ཁྲི་ཀ་རྫོང་སྟག་རིག་གྲོང་རི་དགོན་གྱིས་ལོ་སར་སྨོན་ལམ་ཆེན་མོ་ཚོགས།
ལོ་རེའི་རྒྱ་ལོའི་ཚེས་པ14དང15གཉིས་ནི་མདོ་སྨད་ཁྲི་ཀ་རྫོང་སྟག་རིག་གྲོང་རི་དགོན་གྱི་ལོ་སར་སྨོན་ལམ་ཆེན་མོ་ཡིན་ལ། ནངས་སྔ་མོ་ནས་བཟུང་སྡེ་བའི་མང་ཚོགས་དང་ཕྱོགས་བཞིའི་སྐུ་མགྲོན་ཡོངས་ཀྱིས་ལུས་ལ་འཕྱོར་ལྭས་བརྒྱན་ཏེ་གར་འཆམ་ལྟ་བར་འོང་། ཟླ་འདིའི་ཚེས་པ14ཉིན་ནི་མི་ལོ་སུམ་བརྒྱའི་ལོ་རྒྱུས་ལྡན་པའི་ཐིས་བ་དགོན་དགའ་ལྡན་བཀྲ་ཤིས་གསུང་རབ་གླིང་གི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དམ་ཅན་ཆོས་ཀྱི་རྒྱལ་བོའི་གར་འཆམ་གྱི་ཉིན་མོ་ཡིན་པས། དགེ་ལུགས་པའི་དགོན་སྡེ་འདི་ཡི་ནང་ཆོས་ལ་ཕྱག་རྗེས་དང་བཀའ་དྲིན་བླ་ལྷག་ཆེ་བའི་གྲྭ་བཙུན་རྣམས་ཀྱིས་བཅའ་ཁ་ཕྱག་ལེན་མ་ཉམས་རྒྱུན་འཁྱོངས་སྒོས་འདི་འདྲའི་ལོ་ངོ་མང་པོར་ཆུ་ལ་ཆུ་བཞག་གི་ཚུལ་དུ་སྔར་སྲོལ་རྒྱུན་འབྱམས་སུ་སོང་ཡོད།
སྤྱི་ཚོགས་ཀྱི་འཕེལ་ཁ་གློག་ལས་མྱུར་ཞིང་གྲྭ་བའི་ཁ་གྲངས་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བཞིན་པའི་གནས་བབ་འདིར། ད་ལྟར་འཚོ་བཞུགས་གནང་བའི་ཐིས་བ་དགོན་གྱི་གྲྭ་བ་རྣམས་ཀྱིས་མེས་པོ་གོང་མ་དག་གི་ཁ་དོན་དགེ་སྦྱོར་དང་སྐུ་རིམ་ཕྱག་ལེན་སོགས་གཅིག་ཀྱང་མ་དོར་བར་འབད་པ་ཆེན་པོས་སྲོལ་རྒྱུན་བཟང་བོ་དར་སྤེལ་བྱས་པས་ད་བར་དུ་མ་ཉམས་ཉིན་བྱེད་བཞིན་རི་ལུང་འདི་རུ་འོད་ལྷམ་མེར་གསལ་ཡོད། ཉིན་མོ་འདིར་ཡང་སྔ་མོའི་དུས་ཚོད་གསུམ་པ་ནས་བཟུང་འདོན་པ་བསྒྲུབས། མཆོད་ཟས་གཏོར་མ་བཟོས། འཆམ་ལྭ་ཆ་ཚང་ལ་ཁྲུས་གསོལ་བྱས་རྗེས། དགེ་ལུགས་པའི་གྲུབ་མཐའ་ཡིས་རང་རང་གི་ཡི་དམ་དང་སྲུང་མའི་འདྲ་འབག་དང་ཆས་གོས་གྱོན་ཞིང་ཕྱག་མཚན་ལག་ཏུ་ཐོགས་ནས་གར་འཆམ་པ་རེད། གར་འཆམ་མ་འཁྲབ་གོང་དུ་འཆམ་བསུའི་འབུལ་རྡུང་དཀྲོལ་གསུམ་གྱི་འཆམ་པའི་སྣེ་བསུས་ཏེ་རིམ་བཞིན་རྔ་དང་སྦུབ་ཆ་གཙོ་བྱས་པའི་རོལ་ཆས་ཀྱི་འགྱུར་ཁུགས་དང་འགྲོགས་ནས་ཚན་པ་རེ་རེ་བཞིན་འཁྲབ་ལྡིང་བྱེད་པའོ།།
ཚེས་པ15ཉིན་ནི་སྡེ་བའི་རྟ་རྒྱུག་ཡིན་ལ། སྔ་མོ་ནས་སྡེ་བའི་དཔོན་སྐོར་ཞིག་གིས་ཉིན་དེའི་རྟ་རྒྱུག་གི་མགོ་རྔ་ཡོད་ཚད་བདེ་ལེགས་འབྱུང་ཆེད་གདོན་བགེགས་དང་བར་ཆད་ཞི་བའི་ཆོས་ཀྱི་ཆོ་ག་སྒྲུབ་པ་དང་། ཕྱོགས་གཞན་ནས་དགོན་པའི་གྲྭ་བ་ཡོངས་ཀྱིས་བྱམས་པ་གླིང་སྐོར་དང་མང་ཚོགས་མཆོད་མཇལ་གྱི་བྱ་བ་མཇུག་རྫོགས་ཚེ། རྟ་པ་རྣམས་ཀྱིས་རྟ་ཁྲིད་ནས་བསང་ཁྲིར་སྐོར་བ་བརྒྱབ་སྟེ་ཀི་ཀི་བསོ་བསོའི་ལྷ་རྒྱལ་གྱི་འབོད་སྒྲ་བར་མེད་སྒྲོག་ཅིང་ཆོས་སྐྱོང་སྲུང་མས་མགོན་སྐྱོབ་གནང་བའི་རོགས་དན་མཛད་དེ་ཐོག་མའི་རྟ་བསུ་དང་བར་མའི་དར་ཁྱེར། མཐའ་མའི་བོའུ་རྒྱག་བཅས་ཀྱིས་གནམ་ས་འགེངས་བར་བྱེད། དེའི་འཕྲོར་རྟ་བ་རྣམས་ཀྱིས་རང་རང་གི་སྐྱ་རྩལ་ངོམ་ཞིང་རྟ་ཐོག་བོའུ་རྒྱག་གིས་ཀྱང་རྟ་ཐོག་ནས་མེ་མདའི་ཁ་གྲངས་མང་པོ་རྒྱག་པར་བརྩོན་ལེན་བྱས་ཏེ་རང་རང་གི་འཇོན་ནུས་ངོམ་པ་རེད། མཐའ་མར་སྡེ་བའི་འགོ་ཁྲིད་ཀྱི་དྲང་བདེན་འདྲ་མཉམ་འོག་ནས་རྟིང་སྐུལ་བྱ་དགའ་གནང་རྗེས་ཕྱོགས་ཡར་མར་གྱི་སྡེ་བའི་མང་ཚོགས་རྣམས་ལ་གླུ་ལེན་གར་རྩེ་ཡི་ལྟད་མོ་གྱ་ནོམ་པ་སྟོན་པ་ཡིན་ནོ། །
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com