་གནང་མཛད། རྒྱལ་བ་པཎ་ཆེན་སྐུ་ཕྲེང་ན་རིམ་གྱིས་སྤྱན་བསྐྱངས་མཛད་པས་བཀྲ་ཤིས་སྡིངས་ཀའི་གཟི་བྱིན་ཕྱོགས་བཞིར་འཕྲོས་ཤིང་། མཚན་སྙན་རྒྱང་རིང་ལ་ཁྱབ་པས། མདོ་དབུས་ཁམས་གསུམ་དང་། མོང་གོལ་དང་རྒྱ་ཡུལ་སོགས་ས་ཆ་སོ་སོ་ན་གྲོ་ཚང་དགོན་ཆེན་ཤེས་མཁན་མང་། བཀྲ་ཤིས་སྡིངས་ཀ་ལ་རང་ཉིད་ཀྱི་ཁྱད་ཆོས་དང་ལོ་རྒྱུས་ས་རྒྱུས་དང་ཡིད་དབང་འཕྲོག་པའི་རིག་གནས་ཁྱད་པར་ཅན་ཡོད་པས། ཕྱོགས་མགྲོན་མཇལ་བ་དང་རིག་གནས་མཁས་པ་རྣམས་ཀྱིས་ཡིད་དབང་དྲང་སྟབས། ཆོས་དང་རིག་གནས་ཀྱི་གོ་གནས་མགྱོགས་མྱུར་དུ་ཇེ་མཐོར་སོང་། ཨ་མདོ་ས་ཆའི་རི་བོ་དགེ་ལུགས་པའི་དགོན་པ་གྲགས་ཅན་གྱི་ཡ་གྱལ་དུ་གྱུར། སྤྱི་ལོ1959ལ། ཞིང་ཆེན་མི་དམངས་སྲིད་གཞུང་གིས་གྲོ་ཚང་རྡོ་རྗེ་འཆང་དང་གྲོ་ཚང་དགོན་ཆེན་ཞིང་ཆེན་ཡོངས་ཀྱི་གནའ་རྫས་སྲུང་སྐྱོབ་གནད་སའི་སྡེ་ཁག་ནང་དུ་བཞག སྤྱི་ལོ1998ཟླ12པར། ཞིང་ཆེན་མི་དམངས་སྲིད་གཞུང་གིས་བཀྲ་ཤིས་སྡིངས་ཀ་ཡང་བསྐྱར་ཞིང་ཆེན་རིམ་པའི་གནའ་རྫས་སྲུང་སྐྱོབས་སྡེ་ཁག་ཏུ་ངོས་འཛིན་བྱས།
བཀྲ་ཤིས་སྡིངས་ཀའི་ཆོས་སྡེ་འདིར་རྒྱལ་བ་པཎ་ཆེན་གཉིས་ཀྱིས་རྒྱབ་སྐྱོར་འོག ཤར་ཀ་རིང་བཀའ་བཅུས་ཕར་ཕྱིན། དབུ་མ། རྣམ་འགྲེལ། འདུལ་བ། མཛོད་བཅས་གཞུང་བཀའ་པོད་ལྔའི་ཁྲིད་གནང་། ཆོས་མདོ་སྔགས་གཉིས་ལ་གསན་སྦྱང་དང་། ཉམས་ལེན་བྱས་པས་ལུང་རྟོགས་ཡོན་ཏན་གྱིས་ཕྱུག་པའི་དགེ་འདུན་པ་མང་པོ་བྱུང་། གྲྭ་བས་རང་དགོན་ནས་འཆད་ཉན་ཐོས་བསམ་རྫོགས་རྗེས་མང་ཤོས་དབུས་གཙང་གི་གདན་ས་གསུམ་དང་གཙང་བཀྲ་ཤིས་ལྷུན་པོར་ཞུགས་ནས་ཐོས་བསམ་ཉམས་ལེན་མཛད། རྒྱུན་དུ་བཀྲ་ཤིས་འཁྱིལ་ནས་བླ་མ་གདན་དྲངས་ནས་ཆོས་མདོ་སྔགས་ཀྱི་གཞུང་ལུགས་ཀྱི་ཁྲིད་བསྐྱངས། དགོན་པར་གཞི་གསུམ་གྱི་ཕྱག་ལེན་གསོ་སྦྱོང་། དབྱར་གནས། དགག་དབྱེར་ཆག་མེད་མཛད། ཟླ་བ་རེར་རྩོད་གྲྭ་དང་། ཆོས་སྤྱོད་ཉམས་ལེན་ཆག་མེད་དང་། འདུལ་ཁྲིམས་གཙང་ཞིང་དམ་པོ་ཡིན།
སྤྱི་ལོ1958ལ། གཡོན་ཐལ་ཆེའི་སྲིད་ཇུས་ཀྱི་ཤུགས་རྐྱེན་བཏང་བས། དགོན་པ་གཏོར་ཞིང་ལྷ་རྟེན་ཆོས་གསུམ་དང་། སྤྱི་སྒེར་གྱི་རྒྱུ་ནོར་གཞུང་བཞེས་བྱས(ཉུང་ཤས་དམངས་ཁྲོད་དུ་ཁྱབ)དགེ་འདུན་པ་ཚང་མ་སྐྱ་སར་ཕབ་ནས་ཞིང་ལས་བྱེད་དུ་བཅུག་པ་དང་། སྐུ་ན་ཕྲ་བའི་ཤར་ཀ་རིང་དཀའ་བཅུ་སྐུ་ཕྲེང་བརྒྱད་པ་བློ་བཟང་འཇིགས་མེད་རྣམ་རྒྱལ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་བསྐྱལ། དགོན་པའི་ནང་དུ་ལྷ་ཁང་དང་། གྲྭ་ཤག་སྟོང་བ་ལུས་ནས་བྱ་དང་བྱེའུ་ཚང་བཅས་པ་དང་། སྲང་ལམ་དུ་ཨ་བྲ་ཙི་གུ་རྒྱུགས་པ་རེད། དགོན་སྟོང་ལ་བལྟས་པ་ཡིད་སྐྱོ་བ་རེད།
སྤྱི་ལོ1962ལ། དགོན་པའི་ཆོས་སྒོ་རེ་ཞིག་ཕྱེས་ནས། གྲྭ་བ་ཉུང་ཤས་ཕྱིར་དགོན་པར་ཡོང་ནས་ཆོས་སྒྲ་ཡང་བསྐྱར་བསྒྲགས་པ་རེད། འོན་ཀྱང་ཡུན་མ་རིང་བར་རིག་གནས་གསར་བརྗེ་ཆེན་པོ་ལངས་ནས། ལྷ་འདྲེ་གདོན་བགེགས་ལེབ་ཕྱག་དང་། རྙིང་བ་བཞི་གཏོར་བའི་ལས་འགུལ་གཅིག་འཕྲོར་གཅིག་ལང་། བཀྲ་ཤིས་སྡིངས་ཀ་ཉིན་ཞག་གཅིག་ལ་གྱང་གོག་ཞིག་རོ་རུ་གྱུར།
ཏང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ་སྲིད་ཇུས་དོན་འབེབས་བྱས། སྤྱི་ལོ1985ལ་སྲིད་གཞུང་གིས་བཀྲ་ཤིས་སྡིངས་ཀའི་ཆོས་སྒོ་ཕྱེ་རྒྱུར་ཆོག་མཆན་བཀོད་ནས་ཅུང་མ་འགོར་བར(རབ་བྱུང་བཅུ་དྲུག་པའི་ཤིང་གླང་ལོའི་ཟླ་གཉིས་པའི་ཚེས་བཅོ་ལྔ་ཉིན)སྔོན་ཆད་ཀྱི་བླ་རྒན་འགས་ངུར་སྨིག་གི་རྒྱལ་མཚན་སླར་ལུས་ལ་གསོལ་ནས་བཀྲ་ཤིས་གསོ་སྦྱོང་བླངས། དགོན་པ་བསྐྱར་བསྐྲུན་གྱི་དཀའ་སྡུག་ལམ་དུ་བསྐྱོད་འགོ་བརྩམས། དགོན་པ་བསྐྱར་བཞེང་ལ་ཤར་ཀ་རིང་དཀའ་བཅུ་སྐུ་ཕྲེང་བརྒྱད་པ་བློ་བཟང་འཇིགས་མེད་རྣམ་རྒྱལ་སྐུ་དངོས་ཀྱིས་འགོ་འཛིན་གནང་བ་རེད། དགོན་པ་མྱུར་མོར་འགྲུབ་ཆེད་ཁོང་གིས་ཉིན་གྱི་ཟས་དང་མཚན་མོའི་གཉིད་བཅག་ནས་མཚོ་ལྷོ་དང་གྲོ་ཚང་བར་དུ་རྒྱུན་དུ་རྒྱུག་འདུར་བྱེད་ལ། ཡང་ན་ཏང་སྲིད་ལས་ཁུངས་སུ་སོང་ནས་གནས་ཚུལ་ཞུས་པ་དང་། ཆོས་དད་མང་ཚོགས་ཁྲོད་དུ་ཕེབས་ནས་དགོན་པ་བསྐྱར་བཞེང་གི་ལས་དོན་གྲོས་མོལ་བྱེད་པ་དང་། གྲོ་ཚང་གི་རིགས་སོ་སོའི་རྒྱལ་ཁབ་ལས་བྱེད་པ་ཞིང་ཆེན་དང་ལྗོངས། ཁུལ། རྫོང་སོ་སོར་ཁྱབ་ཡོད་པ་རྣམས་ལ་ར་མདའ་སྦྲན་ནས་དཀར་ཐིགས་བཀྲམ། དུས་གསུམ་སངས་རྒྱས་ལྷ་ཁང་དང་། ཤར་ཀ་རིང་དཀའ་བཅུའི་ནང་ཆེན་བཅས་བཞེངས་ནས་ལེགས་པར་གྲུབ། སྐུ་འབུམ་བྱམས་པ་གླིང་གི་ཨ་ལགས་ཨ་རྒྱ་ཚང་དང་། ཟི་ན་ཚང་ཞུས་ནས་རབ་གནས་མཛད་སྒོ་ཆེ་ཆེར་སྤེལ། དགོན་པར་ཞུགས་པའི་གྲྭ་བ་ལོ་རེ་ལས་ལོ་རེར་ཇེ་མང་དུ་འཕེལ། འདུལ་ཁྲིམས་སྲུང་ཞིང་། སངས་རྒྱས་ཀྱི་བསྟན་པ་རྒྱས་པར་མཛད། མང་ཚོགས་དང་དགོན་པའི་འབྲེལ་བ་ཟབ་ཅིང་། མང་ཚོགས་ཀྱིས་དགོན་པར་བཅངས་པའི་རེ་འདོད་མ་ལུས་པར་སྐོང་བར་འབད་པ་ལྷོད་མེད་བྱེད། དགོན་པས་འབད་བརྩོན་བྱས་ནས་རྒྱ་ལོ་བཅོ་ལྔའི་མེ་ཏོག་མཆོད་མཇལ་དང་། དྲུག་པའི་སྨོན་ལམ་སླར་གསོ་བྱས། དྲུག་པའི་སྨོན་ལམ་སྐབས་ཚེས་དྲུག་ཉིན་ལབ་རྩེ་བསྟོད་པ་དང་། ཚེས་བདུན་ལ་བྱམས་པ་གླིང་སྐོར། ཚེས་བརྒྱད་ལ་གོས་སྐུ་བཤམས་པ། ཚེས་དགུ་ལ་མགོན་ཆོས་ཀྱི་འཆམ་ཡོད། ཉེ་བའི་ལོ་ལ་མང་ཚོགས་ཀྱི་རིག་གནས་ཆུ་ཚད་ཇེ་མཐོར་སོང་བ་དང་། སྣ་མང་པོར་རོལ་འདོད་གྱིས། མང་ཚོགས་རང་མོས་ཀྱིས་གླུ་ལེན་གར་འཁྲབ་དང་། རྟ་རྒྱུག་མདའ་འཕེན་སོགས་རྩེད་མོའི་རྣམ་གྲངས་ཁ་སྣོན་བྱས་པས། ཧུར་བརྩོན་རང་བཞིན་སྔར་མེད་མཐོ་ལ། ཐ་ན་ཞིང་ཆེན་ཕྱི་ནང་གི་མཇལ་བ་དང་། རྒྱལ་ཁབ་ཕྱི་ནང་གི་ལྟད་མོ་པ་ཇེ་མང་དུ་གྱུར།
ས་གནས་རང་གི་ཏང་སྲིད་ལས་ཁུངས་ཀྱིས་རྒྱབ་སྐྱོར་བྱས་ནས་དགོན་པར་ཕན་ཐོགས་མི་དམན་པ་ཐོབ། འོན་ཀྱང་དགོན་པ་སླར་གསོ་བྱས་ནས་སྔོན་ཆད་ཀྱི་གཞི་ཁྱོན་དེར་མཉམ་པ་དང་། ཡང་ན་མང་ཚོགས་ཀྱི་ཆེས་དམའ་བའི་ཆོས་དད་རེ་འདོད་ལ་བསྡུར་ན། ད་དུང་བྱ་ལས་མང་པོ་སྒྲུབ་དགོས། གནད་དོན་ནི་སྲིད་གཞུང་གི་ནོར་སྲིད་འཛོམས་པོ་མེད་སྟབས། སྲིད་ཇུས་ལྟར་དགོན་པ་སྤྱིའི་རྒྱུ་རྫས་གཞུང་བཞེས་བྱས་པར། ནོར་སྲིད་ནས་སྐྱིན་ཚབ་རང་བཞིན་གྱི་རྒྱབ་སྐྱོར་བྱས་པ་ཉུང་པས། དགོན་པ་སླར་གསོའི་འགན་ལྕི་མོ་འཁུར་ཐབས་མེད་པ་དང་། དེ་འདྲའི་ལྕི་བའི་འཁུར་པོ་གལ་ཏེ་མང་ཚོགས་ལ་བསྐོར་ན། དེ་ནི་དགོན་པའི་བསམ་ཚུལ་མིན་ལ། མང་ཚོགས་ཀྱིས་རེ་བ་བྱེད་པའང་མིན། དེ་འདྲའི་རྒྱུ་རྐྱེན་མང་པོས་དགོན་པ་སླར་གསོའི་གོམ་པ་སྤོ་དཀའ་ཞིང་། འགན་ལྕི་ཞིང་ལམ་ཐག་རིང་བ་རེད།
ཆོས་དད་མང་ཚོགས་ཀྱི་རེ་བ་ལྟར་ན། དགོན་པ་སླར་གསོ་བྱེད་པར་གཤམ་གྱི་བྱ་བ་སྣ་འགའ་ངེས་པར་ཐག་གཅོད་བྱེད་དགོས།
དང་པོ། དུས་ཆེན་གྱི་ཆོས་ཐོག་སླར་གསོ་བྱེད་པར། དེ་དག་ལ་མཁོ་བའི་ཆོས་གོས་དང་། དུང་ཆེན། དུང་དཀར། འཁར་རྔ། སྦུག་ཆལ། ཙེན། རྔ་སོགས་ངེས་པར་མཁོ་བ་ཡིན། དེ་དག་ཕལ་ཆེ་ཚགས་ལ་ཡོད་ཀྱང་ཚགས་ཡག་མིན།
གཉིས། དགོན་པ་རི་རྩ་ཆུ་འགྲམ་དུ་ཆགས་ཡོད་ཅིང་། ཡུལ་ལྗོངས་མཛེས་པ། ཀ་རིང་དཀའ་བཅུ་སྐུ་ཕྲེང་རིམ་བྱོན་གྱིས་བོད་ཀྱི་གསོ་རིགས་མཁྱེན་ལ། སྔོན་ནས་སྨན་སྟེར་བའི་སྲོལ་ཡོད། ཐ་ན་མཉྫི་གོང་མ་དང་། མོང་གོལ་དང་མཉྫི་དང་རྒྱའི་བློན་ཆེན་ཆོས་དད་པ་བྱེད། བོད་ཀྱི་གསོ་རིག་སྨན་ཁང་ཞིག་འཛུགས་རྒྱུ་གྲོ་ཚང་གི་རིགས་སོ་སོའི་མི་དམངས་ཀྱི་རེ་འདོད་ཡིན་པས་འདིའི་ཕྱོགས་ཀྱི་རྣམ་གྲངས་བརྩོན་ལེན་བྱ་བ་སྒྲུབ་རྒྱུ་དགོས་མཁོ་ཤིན་ཏུ་ཆེ་ཞིང་། དེ་འགྲུབ་ཡང་ཐུབ།
གསུམ། དགོན་པའི་མཐའ་སྐོར་དུ་ནགས་ཚལ་སྟུག་པོ་འཁྲུངས་པས། ལྗོངས་རྒྱུ་སྤྲོ་གསེང་བྱེད་ས་ལེགས་པོ་ཡིན། གལ་ཏེ་གསར་སྤེལ་བྱེད་སྤྱོད་བྱེད་ཐུབ་ན་མ་རྩ་ཆུང་ཞིང་ཕན་ཁེ་ཆེ་བ་ཡིན་པས། ས་དེའི་དཔལ་འབྱོར་འཕེལ་ས་གསར་བར་འགྱུར་ཐུབ། དེ་ལ་རྡོ་རྗེ་འཆང་ནས་བཀྲ་ཤིས་སྡིངས་ཀ་བར་་གཞུང་ལམ་བཟོ་བར་མ་རྩ་གཏོང་དགོས། མིག་སྔར་གྱི་སྟབས་བདེའི་གཞུང་ལམ་དེ་དངོས་གཞིའི་གཞུང་ལམ་དུ་བསྒྱུར་དགོས། དེའི་རྨང་གཞི་ཁར་བསྒྲིག་བཀོད་གཞན་ཁ་སྣོན་བྱེད་དགོས། ལོ་འགའི་ནང་དུ་བཀྲ་ཤིས་སྡིངས་ཀའི་ཉེ་འཁོར་གྱི་བཞིན་རས་ཇེ་བཟང་དུ་བསྒྱུར་ཐུབ།
བཞི་བ། དགོན་པས་མཆོད་རྟེན་མི་འདྲ་བ་ལྔ་བཞེངས་རྩིས་ཡོད་ལ། མཆོད་རྟེན་གྲུབ་རྗེས་མཇལ་བ་དང་ལྟད་མོ་པ་མང་པོ་ཚུར་བཀུག་ན་ཕན་ཐོག་ཆེ།
གོང་སྨས་བཟོ་སྐྲུན་རྣམ་གྲངས་བཞི་ནི་བཀྲ་ཤིས་སྡིངས་ཀས་མིག་སྔར་ངེས་པར་སྒྲུབ་དགོས་པ་ཡིན། ང་ཚོས་བཟོ་སྐྲུན་གྱི་རྣམ་གྲངས་འདི་དག་འགྲུབ་པར་ས་གནས་སོ་སོའི་ཆོད་དད་མང་ཚོགས་དང་རྒྱལ་ཁབ་ཕྱི་ནང་གི་མི་ཤེས་རྒྱ་ཅན་དང་། མིག་རྒྱང་ཆོད་པའི་ཁེ་ལས་པའི་སྟེང་ལ་རེ་བ་བཅོལ་ཡོད། གོང་སྨས་ཀྱི་རྣམ་གྲངས་ནང་དུ་ཁྱེད་ཉིད་གང་ལ་དགའ་འདོད་བྱུང་ན། གོ་སྐབས་ཡག་པོ་ཤོར་དུ་མ་འཇུག་པར། དགོན་པར་ཕེབས་པར་ཞུ། དགོན་པས་ཁྱེད་ལ་ལྷག་བསམ་རྣམ་དག་གིས་མཉམ་ལས་བྱས་ནས། དོན་ཆེན་ལ་མཉམ་དུ་གྲོས་མོལ་བྱེད་རྒྱུ་ལགས།
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།