འཇིག་རྟེན་པའི་ལྷ་དང་གདོན་སོགས་ཀྱི་ཁུངས་བཤད་པ་གཞན་ཕན་སྣང་བ་ཞེས་བྱ་བ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-05-08 09:04:00 ཀློག་གྲངས།:
      ལྷ། སྤྱིར་ལྷ་ཞེས་པ་ནི་ཁྱིམ་ནམ་མཁའ་ན་ཡོད་ཅིང་དེར་རྩེ་བའམ་རོལ་བས་ན་དེ་ལྟར་བཏགས་ཤིང་། འགྲོ་བ་རིགས་དྲུག་གི་ནང་གསེས་ཀྱི་ལྷ་འདི་ལ་ཁམས་གསུམ་གྱི་ལྷ་ཐམས་ཅད་འདུ། སྐབས་བབ་ཀྱི་འཇིག་རྟེན་པའི་ལྷ་རྣམས་ལ་འདོད་ཁམས་ཀྱི་ལྷ་གཙོ་ཆེ་ཞིང་དེའི་ནང་ནས་ཀྱང་ཕལ་ཆེར་ལྷ་མིན་གྱི་གྲས་ལས་ལྷའི་ཁོངས་སུ་གཏོགས་པ་རྣམས་ཡིན་པར་ངེས་ཏེ། ཀློང་རྡོལ་བླ་མ་རིན་པོ་ཆེས་ཀྱང་འཇིག་རྟེན་པའི་ལྷ་ཐམས་ཅད་གཙང་རིས་ཀྱི་མགོན་པོ་བདུན་ཅུ་རྩ་ལྔའི་ཁོངས་སུ་འདུ་བར་གསུངས་འདུག་ལ། འོ་ན་དེ་དག་གང་ཡིན་ཞེ་ན། སྤྱིར་རྒྱལ་པོ་ཆེན་པོ་བཞི། ཕྱོགས་སྐྱོང་བཅོ་ལྔ། ལྷ་ཆེན་པོ་བརྒྱད། ཀླུ་ཆེན་པོ་བརྒྱད། གཟའ་ཆེན་པོ་བརྒྱད། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་འཇིགས་བྱེད་ཆེན་པོ་དགུ་སྟེ་འདི་བརྒྱད་ཅུ་ལ་ཇོ་བོ་བཀའ་གདམས་པ་རྣམས་ཀྱིས་དཀར་པོ་བརྒྱད་ཅུ་ཟེར་ཞིང་། ཀུན་རིག་གི་དཀྱིར་འཁོར་དང་། ཤངས་པ་བཀའ་བརྒྱུད་པ་རྣམས་ཀྱིས་ཕྱོགས་སྐྱོང་བཅོ་ལྔ་ལས་ལྔ་ཕྲི་ནས་ལྷག་མ་ལ་གཙང་རིས་དཔལ་མགོན་བདུན་ཅུ་དོན་ལྔ་ཞེས་འདོགས་པར་བྱེད་ཅིང་། དེ་དག་གི་ནང་གསེས་རེ་རེ་བཞིན་ཅུང་ཟད་བཀར་ཏེ་བཤད་ན། རྒྱལ་པོ་ཆེན་པོ་བཞི་ནི་ཤར་ཕྱོགས་རྒྱལ་པོ་ཡུལ་འཁོར་སྲུང་དྲི་ཟའི་ཚོགས་དང་བཅས་པ། ལྷོ་ཕྱོགས་རྒྱལ་པོ་འཕགས་སྐྱེས་པོ་གྲུལ་བུམ་གྱི་ཚོགས་དང་བཅས་པ། ནུབ་ཕྱོགས་རྒྱལ་པོ་སྤྱན་མི་བཟང་ཀླུ་ཡི་ཚོགས་དང་བཅས་པ། བྱང་ཕྱོགས་རྒྱལ་པོ་རྣམ་ཐོས་སྲས་གནོད་སྦྱིན་གྱི་ཚོགས་དང་བཅས་པ་རྣམས་ཡིན་ལ། དེ་བཞིན་ཕྱོགས་སྐྱོང་བཅུ་ནི། དབང་བོ། གཤིན་རྗེ། ཆུ་བདག ནོད་སྦྱིན། མེ་ལྷ། སྲིན་པོ། རླུང་ལྷ། འབྱུང་བོ། ཚངས་པ། ས་ཡི་ལྷ་མོ་སྟེ་བཅུ་ལ་ཟེར། འདི་དག་གི་སྟེང་ཉེ་དབང་། ཚོགས་བདག ཉི་མ། ཟླ་བ་དང་ཐགས་བཟང་རིས་བསྣན་ན་ཕྱོགས་སྐྱོང་བཅོ་ལྔ་ཞེས་འབོད། ལྷ་ཆེན་པོ་བརྒྱད་ནི། ཚངས་པ་སེར་པོ། དབང་པོ་དཀར་པོ། དབང་ཕྱུག་ཆེན་པོ་ནག་པོ། ཁྱབ་འཇུག །གཞོན་ནུ་གདོང་དྲུག འདོད་པའི་དབང་ཕྱུག་དམར་པོ། ལོག་འདྲེན་ཚོགས་བདག་གླང་སྣ། བྷྲིངྒི་རི་ཏི་དང་བརྒྱད་ལ་ཟེར་ཞིང་གྲངས་འདྲེན་ཚུལ་གཞན་ཡང་ཡོད་དོ། །དེ་བཞིན་དུ་ཀླུ་ཆེན་བརྒྱད་གང་ཡིན་ཞེ་ན། ཤར་དུ་ནོར་རྒྱས་དཀར་པོ་ཨུཏྤ་ལ་སྔོན་པོས་མཚན་པ། ལྷོར་པདྨ་དཀར་པོ་དབུ་ལ་ཐིག་ལེ་གསུམ་གྱིས་མཚན་པ། ནུབ་ཏུ་སྟོབས་རྒྱུ་སྔོན་པོ་མགྲིན་པ་རི་མོ་གསུམ་གྱིས་མཚན་པ། བྱང་དུ་འཇོག་པོ་དམར་པོ་དཔལ་བེའུས་མཚན་པ། ཤར་ལྷོར་དུང་སྐྱོང་སེར་པོ་ཐིག་ལེས་མཚན་པ། ལྷོ་ནུབ་ཏུ་རིགས་ལྡན་དཀར་པོ་ཟླ་བ་ཕྱེད་པས་མཚན་པ། ནུབ་བྱང་དུ་མཐའ་ཡས་སྣ་ཚོགས་མདོག་སྟེ་རྨ་བྱའི་མགྲིན་པ་བཞིན་པདྨས་མཚན་པ་དང་། བྱང་ཤར་དུ་པདྨ་ཆེན་པོ་དཀར་པོ་རྩེ་གསུམ་གྱིས་མཚན་པའོ། །གཟའ་ཆེན་བརྒྱད་ནི། སྐུ་མདོག་ཕྱག་མཚན་སོགས་རྒྱུད་སྡེ་རྣམས་ལས་འདྲ་མིན་སྣ་ཚོགས་འབྱུང་ཡང་། དཀར་ནག་གི་རྩིས་ལས་འབྱུང་བ་བཞིན་སྤྱི་འགྲོ་ནི། གཟའ་དང་པོ་ཉི་མ་ནི། རྒྱལ་པོའི་བླ་གཟའ་རྒྱལ་རིགས་ཡིན། །ཞི་བ་དམར་སྐྱ་མེ་ཡི་ཁམས། །གཡས་པས་པདྨ་གཡོན་པས་མེ། །གཟའ་གཉིས་པ་ཟླ་བ་ནི། བུད་མེད་བླ་གཟའ་རྗེའི་རིགས་ཡིན། །ཞི་བ་དཀར་སེར་ཆུ་ཡི་ཁམས། །ཕྱག་གཉིས་ཀུ་མུད་ཆུ་སྟེང་གནས། གཟའ་གསུམ་པ་མིག་དམར་ནི། དམག་དཔོན་བླ་གཟའ་རྒྱལ་རིགས་ཡིན། །དམར་ནག་དྲག་པོ་མེ་ཡི་ཁམས། །གཡས་པ་བེ་ཅོན་གཡོན་མེ་ཐབ། གཟའ་བཞི་བ་ལྷག་པ་ནི། རྒྱལ་བུའི་བླ་གཟའ་དམངས་རིགས་ཡིན། །ཞི་བ་སྔོ་ལྗང་ཆུ་ཡི་ཁམས། །གཡས་པ་ཆོས་འཆད་གཡོན་མདའ་གཞུ། །གཟའ་ལྔ་བ་ཕུར་བུ་ནི། བཙུན་པའི་བླ་གཟའ་བྲམ་ཟེའི་རིགས། །ཞི་ཁྲོ་སེར་པོ་རླུང་གི་ཁམས། །གཡས་པ་རལ་གྲི་གཡོན་པདྨ། །གཟའ་དྲུག་པ་པ་སངས་ནི། བུད་མེད་བླ་གཟའ་བྲམ་ཟེའི་རིགས། །ཞི་བ་ས་ཁམས་ཁྲོ་བོའམ་སྣ་ཚོགས་མདོག །གཡས་པ་དབྱུག་པ་གཡོན་མར་མེ། །གཟའ་བདུན་པ་སྤེན་པ་ནི། བྱིས་པའི་བླ་གཟའ་གདོལ་བའི་རིགས། །དྲག་པོ་སེར་སྐྱ་ས་ཡི་ཁམས། །གཡས་པ་བ་དན་གཡོན་ནོར་བུ། །གཟའ་བརྒྱད་པ་སྒྲ་གཅན་ནི། མགོ་དང་མཇུག་མ་སྔོ་ནག་ལུས་ནམ་མཁའ་ལྟར་དྭངས་པའོ། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ནི། རྒྱུ་སྐར་ལྷ་མོ་རྣམས་འདུག་པའི་ཕྱི་གཞལ་མེད་ཁང་གི་དབྱིབས་དང་གྲངས་ནི། སྨིན་དྲུག་སྐར་དྲུག་སྤུ་གྲིའི་དབྱིབས། །སྣར་མ་སྐར་ལྔ་ཤིང་ལྟའི་དབྱིབས། །མགོ་ནི་སྐར་གསུམ་རི་དྭགས་མགོ །ལག་ནི་སྐར་གཅིག་ཐིག་ལེའི་དབྱིབས། །ནབས་སོ་སྐར་གཉིས་ཁྲི་རྐང་དབྱིབས། །རྒྱལ་ནི་སྐར་གསུམ་རིལ་བའི་དབྱིབས། །སྐག་ནི་སྐར་དྲུག་གདེང་ཀའི་དབྱིབས། །ཤར་སྐར་རྣམས་སོ། །མཆུ་ནི་སྐར་དྲུག་ཆུ་བོ་འདྲ། །བྲེ་ནི་སྐར་གཉིས་མི་རྐང་དབྱིབས། །དབོ་ནི་སྐར་གཉིས་ཁྲི་ཡི་དབྱིབས། །མེ་བཞི་སྐར་ལྔ་ལག་པའི་དབྱིབས། །ནག་པ་སྐར་གཅིག་ས་སྙིང་དབྱིབས། །ས་རི་སྐར་གཅིག་ནོར་བུའི་དབྱིབས། །ས་ག་སྐར་གཅིག་མགོ་ཡི་དབྱིབས། །བྱང་སྐར་རྣམས་སོ། །ལྷ་མཚམས་སྐར་བཞི་གླང་པོའི་དབྱིབས། །སྣྲོན་ནི་སྐར་གསུམ་ཐེམ་སྐས་དབྱིབས། །སྣྲུབས་ནི་སྐར་དགུ་སྡིག་པའི་དབྱིབས། །ཆུ་སྟོད་སྐར་བཞི་མཆོད་རྟེན་དབྱིབས། །ཆུ་སྨད་སྐར་བཞི་བྲེ་ཡི་དབྱིབས། །གྲོ་བཞིན་སྐར་གསུམ་བྲེ་ལྟ་བུ། །བྱི་བཞིན་སྐར་གསུམ་གླང་མགོའི་དབྱིབས། །ནུབ་སྐར་རྣམས་སོ། །མོན་གྲེ་སྐར་བཞི་བྱ་ལྟ་བུ། །མོན་གྲུ་སྐར་གཅིག་མི་རེང་འདྲ། །ཁྲུམས་སྟོད་སྐར་གཉིས་ཤིང་རྟའི་དབྱིབས། །ཁྲུམས་སྨད་སྐར་གཉིས་རྣ་བའི་དབྱིབས། །ནམ་གྲུ་སོ་གཉིས་གྲུ་ལྟ་བུ། །ཐ་སྐར་སྐར་གསུམ་རྟ་མགོའི་མགུལ། །པྲ་ཉེ་སྐར་གསུམ་མོ་མཚན་དབྱིབས། །ལྷོ་སྐར་རྣམས་སོ། །འདི་དག་ཕྱི་ཡི་ཁང་བ་ལྟ་བུའི་སྐར་མའི་གྲངས་དང་། དབྱིབས་དེ་ལྟར་བརྗོད་ལ། ནང་གི་རྒྱུ་སྐར་ལྷ་མོ་རྣམས་ཀྱི་སྐུ་མདོག་ཕྱག་མཚན་རྣམས་ནི། རྒྱུད་སྡེ་སོ་སོའི་ལུགས་དང་། ནག་རྩིས་པའི་ལུགས་སོགས་ཅི་རིགས་འདུག་གོ །གཙང་རིས་མགོན་པོའི་སྡེ་ཚན་ཐ་མ་འཇིགས་བྱེད་དགུ་ནི། ཤར་དུ་དབང་ཕྱུག་འཇིགས་བྱེད། ཡང་ཤར་དུ་ཚངས་པ་འཇིགས་བྱེད། ལྷོར་བརྒྱ་བྱིན་འཇིགས་བྱེད། ནུབ་ཏུ་ཀུ་བཻ་ར་འཇིགས་བྱེད། བྱང་དུ་ཡེ་ཤེས་འཇིགས་བྱེད། ཤར་ལྷོར་ཁྱབ་འཇུག་འཇིགས་བྱེད། ལྷོ་ནུབ་ཏུ་སྲིན་པོ་འཇིགས་བྱེད། ནུབ་བྱང་དུ་ཀ་ལ་འཇིགས་བྱེད། བྱང་ཤར་ཚོགས་བདག་འཇིགས་བྱེད། རང་རང་གི་ཆུང་མ་དང་བཅས་པའོ། །འཇིག་རྟེན་པའི་ལྷ་ཐམས་ཅད་ཀྱི་གཙོ་བོ་ནི། ཕྱོགས་སྐྱོང་བཅུ་ཡི་ནང་གི་བྱང་ཤར་དབང་ལྡན་གྱི་དབང་ཕྱུག་ཆེན་པོ་གླང་ལ་ཆིབས་ཤིང་། རྩེ་གསུམ་ཐོགས་པ་དེ་ཡིན་ཞིང་། དེ་ལ་ཞི་རྒྱས་དབང་དྲག་གི་ལྷ་བཞི་སྤྲུལ་པ་ཡོད་དེ། ཞི་བའི་ལྷ་བརྒྱ་བྱིན་དཀར་པོ། ཆུང་མ་གོ་རིའམ་རི་སྲས། རྒྱས་པའི་ལྷ་ཚངས་པ་སེར་པོ། ཆུང་མ་རལ་གཅིག་མ། དབང་གི་ལྷ་གཞན་འཕྲུལ་དབང་བྱེད་ཀྱི་བདག་པོ་དགའ་རབ་དབང་ཕྱུག །ཆུང་མ་དམར་མོ། དྲག་པོའི་ལྷ་འཇིགས་བྱེད་ནག་པོ། ཆུང་མ་དུས་མཚན་མ་དམར་མོ་ཡིན། ཞེས་མཁས་གྲུབ་ཐམས་ཅད་མཁྱེན་པའི་སྔགས་རིམ་ལྷན་ཐབས་དང་། བུ་སྟོན་རིན་པོ་ཆེའི་བདེ་མཆོག་ཆོས་འབྱུང་ལས་གསུངས་སོ།།
      ཀླུ། སྤྱིར་ཀླུ་ཞེས་པ་ནི་ལེགས་སྦྱར་གྱི་སྐད་དུ་ནཱ་གར་འབོད་ལ། འདི་ནི་ཀུན་མཁྱེན་མཚོ་སྣ་བའི་འདུལ་ཊཱིཀ་ཉི་མའི་འོད་ཟེར་དུ་དུད་འགྲོའི་རིགས་སུ་གཏོགས་པར་གསུངས། འདུལ་བ་མདོ་རྩའི་མཆན་ན་ཀླུ་ནི་ཀླུ་ཕྲ་མོ་རྣམས་དང་། ཞེས་དང་། ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གདུགས་དཀར་འགྲེལ་བར། ཀླུ་ནི་ཀླུ་ཆེན་བརྒྱད། ཀླུའི་རྒྱལ་པོ་ཆེན་པོ་ནོར་རྒྱས་དང་། པད་མ། སྟོབས་རྒྱུ། འཇོག་པོ། པད་མ་ཆེན་པོ། དུང་སྐྱོང་། རིགས་ལྡན་དང་མཐའ་ཡས་རྣམས་སོ། །དང་དེའི་འཁོར་གྱི་རིགས་སོ། །ཞེས་གསུངས། གང་ལྟར་ཀླུའི་རིགས་ནི་སྡེ་བརྒྱད་ཀྱི་ནང་ཚན་ཆུ་ལ་གནས་པའི་དུད་འགྲོའི་རིགས་ཤིག་སྟེ་ཁོག་སྟོད་མི་ལ་ཁོག་སྨད་སྦྲུལ་གྱི་མཇུག་མ་ཅན། མགོར་སྦྲུལ་གྱི་གདེངས་ཀ་དང་ནོར་བུས་བརྒྱན་པ། དར་དང་རིན་པོ་ཆེའི་རྒྱན་ལྡན། རྒྱ་ནག་སོགས་ཀྱི་ཀླུ་འབྲུག་ལྟར་བྲིས་པ་དང་མི་འདྲ་བ་ཞིག་ཡིན་ཞེས་བཤད། དེ་བཞིན་དུ་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོའང་དུད་འགྲོའི་ཁོངས་སུ་གཏོགས་ཤིང་། མིའམ་ཅི་ནི་འདུལ་བ་མདོ་རྩའི་མཆན་དུ། དུད་འགྲོ་མིའི་རྣམ་པ་ཅན་གཟུགས་ཤིན་ཏུ་བཟང་བ་རྣམས་དང་། ལྟོ་འཕྱེ་ཆེན་པོ་ནི་ལྟོ་འཕྱེ་ཞིང་འགྲོ་བའི་སྦྲུལ་ཆེན་པོ་སྟེ་ཀླུ་ཆེན་པོ་དགའ་བོ་དང་ཉེ་དགའ་སོགས་ཡིན་པར་གསུངས། ཁ་ཅིག་མིའམ་ཅི་ནི་ལུས་མི་ལ་རྟའི་གདོང་པ་ཅན་དུ་ཡོད་པར་ཡང་བཤད་དོ།།
      གནོད་སྦྱིན། གནོད་སྦྱིན་གྱི་སྐད་དོད་ལེགས་སྦྱར་གྱི་སྐད་ལ་ཡཀྵ་ཟེར་ཞིང་། ཅོ་ནེ་གྲས་པ་བཤད་སྒྲུབ་ཀྱིས། འདི་ནི་བྱང་ཕྱོགས་ལྕང་ལོ་ཅན་ན་གནས་ཤིང་གཞན་ལ་གནོད་ཅིང་མཆོད་སྦྱིན་ལེན་པ་ཞིག་གོ།ཞེས་གསུངས་པས་གནོད་སྦྱིན་གྱི་ངོ་བོ་གསལ་བོར་བསྟན་འདུག །མཆིམས་འཇམ་པའི་དབྱངས་ཀྱི་མཛོད་འགྲེལ་མངོན་པའི་རྒྱན་དུ་གནོད་སྦྱིན་ཕལ་ཆེར་ལྷའི་སྡེར་གཏོགས་པ་དང་། ཀླུ་དང་ཡི་དྭགས་ཀྱི་རིགས་སུ་གཏོགས་པའང་ཡོད་པར་བཤད། དེ་བཞིན་དུ་འདུལ་ཊཱིཀ་ཉི་མའི་འོད་ཟེར་ལས་གནོད་སྦྱིན་ནི་ལྷའི་བྱེ་བྲག་ཡིན་པར་གསུངས། འདུལ་བ་མདོ་རྩའི་མཆན་དུ། གནོད་སྦྱིན་ནི་རྣམ་ཐོས་སྲས་ལ་སོགས་པ་ལྷའི་གནས་སུ་མཆོད་པར་བྱ་བ་གཏོར་མ་ལེན་པ་རྣམས་སོ། །ཞེས་གསུངས་པ་ལྟར། འདིའི་སྡེ་དཔོན་ཆེན་པོ་ནི་རྣམ་ཐོས་སྲས་ཡིན་ལ། དེར་འཁོར་གྱི་གཙོ་བོ་ལ་དཔེར་ན། གཞན་གྱིས་མི་ཐུབ་པ་དང་། ཛམྦྷ་ལ། གང་བ་བཟང་བོ། ནོར་བུ་བཟང་བོ། ཀུ་བེ་ར། ཡང་དག་ཤེས། འབྲོག་གནས་དང་ལྔ་རྩེན་སོགས་ཡོད་ཅིང་། ནོར་ལོངས་སྤྱོད་ཤིན་ཏུ་ཆེ་བར་བཤད་དོ།།
      དྲི་ཟ། དྲི་ཟ་ནི་ལེགས་སྦྱར་གྱི་སྐད་དུ་གྷནྡྷརྦ་ཞེས་འབོད་ཅིང་། འདོད་པའི་བར་སྲིད་དེ་སྐལ་བ་བཟང་ངན་གྱི་དྲི་ཞིམ་པ་དང་མི་ཞིམ་པ་ཟ་བའི་རྒྱུ་མཚན་གྱིས་དྲི་ཟ་ཞེས་ཐོགས་པ་ཡིན་འདུག །གཞན་དྲི་ཟ་འདི་མདོ་རྩའི་མཆན་འགྲེལ་ལས། དྲི་ཟ་ནི་ལྷ་རྣམས་ཀྱི་གླུ་དང་རོལ་མོ་བྱེད་པའི་དྲི་ཟ་བ་རྣམས་སོ། །ཞེས་གསུངས་པ་ལྟར་ལྷའི་གླུ་དང་རོལ་མོ་མཁན་ཡང་ཡིན་པ་དང་། ཀུན་མཁྱེན་མཚོ་སྣ་བའི་འདུལ་ཊཱིཀ་ཉི་མའི་འོད་ཟེར་དུ། དྲི་ཟ་ནི་ལྷའི་བྱེ་བྲག་ཏུ་གསུངས། མདོར་ན་ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱིས། དྲི་ཟ་ནི་རྒྱལ་པོ་ཡུལ་འཁོར་སྲུང་གི་འཁོར་ན་ཡོད་ཅིང་ལྷའི་པི་ཝང་མཁན་དང་། ཟས་སུ་དྲི་ཟ་བ་ཞིག་གོ། ཞེས་བཤད་པ་ལྟར་རོ།།
      ཤ་ཟ། ཤ་ཟ་ཞེས་པ་འདིའི་སྐད་དོད་ལ་ལེགས་སྦྱར་གྱི་ཡི་གེར་པི་ཤ་ཙཿཟེར་ལ། འདི་ནི་ལུས་ཤིན་ཏུ་ཕྲ་བ་ཞིག་སྟེ། འདུལ་ཊཱིཀ་ཉི་མའི་འོད་ཟེར་ལས་ཡི་དྭགས་ཀྱི་བྱེ་བྲག་ཅིག་ཡིན་པར་གསུངས། འདུལ་བ་མདོ་རྩའི་མཆན་དུའང་ཤ་ཟ་ནི་ཡི་དྭགས་ཀྱི་བྱེ་བྲག་སྟེ་ཤ་དང་ཁྲག་ཟ་བ་ནག་པོ་ཆེན་པོ་ལ་སོགས་པའོ། །ཞེས་བཀོད་འདུག །དེ་བཞིན་རྡུལ་ཁྲོད་ཀྱི་ཤ་ཟ་ནི་ཕྱག་དར་ཁྲོད་ཀྱི་འདྲེའམ་ཚུབ་མའི་འདྲེའོ་ཞེས་རྣམ་འབྱེད་འགྲེལ་བར་གསུངས། ཡང་ཤ་ཟ་ནི་མི་ལ་ཀྱལ་ཀ་བྱེད་པ་དེན་པོའམ་ཐེའུ་རང་ལྟ་བུ་ཡིན་ཞེས་བཤད་པའང་ཡོད། གང་ལྟར་ཤ་རྗེན་པར་ཟ་བ་ལ་མོས་པ་ཞིག་ཡིན་འདུག་གོ།
      ལུས་སྲུལ་པོ། ལུས་སྲུལ་པོ་ནི་ལུས་གོས་ཧྲུལ་བ་ཞིག་སྟེ། ཀུན་མཁྱེན་མཚོ་སྣ་བའི་འདུལ་ཊཱིཀ་ཉི་མའི་འོད་ཟེར་ལས་འདི་ནི་ཡི་དྭགས་ཀྱི་རིགས་ཡིན་པར་གསུངས། འདུལ་བ་མདོ་རྩའི་མཆན་དུ། ལུས་སྲུལ་པོ་ནི་ཡི་དྭགས་ཀྱི་བྱེ་བྲག་ཉིད་དེ་ལུས་ཐུང་ངུ་དྲི་ང་བ་སེག་པ་རེ་ལྡེ་ལ་སོགས་པ་གྱོན་པའོ། །ཞེས་དང་། ཆ་གསུམ་ཊཱིཀྐ་ལས་ཀྱང་། ལུས་སྲུལ་པོ་ནི་ལུས་དྲི་ང་བ་སོགས་དང་རེ་ལྡེ་གྱོན་པའི་ཡི་དྭགས་ཀྱི་བྱེ་བྲག་གོ། ཞེས་གསུངས་འདུག་གོ། དེ་བཞིན་དུ་གྲུལ་བུམ་ཡང་ཡི་དྭགས་ཀྱི་ཁོངས་སུ་གཏོགས་པར་འདུལ་ཊཱིཀ་ཉི་མའི་འོད་ཟེར་ལས་གསུངས་ལ། མཆིམས་མཛོད་ན་གཞན་གྱི་ཡིད་དྲན་མེད་དུ་སྨྱོ་བར་བྱེད་པའི་སྨྱོ་བྱེད་དང་། གཞན་གྱི་དྲན་པ་ཉམས་ཤིང་བརྒྱལ་བར་བྱེད་པའི་བརྗེད་བྱེད། མ་མོ་སོགས་ཀྱང་ཡི་དྭགས་ཀྱི་རིགས་སུ་གཏོགས་པར་གསུངས་ཡོད་དོ།།
      ཕྱོགས་སྐྱོང་། མཆིམས་འཇམ་པའི་དབྱངས་ཀྱི་མཛོད་འགྲེལ་མངོན་པའི་རྒྱན་ལས་ཕྱོགས་སྐྱོང་ཕལ་ཆེ་བ་ལྷའི་རིགས་སུ་གཏོགས་པར་གསུངས་ལ། ཀླུ་དང་ཡི་དྭགས་ཀྱི་ཁོངས་སུ་གཏོགས་པའང་ཡོད་པར་གསུངས་སོ། །དེ་བཞིན་དུ་འཇིག་རྟེན་སྐྱོང་བའང་ཕྱོགས་སྐྱོང་དང་འདྲ་བར་བཤད་དེ། ཡོངས་གྲགས་སུ་འདི་ལ་ཕྱོགས་སྐྱོང་བརྒྱད་དམ། ཕྱོགས་སྐྱོང་བཅུའམ། ཕྱོགས་སྐྱོང་བཅོ་ལྔ་སོགས་མཆིས་ནའང་གྲངས་འདྲེན་ཙམ་གོང་དུ་གླེང་ཟིན་པས་འདིར་ཡང་བསྐྱར་མ་བྲིས་སོ།།
      འབྱུང་བོ། འདི་ནི་བྱང་ཤར་ན་གནས་ཤིང་རི་རབ་ཀྱི་སྟེང་སོགས་ནའང་ཡོད་པར་བཤད་དེ། ཆ་གསུམ་གྱི་གཞུང་ལས། འབྱུང་བོ་གང་དག་རི་རབ་སྟེང་གནས་དང་། ཞེས་འབྱུང་བ་ལྟར་རྣམ་གྲངས་ཆེས་མང་བར་གསུངས་སོ།།
      བཙན། བཙན་ནི་མི་མ་ཡིན་གྱི་བྱེ་བྲག་གདུག་རྩུབ་ཧ་ཅང་ཆེ་བ་ཞིག་ཡིན་པར་བཤད་དེ། དེ་ཡང་དཀོན་མཆོག་བསྟན་འཛིན་ཞེས་པས། བཙན་རྒོད་འབར་བ་ནག་པོ་ཞེས་པ་མི་ནག་རྟ་ནག་ལག་ཏུ་བཙན་མདུང་དང་བཙན་ཞགས་བཟུང་བ། བསེ་ཁྲབ་དང་བསེ་རྨོག་གྱོན་ཅིང་། སྡང་མིག་དགྲ་ལ་བལྟ་ཞིང་མཆེ་བ་གཙིགས། བཙན་དམག་བྱེ་བ་དུང་ཕྱུར་ལ་སོགས་དངོས་མེད་ཀྱི་དམག་དཔུང་ཁྲིད་དེ་འགྲོ་བ་ལ། བཙན་རྒྱུ་བའི་ལམ་ཡོད་པར་བཤད་ཅིང་། གལ་ཏེ་ཁང་བ་སོགས་ཀྱིས་བཙན་ལམ་བཀག་ན། བཙན་མདའ་ཕོག་པ་སོགས་བཙན་གྱི་གནོད་པ་འོངས་པས་གནས་དེར་བཙན་མདོས་དང་བཙན་མཆོད་བྱེད་སྲོལ་ཡོད། ཅེས་བཤད་ལ། ཡང་ཀློང་རྡོལ་བླ་མ་རིན་པོ་ཆེས། བཙན་རྒོལ་འབར་བ་སྤུན་བདུན་ནི། གནོད་སྦྱིན་ཙིའུ་དམར་པོ། སྐྱིད་ཤོད་རྫོང་བཙན། སུམ་རིང་གྲི་བཙན། ཀང་ཀ་ནག་གི་ཀླུ་བཙན། ཙ་ལ་ཐོག་རྒྱུག་གིང་བཙན། ཧོར་བོད་ཀྱི་རྗེ་བཙན། སྐུ་ལ་ཞལ་གྱི་བཙན་རྣམས་ཡིན་ཟེར། ཡང་བཙན་རྒོད་ཡམ་ཤུད་དམར་པོ། བཙན་རོལ་བ་སྐྱ་བདུན། བོད་ཁམས་ཡོངས་ཀྱི་བཙན་ཡིན་ཟེར། ཁ་ཅིག་གིས་འགོང་པོ་སྤུན་བདུན་གྱི་ནང་ཚན་དུ་ཡོད་དེ། སྤུན་བདུན་ནི། དཀར་པོ་སྤྱན་གཅིག །གཟའ་ཐེ་ལྗང་ཁུ། བྱེ་བ་གུང་རིང། གནམ་ཐེ་དཀར་པོ། ཡམ་ཤུད་མར་པོ། ཐེ་སེ་ནག་པོ། ལེ་གུ་ལག་རིང་བདུན་ལ་བྱེད་དོ་ཟེར་རོ། །ཞེས་གསུངས་འདུག་གོ།
      བདུད། བདུད་ཅེས་པའི་སྐད་དོད་ལེགས་སྦྱར་སྐད་མ་རཱ་ཞེས་ཟེར། དེའི་དོན་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུ་དགེ་བའི་རྩ་བ་སྲོག་དང་འདྲ་བའི་བར་དུ་གཅོད་པས་ན་དེ་ལྟར་བཏགས་པ་ཡིན་ནོ། །མཆིམས་འཇམ་པའི་དབྱངས་ཀྱི་མཛོད་འགྲེལ་མངོན་པའི་རྒྱན་ལས། བདུད་ནི་ཕལ་མོ་ཆེ་ལྷ་དང་། དེ་ལས་ཉུང་ཤས་ཀླུ་དང་ཡི་དྭགས་ཀྱི་རིགས་སུ་གནས་པའང་ཡོད་པར་གསུངས། གང་ལྟར་བདུད་ཀྱི་གནས་ནི་འདོད་ལྷ་རིགས་དྲུག་གི་ནང་ཚན་གཞན་འཕྲུལ་དབང་བྱེད་ཡིན་ཟེར་ལ། དེ་ནི་སེམས་ཅན་ལ་གནོད་འཚེ་དང་དགེ་བ་ལ་བར་ཆད་བྱེད་མཁན་ཞིག་ཡིན་འདུག །ཡང་ཡོངས་གྲགས་ལྟར་བདུད་བཞི་ཟེར་བའང་ཡོད་དེ། དེ་ནི་གང་ཡིན་ཞེ་ན། ཕུང་བོའི་བདུད་དང་། ཉོན་མོངས་པའི་བདུད། ལྷའི་བུའི་བདུད། འཆི་བདག་གི་བདུད་དེ་བཞི་ལ་ཟེར་ཞིང་། དེ་ཡང་ལས་དང་ཉོན་མོངས་པས་བསྐྱེད་པའི་ཕུང་བོ་འདི་གྲུབ་ན་རང་དབང་མེད་པར་ན་བ་དང་། རྒ་བ་དང་། རྒུད་པ་ལ་སོགས་པའི་རྐྱེན་གྱིས་དགེ་བའི་བར་ཆད་བྱེད་པས་ན་ཕུང་བོའི་བདུད་དང་། འདོད་ཆགས་དང་ཞེ་སྡང་ལ་སོགས་པ་ཤེས་ཆེ་བའི་དབང་གིས་དགེ་བའི་བར་ཆད་བྱེད་པས་ན་ཉོན་མོངས་པའི་བདུད། འདོད་པའི་ཁམས་ཀྱི་ལྷའི་བུ་རྣམས་ཕྲག་དོག་གི་དབང་གིས་དགེ་བའི་བར་ཆད་བྱེད་པས་ན་ལྷའི་བུའི་བདུད། ཚེའི་འདུ་བྱེད་ཞིག་ནས་སྲོག་དང་བྲལ་ཞིང་དགེ་བ་བྱེད་པའི་རྒྱུན་གཅོད་པས་ན་འཆི་བདག་གི་བདུད་ཅེས་ཟེར་བ་ཡིན་ནོ།།
      སྲིན་པོ། སྲིན་པོ་ཞེས་པ་ལེགས་སྦྱར་གྱི་སྐད་ལ་རཱཀྵསཿཞེས་བྲིས་འདུག་སྟེ། འདི་ནི་མཆིམས་འཇམ་པའི་དབྱངས་ཀྱི་མཛོད་འགྲེལ་མངོན་པའི་རྒྱན་དུ་མིའི་བྱེ་བྲག་ཅིག་ཡིན་པར་གསུངས། ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱིས། འདི་ནི་གཙོ་བོར་ལྷོ་ནུབ་ན་གནས་ཤིང་མིའི་ཤ་ཁྲག་སོགས་ཟ་བ་ལ་དགའ་བ་འཇིགས་སུ་རུང་བའི་གཟུགས་ཅན་ནོ། །ཞེས་གསུངས་ཡོད་ལ། གང་ལྟར་ཀྱང་འདི་ནི་ལྷོ་ནུབ་རྔ་ཡབ་གླིང་སོགས་སུ་ཡོད་པའི་མིའི་བྱེ་བྲག་སྟེ། མི་ཤ་ཟ་ཞིང་མི་ཁྲག་འཐུང་ལ། རྒྱན་དུ་རུས་པ་དང་མི་མགོ་སྐམ་པོའི་ཕྲེང་བ་སོགས་འདོགས་པ། གོས་སུ་མི་ལྤགས་དང་སྟག་ལྤགས་རློན་པ་གྱོན་པ་ཞིག་ཡིན་པར་བཤད་དོ།།
      གདོན། གདོན་ཞེས་པ་ནི་ལེན་པའམ་འཛིན་པའི་དོན་ཏེ་གདོན་གྱི་སྐད་དོད་གྲ་ཧཱ་ནི་ཉེ་བར་ལེན་པ་དང་འཛིན་པ་གཉིས་ཀ་ལ་འཇུག་པར་བཤད་དེ། ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱིས། ལྷ་ནི་ཚངས་པ་དང་བརྒྱ་བྱིན་དང་ཉི་ཟླ་ལ་སོགས་པ་ཡིན་ལ། གདོན་ནི་དེ་དག་གི་འཁོར་གྱི་རིགས་རྣམས་ཀྱི་གནོད་པས་འཛིན་པ་སྟེ་གྲ་ཧཱ་ནི་འཛིན་པ་ལའང་འགྲོ་བས་སོ། །ཞེས་གསུངས་ཤིང་། འདི་ལ་ཀློང་རྡོལ་བླ་མ་རིན་པོ་ཆེས། ནག་ཕྱོགས་བདུད་རིགས་ནི། གནས་གདོན། ལུས་གདོན། ལས་གདོན་གསུམ་ལ་དྲུག་དྲུག་ཏུ་ཕྱེ་བས་གཙོ་བོའི་གདོན་བཅོ་བརྒྱད་དོ། །དེ་དག་ལོ་གཅིག་གི་ཞག་རེ་ནས་དེ་གསུམ་གསུམ་གྱིས་བར་ཆད་བརྩམས་པའི་ཆ་ནས་གདོན་རིགས་སུམ་བརྒྱ་དྲུག་ཅུའོ། །ཞེས་མ་ཅིག་གཅོད་གཞུང་ལས་བཤད་དོ། །མ་གཅོད་ལས་གཙོ་བོའི་གདོན་ཆེན་བཅོ་བརྒྱད་ངོས་འཛིན་པ་ནི། རྣམ་རྟོག་ཅན་ལྷ་འདྲེའི་གདོན་དང་པོ། རླུང་ཆེ་ཅན་རྩ་རླུང་གི་གདོན་གཉིས་པ། བསམ་རྒྱ་ཅན་ཁ་ཕྱིར་ལྟས་ཀྱི་གདོན་གསུམ་པ། ཉལ་སྣང་ཅན་ཞེན་ཆགས་ཀྱི་གདོན་བཞི་པ། གཏི་མུག་ཅན་བྱིང་རྒོད་ཀྱི་གདོན་ལྔ་པ། གཉིད་པོ་ཆེ་ལང་འཚེར་གྱི་གདོན་དྲུག་པ། སྙིང་རུས་མེད་པ་འཚེར་སྣང་གི་གདོན་བདུན་པ། གྲོད་པོ་ཆེ་ལྟོ་གདུང་གི་གདོན་བརྒྱད་པ། ཟས་སྲིད་ཅན་ཞིམ་མངར་གྱི་གདོན་དགུ་པ། མཐུན་འཇུག་ཅན་རྣམ་གཡེང་གི་གདོན་བཅུ་པ། ཞེན་ལོག་ཅན་བློ་རྒོད་ཀྱི་གདོན་བཅུ་གཅིག་པ། བཟང་འདོན་ཅན་ཟོག་པོའི་གདོན་བཅུ་གཉིས་པ། སེམས་ཞུམ་ཅན་དགེ་སྦྱོར་རྒྱང་སྐྱུར་གྱི་གདོན་བཅུ་གསུམ་པ། ཕྱི་ཤོལ་ཅན་ལེ་ལོའི་གདོན་བཅུ་བཞི་པ། ཕྱི་ཚིས་ཅན་གསོག་འཇོག་གི་གདོན་བཅོ་ལྔ་པ། ལས་ངན་ཅན་ནད་གདོན་སློང་ཚད་ཀྱི་གདོན་བཅུ་དྲུག་པ། རློམ་སེམས་ཅན་ཁྱད་གསོད་ཀྱི་གདོན་བཅུ་བདུན་པ། རེ་དོག་ཅན་ཁུ་འཁྲིག་བར་ཆད་ཀྱི་གདོན་དང་བཅོ་བརྒྱད་དོ། །བྱིས་པའི་གདོན་ཆེན་བཅོ་ལྔ་ནི། བྱིས་པ་ནི་སྐྱེས་མ་ཐག་ནས་ལོ་བཅོ་ལྔ་མ་ལོན་བར་ཏེ། དེ་ལ་གནོད་པའི་གདོན་དང་པོ་ནི། འཇམ་པ་པོ་ནི་བ་གླང་གཟུགས། །དེས་ཟིན་མིག་ནི་རབ་ཏུ་འགྱུར། །གཉིས་པ་ནི། རི་དྭགས་རྒྱལ་པོ་རི་དྭགས་འདྲ། །དེས་ཟིན་སྐྱུག་པ་མི་ཟད་སྐྱུཊ། །གསུམ་པ་ནི། སྐེམ་བྱེད་པ་ནི་གཞོན་ནུའི་གཟུགས། །དེས་ཟིན་བྱིས་པ་འགུལ་བར་བྱེད། །བཞི་པ་ནི། བརྗེད་བྱེད་པ་ནི་ཝ་འདྲ་འོ། །དེས་ཟིན་འགྲེ་ཞིང་སྒྲ་ཡང་འབྱིན། །ལྔ་བ་ནི། ཁུ་ཚུར་ཅན་ནི་བྱ་རོག་གཟུགས། །དེས་ཟིན་ཁུ་ཚུར་བཅངས་ཞིང་དགའ། །དྲུག་པ་ནི། མ་མོ་དེ་ནི་མི་ཡི་གཟུགས། །དེས་ཟིན་རྒོད་ཅིང་སྒྲ་ཡང་འབྱིན། །བདུན་པ་ནི། ཛྭ་མི་ཀ་ནི་རྟ་ཡི་གཟུགས། །དེས་ཟིན་ནུ་ཞོ་མངོན་མི་དགའ། །བརྒྱད་པ་ནི། འདོད་པ་ཅན་ནི་རྡོ་རྗེའི་གཟུགས། །དེས་ཟིན་གཉིད་ལོག་ངུ་བར་བྱེད། །དགུ་པ་ནི། ནམ་གྲུ་ཁྱི་ཡི་གཟུགས་ཀྱིས་ཏེ། །དེས་ཟིན་ལྕེ་ལ་སོས་ནི་འཆའ། །བཅུ་བ་ནི། སྲུལ་པོ་ཕག་གི་གཟུགས་ཀྱིས་སོ། །དེས་ཟིན་ཀུ་ཅོའི་སྒྲ་ཡང་འབྱིན། །བཅུ་གཅིག་པ་ནི། མ་དགའ་བྱེད་པ་བྱི་ལའི་གཟུགས། །དེས་ཟིན་སྣ་ཚོགས་གཟུགས་སུ་འགྱུར། །བཅུ་གཉིས་པ་ནི། བྱ་ནི་འདབ་ཆགས་གཟུགས་ཀྱིས་སོ། །དེས་ཟིན་མནམ་པའི་དྲི་རྣམ་འབྱུང་། །བཅུ་གསུམ་པ་ནི། གཉའ་ལག་ཅན་ནི་བྱ་ག་གཟུགས། །དེས་ཟིན་འགུལ་བ་རབ་ཏུ་འགས། །བཅུ་བཞི་བ་ནི། བཞིན་རྒྱས་འུག་པའི་གཟུགས་ཀྱིས་ཏེ། །དེས་ཟིན་རིམས་བཏབ་འཁྲུ་བར་བྱེད། །བཅོ་ལྔ་བ་ནི། མིག་འཕྱངས་པ་ནི་ཕ་ཝང་གཟུགས། །དེས་ཟིན་སྤྱི་བུང་ལྡན་པར་འགྱུར། །ཞེས་རྒྱུད་ལས་བཤད་དོ། །ཞེས་གསུངས་ཡོད་ལ། ཡང་གདུགས་དཀར་ན་གདོན་གྱི་དབྱེ་བ་མང་པོ་ཞིག་གསུངས་འདུག་ཅིང་། ཆ་གསུམ་གྱི་གཞུང་ལས། ཕྱོགས་སྐྱོང་གི་གཏོར་མའི་སྐབས་སུ། ཤར་ཕྱོགས་གདོན་གྱི་ཚོགས་བཅས་ལ། ཞེས་སོགས་ཀྱིས་ཕྱོགས་སྐྱོང་བཅུའི་འཁོར་ཕལ་མོ་ཆེ་གདོན་གྱི་རིགས་སུ་བཤད་འདུག་པ་དང་། སྡེ་བརྒྱད་དང་གདོན་གྱི་གཏོར་མའི་སྐབས་སུ། ལྷ་དང་ལྷ་མིན་གནོད་སྦྱིན་ལྟོ་འཕྱེ་གྲུལ། ཞེས་སོགས་དང་། འབྱུང་བོ་གང་དག་རི་རབ་སྟེང་གནས་དང་། ཞེས་སོགས་དང་། གདོན་རྣམས་རང་གི་གནས་སུ་དེངས། ཞེས་པས་སྡེ་བརྒྱད་ཕལ་ཆེར་འབྱུང་བོ་དང་བགེགས་རྣམས་ཀྱང་གདོན་གྱི་རིགས་སུ་བྱས་འདུག་གོ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།