ས་དང་ལམ་གྱི་རྣམ་གཞག

རྩོམ་པ་པོ།:ཤེས་རབ་བསྟན་དར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2018-07-20 10:50:00 ཀློག་གྲངས།:
     ས་དང་ལམ་ཞེས་པ་ནི་ལམ་དུ་ཞུགས་པའི་གང་ཟག་གི་རྒྱུད་ཀྱི་ཤེས་པ་སྟེ་ཐེག་པ་གསུམ་གྱི་རྟོགས་པའི་ཡོན་ཏན་ལ་ཟེར་ཏེ་དེ་ནི་ས་བཏགས་པ་བ་ཡིན། ས་དངོས་གནས་པ་ནི་སྲ་ཞིང་འཐས་པ་ཡིན་ལ་བྱེད་ལས་རྒྱུ་བ་དང་མི་རྒྱུ་བའི་འཇིག་རྟེན་ཐམས་ཅད་ཀྱི་རྟེན་བྱེད་པ་དེ་ཡིན་ལ། ཐེག་པ་གསུམ་གྱི་ལམ་ལ་ས་ཞེས་བརྗོད་པ་ནི་ འདིས་ལམ་ཞུགས་ཀྱི་ཡོན་ཏན་དུ་མའི་རྟེན་བྱེད་པས་ན་ས[1]དང་། ལམ་དངོས་གནས་པ་ལ་བརྟེན་ནས་རང་གི་འདོད་པའི་གྲོང་ཁྱེར་དུ་བགྲོད་པར་བྱེད་པ་བཞིན་ཐེག་པ་གསུམ་གྱི་ཡོན་ཏན་ལ་བརྟེན་ནས་རང་གིས་འདོད་པའི་བྱང་ཆུབ་ཏུ་བགྲོད་པར་བྱེད་པས་ན་ལམ་ཞེས་བརྗོད། རང་གི་འབྲས་བུར་གྱུར་པའི་ཡོན་ཏན་དུ་མའི་གཞི་རྟེན་དུ་གྱུར་པའི་ལམ་ཞུགས་ཀྱི་མཁྱེན་པ་དེ་ལམ་གྱི་མཚན་ཉིད་ཡིན་ལ་ས་དང་ལམ། ཐར་ལམ། མཁྱེན་པ། ཡེ་ཤེས། མངོན་རྟོགས། ཡུམ། ཐེག་པ་རྣམས་དོན་གཅིག སྒྲ་བཤད་ཡོད་དེ། ཐར་བ་འཐོབ་བྱེད་ཀྱི་ལམ་ཡིན་པས་ཐར་ལམ། རང་ཡུལ་མཁྱེན་པར་བྱེད་པས་ན་མཁྱེན་པ་དང་། ཡེ་ནས་དག་པ་སྟེ་སྟོང་ཉིད་ཤེས་པས་ན་ཡེ་ཤེས། རང་ཡུལ་མངོན་པར་རྟོགས་པས་ན་རྟོགས་པ། རང་རྒྱུད་ལྡན་གྱི་སྲས་ཏེ་གང་ཟག་ལ་མ་ལྟར་ཕན་འདོགས་པར་བྱེད་པས་ན་ཡུམ། རང་རྒྱུད་ལྡན་གྱི་གང་ཟག་ངན་སོང་དུ་ལྟུང་བ་ལས་འདེགས་པར་བྱེད་པས་ན་ཐེག་པ་ཞེས་བརྗོད། དབྱེ་ན། ཉན་ཐོས། རང་རྒྱལ། བྱང་སེམས་ཀྱི་ས་གསུམ་དང་། ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ་སྟེ་ལམ་ལྔ་ཡོད།
མཆན་འགྲེལ།
     [1]
སའི་ཐ་སྙད་འཇུག་ཚུལ་དུ་མ་ཡོད་དེ་ཉན་ཐོས་རང་རྒྱལ་བྱང་སེམས་ཀྱི་ས་གསུམ་དང་། གང་ཟག་གི་བདག་མེད་རྟོགས་པའི་རྣལ་འབྱོར་གྱི་ས། གཉིས་སྟོང་རྟོགས་པའི་རྣལ་འབྱོར་གྱི་ས།བདེན་སྟོང་རྟོགས་པའི་རྣལ་འབྱོར་གྱི་ས། བསམ་གཏན་དང་བོ་ཉེར་བསྡོགས་མི་ལྕོགས་མེད་དང་བསམ་གཏན་དང་བོའི་དངོས་གཞི་ཙམ་ཁྱད་གཉིས། བསམ་གཏན་ཕྱི་མ་གསུམ་སྟེ་བསམ་གཏན་ས་དྲུག་ཟག་མེད་ཀྱི་བསམ་གཏན་ས་དྲུག་གི་སྟེང་དུ་ཟག་མེད་ཀྱི་གཟུགས་མེད་དང་བོ་གསུམ་བསྣན་ནས་ཟག་མེད་ས་དགུ། འདོད་སེམས་ཀྱི་སྟེང་དུ་བསམ་གཟུགས་བརྒྱད་བསྣན་པས་ཁམས་གསུམ་ས་དགུ་སོགས་ཡོད་ལ་ཡང་མཆོག་དམན་གྱིས་དབྱེ་ན་ཐེག་དམན་གྱི་ས་དང་ཐེག་ཆེན་གྱི་ས་གཉིས་ཡོད། དང་བོ་ཐེག་དམན་གྱི་ས་ལ་དམན་པ་ས་བརྒྱད་ཡོད་དེ་འགྲེལ་ཆུང་དོན་གསལ་དུ་ཞུགས་པ་ཕྱི་མ་གསུམ་གྱི་མངོན་རྟོགས་ལ་ཉན་ཐོས་ཀྱི་ས་ཞེས་ས་བརྒྱད་ཀྱི་གྲངས་སུ་སྨོས་པ་ནི་ཐེག་པ་གསུམ་གྱི་ཚུལ་རྣམ་པར་བཞག་པའི་ཆེད་དུ་ཡིན་ལ་གསུང་རབ་སྤྱིའི་འགྲོས་ལྟར་ན་དམན་པ་ས་བརྒྱད་ནི་དཀར་བོ་རྣམ་པར་མཐོང་བའི་ས་དང་རིགས་ཀྱི་ས། བརྒྱད་པའི་ས། མཐོང་བའི་ས། བསྲབ་པའི་ས། འདོད་ཆགས་དང་བྲལ་བའི་ས། བྱས་པ་རྟོགས་པའི་ས། རང་སངས་རྒྱས་ཀྱི་ས་རྣམས་སོ། །མཚན་གཞི་རིམ་པ་བཞིན་བརྗོད་ན། ཉན་ཐོས་ཀྱི་ཚོགས་ལམ་ལ་དཀར་བོ་རྣམ་པར་མཐོང་བའི་ས་ཞེས་བྱ་སྟེ། རྣམ་བྱང་གི་ཆོས་དཀར་བོ་དང་བོར་མཐོང་བའི་ལམ་ཡིན་པའི་ཕྱིར། ཉན་ཐོས་ཀྱི་སྦྱོར་ལམ་ལ་རིགས་ཀྱི་ས་ཞེས་བྱ་སྟེ། རང་གི་རིགས་ལ་མི་འཁྲུལ་བ་དེ་ནས་འཐོབ་པའི་ཕྱིར། རྒྱུན་ཞུགས་ཞུགས་པའི་མངོན་རྟོགས་ལ་བརྒྱད་པའི་ས་ཞེས་བྱ་སྟེ། ཞུགས་གནས་བརྒྱད་ཀྱི་དང་བོ་དེ་ནས་ཐོབ་པའི་ཕྱིར། རྒྱུན་ཞུགས་འབྲས་གནས་ཀྱི་མངོན་རྟོགས་ལ་མཐོང་བའི་ས་ཞེས་བྱ་སྟེ་འཇིག་རྟེན་ལས་འདས་པའི་ལམ་གྱིས་གང་ཟག་གི་བདག་མེད་དང་བོར་མངོན་སུམ་དུ་མཐོང་བའི་ཕྱིར། ཕྱིར་འོང་འབྲས་གནས་མངོན་རྟོགས་ལ་བསྲབ་པའི་ས་ཞེས་བྱ་སྟེ་འདོད་ཉོན་གསུམ་གཉིས་སྤངས་ཏེ་བསྲབ་མོར་བྱས་པའི་ཕྱིར། ཕྱིར་མི་འོང་གི་འབྲས་གནས་ཀྱི་མངོན་རྟོགས་ལ་འདོད་ཆགས་དང་བྲལ་བའི་ས་ཞེས་བྱ་སྟེ་འདོད་ཉོན་མཐའ་དག་ལ་ཆགས་པ་བྲལ་བའི་ཕྱིར། ཉན་ཐོས་དགྲ་བཅོམ་པའི་མངོན་རྟོགས་ལ་བྱས་པ་རྟོགས་པའི་ས་ཞེས་བྱ་སྟེ་རང་ལམ་གྱི་བྱ་བ་རྫོགས་པར་བྱས་པར་རྟོགས་པས་སོ། །རང་སངས་རྒྱས་ཀྱི་མངོན་རྟོགས་ལ་རང་སངས་རྒྱས་ཀྱི་ས་ཞེས་བྱ་སྟེ་སྲིད་པ་མཐའ་མའི་ཚེ་སློབ་དཔོན་གཞན་ལ་རྟེན་མི་དགོས་པའི་ཡོན་ཏན་དང་ལྡན་པའི་མཁྱེན་པ་ཡིན་པའི་ཕྱིར། རང་རྒྱལ་སློབ་པའི་མངོན་རྟོགས་ཐམས་ཅད་ཀྱང་འདིའི་ནང་དུ་འདུས་པར་བྱའོ། །ཞུགས་པ་ཕྱི་མ་གསུམ་གྱི་མངོན་རྟོགས་ཀྱང་འདིའི་ནང་དུ་མ་འདུས་པའི་སྐྱོན་མེད་དེ་འབྲས་གནས་གསུམ་མངོན་རྟོགས་ཀྱི་ནང་དུ་འདུས་པའི་ཕྱིར་རོ། །


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།