རིགས་པ་དྲུག་ཅུ་པའི་ཚིག་ལེའུར་བྱས་པ་ཞེས་བྱ་བའི་འགྲེམ་བ།

རྩོམ་པ་པོ།:སློབ་དཔོན་ཟླ་བ་གྲགས་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-04-17 09:53:00 ཀློག་གྲངས།:
      ༄༅། །རྒྱ་གར་སྐད་དུ། ཡུཀྟི་ཥཥྛི་ཀ་བྲྀཏྟི། བོད་སྐད་དུ། རིགས་པ་དྲུག་ཅུ་པའི་འགྲེལ་པ།
      འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ། །རྒྱལ་བའི་རིགས་པའི་ལམ་གྱི་རྗེས་འབྲང་བ། །མཐའ་གཉིས་སེལ་བའི་རིགས་པ་དྲུག་ཅུ་པ། །གང་གིས་མཛད་པ་དེ་ལ་ཕྱག་འཚལ་ཏེ། །བདག་གིས་དབུ་མའི་ཚུལ་གྱིས་དེ་རྣམས་དབྱེ། །དེ་ལ་སློབ་དཔོན་འདི་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཇི་ལྟར་གནས་པ་བཞིན་དུ་དེ་ཁོ་ན་གཟིགས་པས་དགྱེས་པའི་ཁྱད་པར་བརྙེས་པ་སྟེ། དེ་རྟོགས་པ་ནི་དད་པ་མཆོག་གི་གནས་ཡིན་པར་མཁྱེན་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་ལས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བའི་ཚོགས་མ་ལུས་པར་འབྱུང་བ་དང་འཕགས་པའི་གང་ཟག་མ་ལུས་པར་འབྱུང་བ་དང་། སངས་རྒྱས་བཅོམ་ལྡན་འདས་ཡེ་ཤེས་སྒྲིབ་པ་མེད་པ་དང་ལྡན་པ་རྣམས་ཀྱིས་རྣམ་པ་ཐམས་ཅད་དུ་དེ་ཁོ་ན་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་ཡང་གཟིགས་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་རང་བཞིན་གྱིས་མ་སྐྱེས་པའི་ཕྱིར་སྐྱེ་བ་དང་འཇིག་པ་དང་ཡོད་པ་དང་མེད་པའི་མཐར་རྟོག་པའི་དྲི་མས་མ་གོས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ངོ་བོ་ཉིད་ཀྱིས་སྟོང་པ་ཡིན་པར་ཆེ་བ་ཉིད་ཀྱིས་བརྗོད་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་འཆད་པར་བཞེད་དེ། དེ་སྟོན་པའི་དེ་བཞིན་གཤེགས་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་ངོ་བོ་ཉིད་དང་ཐ་མི་དད་པར་གྱུར་པ་ལ། གུས་པ་སྐྱེས་ནས་དེ་ལ་ཕྱག་འཚལ་བ་རྩོམ་མོ། །གང་དག་སྐྱེ་དང་འཇིག་པ་དག །འདི་ཡི་ཚུལ་གྱིས་རབ་སྤངས་པ། །རྟེན་ཅིང་འབྱུང་བ་གསུངས་པ་ཡི། །ཐུབ་དབང་དེ་ལ་ཕྱག་འཚལ་ལོ། །ཞེས་ཕྱག་འཚལ་བ་བརྩམ་མོ། །ཅིའི་ཕྱིར་སྟོང་པ་ཉིད་བདུན་ཅུ་པ་དང་། རྩོད་པ་བཟློག་པ་ལས་སློབ་དཔོན་གྱིས་བསྟོད་པ་མ་བརྗོད་པ་དབུ་མ་འདི་ལས་བརྗོད་ཅེ་ན། སྨྲས་པ། སྟོང་པ་ཉིད་བདུན་ཅུ་པ་དང་རྩོད་པ་བཟློག་པ་གཉིས་དབུ་མ་ལས་འཕྲོས་པ་སྟེ། རང་གི་རྒྱུད་གུད་ན་མེད་པས་ལོགས་ཤིག་ཏུ་བསྟོད་པ་མ་བརྗོད་དེ། འདི་ལྟར་རྩོད་པ་བཟློག་པ་ནི། དངོས་པོ་རྣམས་ཀྱི་རང་བཞིན་ནི། །རྐྱེན་ལ་སོགས་པ་མེད་པ་སྟེ། །རང་གི་དངོས་པོ་ཡོད་མིན་ཏེ། །གཞན་གྱི་དངོས་པོ་ཡོད་རེ་སྐན། །རྩོད་པ་བཟློག་པ་ནི་དེ་ལ་བརྒལ་བ་དང་ལན་བཏབ་པར་གྱུར་པའི་ཕྱིར་དེ་ལས་འཕྲོས་པ་ཡིན་པར་མངོན་ནོ། །ཇི་ལྟར་སྒྱུ་མ་རྨི་ལམ་བཞིན། །དྲི་ཟའི་གྲོང་ཁྱེར་ཅི་འདྲ་བ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ནི་འཇིག་པར་བཤད། །སྟོང་པ་ཉིད་བདུན་ཅུ་པ་ནི་དེ་ལ་བརྒལ་བ་དང་ལན་བཏབ་པར་གྱུར་པའི་ཕྱིར་དེ་ལས་འཕྲོས་པ་ཡིན་པར་མངོན་ནོ། །རིགས་པ་དྲུག་ཅུ་པ་འདི་ནི་དབུ་མ་བཞིན་དུ་འདིར་ཡང་གཙོ་བོར་རྟེན་ཅིང་འབྲེལ་བར་འབྱུང་བ་དཔྱད་པ་ལས་བརྩམས་ཏེ་བྱས་པའི་ཕྱིར་དབུ་མ་ལས་འཕྲོས་པ་ལྟ་བུ་ནི་མ་ཡིན་ནོ། །དེ་ལ་ངོ་བོ་ཉིད་དང་དབང་ཕྱུག་ལ་སོགས་པར་སྨྲ་བ་ངོ་བོ་ཉིད་དང་དབང་ཕྱུག་དང་རང་བཞིན་དང་སྐྱེས་བུ་དང་དུས་དང་སྲེད་མེད་ཀྱི་བུ་ལ་སོགས་པ་ལས་འགྲོ་བ་རྣམས་ཀྱི་སྐྱེ་བ་དང་འཇིག་པ་ལ་སོགས་པ་ཁས་ལེན་པ་དག་ཐམས་ཅད་བཏང་བས་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་འདོད་ཀྱང་བདེན་པ་གཉིས་ཕྱིན་ཅི་མ་ལོག་པར་མཐོང་བ་ལས་ཉམས་པས་ཕྱིར་ཕྱོགས་པ་བཞིན་དུ་འཁོར་བ་རྣམ་པར་ཆད་པའི་མཚན་ཉིད་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་ཡུན་རིང་མོར་ཡང་འགྲོ་མི་ནུས་སོ། །རྟེན་ཅིང་འབྲེལ་བར་འབྱུང་བ་བསྟན་པ་རྐྱེན་ཉིད་འདི་པ་ཙམ་འདི་ནི་བདེན་པ་གཉིས་ཕྱིན་ཅི་མ་ལོག་པར་མཐོང་བའི་རྒྱུར་གྱུར་པའི་ཕྱིར་འཕགས་པའི་སྐྱེ་བོ་ཐམས་ཅད་གཤེགས་ཤིང་རྗེས་སུ་གཤེགས་པ་དང་པོ་ཟླ་མེད་པ། འདུས་བྱས་ཐམས་ཅད་ཡོངས་སུ་སྤངས་པ། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་གཅིག་ཏུ་གཞོལ་བར་འགྱུར་བའི་ཆེན་པོའོ། །དེ་བས་ན་དེ་སྟོན་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མ་ལུས་པའི་དབང་ཕྱུག་ཕུན་སུམ་ཚོགས་པ་སྟོན་པ་བླ་ན་མེད་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཐུབ་པ་རྣམས་ཀྱི་གཙོ་བོ་ཡིན་པས་ཐུབ་པའི་དབང་པོར་དགའ་བ་མ་ཡིན་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་སྟོན་པར་གྱུར་པ་ཉིད་ཀྱི་ཕྱིར་ཐུབ་པའི་དབང་པོ་ཡིན་པར་རྟོགས་ནས། རྟེན་ཅིང་འབྲེལ་འབྱུང་གསུང་བ་ཡི། །ཐུབ་དབང་དེ་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་སྨོས་སོ། །རྟེན་ཅིང་འབྲེལ་བར་འབྱུང་བ་ནི་དབང་པོ་མ་ཡིན་པ་མི་འབྱུང་ངོ་། །རྟེན་ཅིང་འབྲེལ་བར་འབྱུང་བ་གསུང་པ་ནི་ཐུབ་པའི་དབང་པོར་འགྱུར་བའི་ཕྱིར་རྒྱུའོ། །ཐུབ་པའི་དབང་པོར་གྱུར་པ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་གསུང་པའི་རྒྱུ་སྟེ། གཞན་རྟེན་ཅིང་འབྲེལ་བར་འབྱུང་བ་འཆད་ནུས་པ་མེད་པའི་ཕྱིར་རོ། །ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཐུབ་པའི་དབང་པོས་བསྟན་པ་ཉིད་ཀྱི་ཕྱིར་དེ་འཆད་ནུས་སོ། །གལ་ཏེ་གཅིག་ལ་གཅིག་ལྟོས་པའི་ཕྱིར་གཉི་ག་མི་འགྲུབ་བོ་ཞེ་ན། སྨྲས་པ་འདི་ལྟ་སྟེ་གཅིག་ལ་གཅིག་ལྟོས་པ་གཞན་ངོ་བོ་ཉིད་ཀྱིས་མི་སྐྱེ་མི་འགག་ཅེས་བྱ་བ་གང་ཡིན་པ་དེ་རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ། དེ་ཉིད་སྟོང་པ་ཉིད་དུ་སྨྲ་བ་རྣམས་འདོད་དོ། །རྟེན་ཅིང་འབྲེལ་བར་འབྱུང་བ་གསུང་བ་འབའ་ཞིག་གི་ཕྱིར་དེ་ཐུབ་པའི་དབང་པོར་གྱུར་པ་མ་ཡིན་གྱི། དངོས་པོ་རྣམས་གཅིག་ལ་གཅིག་ལྟོས་པའི་གྲུབ་པའི་ཚུལ་གསུང་བ་ན་དངོས་པོ་རྣམས་ཀྱི་སྐྱེ་བ་དང་འཇིག་པ་བཀག་པའི་ཕྱིར་རོ། །གང་གིས་ཞེས་བྱ་བ་ནི་རྒྱུ་སྟེ། དེས་ཀྱང་གཉིས་སུ་མེད་པ་སྟོན་པའི་ཕྱིར་སྟོན་པ་བླ་ན་མེད་པ་ཐུབ་པའི་དབང་པོ་མཐོང་ནས། ཐུབ་དབང་དེ་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་སྨོས་སོ། །ཡང་ན་ཐུབ་པའི་དབང་པོ་གང་གིས་རྟེན་ཅིང་འབྲེལ་བར་འབྱུང་བ་གསུང་བ་ན། རྟེན་ཅིང་འབྲེལ་པར་འབྱུང་བའི་ཚུལ་འདི་ཉིད་དོ། །རིམ་པ་འདིས་དངོས་པོ་རྣམས་ཀྱི་སྐྱེ་བ་དང་འཇིག་པ་བཀག་པས་ཐུབ་དབང་དེ་ལ་ཕྱག་འཚལ་ལོ། །ཡང་ན་གང་གིས་ཞེས་བྱ་བ་ནི་རྒྱུ་ཁོ་ན་སྟེ། གང་གི་ཕྱིར་ཐུབ་པའི་དབང་པོ་དེས་དངོས་པོ་རྣམས་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བ་སྟོན་པ་ན་རང་བཞིན་གྱིས་དངོས་པོ་རྣམས་ཀྱི་སྐྱེ་བ་དང་འཇིག་པ་བཀག་པས་ཐུབ་དབང་དེ་ལ་ཕྱག་འཚལ་ལོ། །འཇིག་རྟེན་རྣམས་ལ་ཤིན་ཏུ་ཕན་འདོགས་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ །ཡང་ན་འོག་ནས་འབྱུང་བ་ཐུབ་པའི་དབང་པོའི་གསུང་རབ་ལ་བརྟེན་ཏེ། རང་གི་སེམས་ལ་བཀོད་པ་གྲུབ་པར་མཐོང་ནས། གང་དག་སྐྱེ་དང་འཇིག་པ་དང་། །འདི་ཡི་ཚུལ་གྱིས་རབ་སྤངས་པ། །ཞེས་བྱ་བ་སྨོས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །དེའི་ཕྱིར་ཐུབ་དབང་དེ་ལ་ཕྱག་འཚལ་ལོ། །ཞེས་བྱའོ། །འདིར་སྨྲས་པ། ཁྱོད་ཀྱི་ཚིག་གི་ལུགས་འདི་ནི་སྔོན་མ་བྱུང་བ་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བ་སྨྲ་བ་ནི་སྐྱེ་བ་དང་འགག་པ་མེད་པར་སྟོན་པ་མི་རུང་སྟེ། ཁྱོད་ཀྱི་བུ་སྐྱེས་སོ་ཞེས་སྨྲ་ན་ཁྱོད་ཀྱི་བུ་མ་སྐྱེས་སོ་ཞེས་སྨྲས་པ་མ་ཡིན་པར་འགྱུར་བ་དེ་བཞིན་དུ་འདི་ཡང་མི་རིགས་སོ། །བཤད་པ། གལ་ཏེ་མ་རིག་པའི་རབ་རིབ་ཀྱིས་བློ་གྲོས་ཀྱི་མིག་ཉམས་པ་དང་སྦྱར་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་སྒྲ་ལ་རང་བཞིན་གྱིས་མི་སྐྱེ་བ་དང་མི་འགག་པའི་ཚིག་ཏུ་མི་འགྱུར་བར་བརྟག་ན་ནི་ཉེས་པ་ཅི་ཡང་མེད་ཀྱི་རྟོགས་ཤིག བྱིས་པ་ངོ་བོ་ཉིད་དུ་མངོན་པར་ཞེན་པ་རྣམས་ནི་གཟུགས་བརྙན་ལ་བྱིས་པ་ལྟ་བུར་དངོས་པོ་རྣམས་ཀྱི་རང་བཞིན་མེད་པ་ཉིད་ཡོད་བཞིན་དུ་ཡང་རྟོགས་པར་མི་ནུས་ཀྱི། མཁས་པ་རྣམས་ནི་གཟུགས་བརྙན་ལ་མཁས་པ་ལྟ་བུར་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་མེད་པར་གསལ་བར་ཁོང་དུ་ཆུད་པར་ནུས་སོ་ཞེས་བསྟན་པའི་ཕྱིར། གང་བློ་ཡོད་དང་མེད་པ་ལས། །རྣམ་པར་འདས་ཤིང་མི་གནས་པ། །དེ་དག་ཟབ་མོ་དམིགས་མེད་པའི། །རྐྱེན་གྱི་དོན་ལ་རྣམ་པར་བསྒོམ། །ཞེས་བྱ་བ་སྨོས་སོ། །གང་དག་འདས་པའི་སྲིད་པ་ན་སྟོང་པ་ཉིད་ལ་གོམས་པ་དེ་དག་རྟེན་ཅིང་འབྲེལ་བར་འབྱུང་བ་རྟོགས་ཤིང་སྟོང་པ་ཉིད་མཐོང་བའི་ས་བོན་ཡོད་པའི་ཕྱིར་མཐུ་ཆེ་བ་ཡིན་ཏེ། ད་ལྟར་གྱི་དུས་ན་སྐྱེས་པའི་གོམས་པ་མཚར་པོ་ཆེ་མེད་ཀྱང་སྐྱེ་བོ་བྱིས་པའི་བློའི་སྤྱོད་ཡུལ་མ་ཡིན་པ་ཡོད་པ་དང་མེད་པའི་མཐར་རྟོག་པས་རྙོག་པའི་དྲི་མས་མ་སྦགས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་འཕགས་པ་ཤཱ་རིའི་བུ་ལ་སོགས་པས་ཁོང་དུ་ཆུད་པར་དམིགས་ཏེ། ཇི་ལྟར་འཇིག་རྟེན་ལས་དང་ཉོན་མོངས་རྒྱུར་བྱས་བྱེད་རྒྱུ་ལྡན་འབྱུང་བ། །ལས་དང་ཉོན་མོངས་པ་དག་ལྡོག་རྒྱུ་དེ་ཡང་འདྲེན་པས་རབ་ཏུ་གསུངས། །གང་ན་སྐྱེ་དང་རྒ་དང་རྒུད་པའི་སྡུག་བསྔལ་ངེས་པར་མི་གནས་པ། །ཐར་པ་མཆོག་དེ་སྨྲ་བའི་ཁྱུ་མཆོག་དེ་ཡིས་རང་གིས་མཁྱེན་དེ་གསུངས། །ཚིགས་སུ་བཅད་པ་དེ་འཕགས་པ་ཤཱ་རིའི་བུས་ཐོས་པ་ཙམ་གྱིས་དེ་ཁོ་ན་རྟོགས་ཤིང་འབྱུང་སྟེ། དེ་བས་ན་དེ་ལྟར་སྔོན་གོམས་པའི་མཐུ་ཉིད་ཀྱིས་དེ་དག་གི་བློ་ཡོད་པ་དང་མེད་པར་མཐོང་བ་ལས་འདས་སོ། །མཐའ་གཉིས་དེ་ལས་ལྷག་པའི་དབུས་མེད་པའི་ཕྱིར་དེ་ལ་ཡང་གནས་པ་མེད་པས་མི་གནས་སོ། །སྐྱེ་བོ་བྱིས་པ་རྣམས་ལ་འཇིགས་པར་བྱེད་པ་དང་། དེ་དག་འཇུག་མི་ནུས་པའི་ཕྱིར་ཟབ་པའོ། །རང་བཞིན་གྱིས་མི་སྐྱེ་བས་ཡོད་པ་དང་མེད་པའི་མཐའ་དང་དབུས་ཡོངས་སུ་བརྟག་པའི་ཡུལ་དུ་དམིགས་པར་མི་ནུས་པའི་ཕྱིར་དམིགས་སུ་མེད་དོ། །འཕགས་པ་དེ་དག་ཀྱང་རྐྱེན་གྱི་དོན་ལ་རྣམ་པར་སྒོམ་ཞེས་བྱ་བ་ནི་ཡེ་ཤེས་མངོན་སུམ་དུ་བྱེད་ཅེས་བྱ་བའི་ཐ་ཚིག་གོ །འཕགས་པ་མ་ཡིན་པ་ཤིན་ཏུ་ཕྱིན་ཅི་ལོག་པ་དག་གིས་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་དེ་ལྟར་རྟོགས་པར་མི་ནུས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་སྒྲ་ཉིད་ཀྱིས་རང་བཞིན་གྱིས་སྐྱེ་བར་མངོན་པར་ཞེན་པས་སྟོང་པ་ཉིད་དུ་སྨྲ་བ་ལ་ཕྱིར་རྒོལ་བ་དང་དེ་བསྟན་པའི་རིགས་པ་བཙལ་བ་ལ་བརྩོན་པའི་ཕྱིར་འདིར་སྨྲས་པ། འཐད་པ་གང་གིས་རྟེན་ཅིང་འབྲེལ་བར་འབྱུང་བ་དམིགས་ཤིང་ཡོད་པ་ཡང་མེད་པར་བརྟག་ནུས་པ་གང་གི་ཕྱིར་འཕགས་པ་དག་ཡོད་པ་དང་མེད་པར་རྟོག་པ་ལས་འདས་པའི་བློས་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་ལ་རྣམ་པར་སྒོམ་པ་ཇི་ཙམ་དུ་དངོས་པོ་དམིགས་སུ་ཡོད་པ་དག་མེད་པར་མི་རུང་ངོ་། །གལ་ཏེ་མེད་དུ་ཟིན་ན་དེའི་ཚེ་བོང་བུའི་རྭ་བཞིན་དུ་དེ་ཡང་དམིགས་པར་མི་འགྱུར་རོ། །འཇིག་རྟེན་ཕ་རོལ་ནས་འདིར་འོངས་པ་དང་། འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་འགྲོ་བར་བསྟན་པ་ལས་དང་འབྲས་བུ་འབྲེལ་བར་འབྱུང་སྟེ་འཁོར་བའི་རྒྱུད་མི་འཆད་པར་བསྟན་པའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་ཚེ་རབས་གསུམ་དུ་བཤད་པ་ཡང་མི་རུང་བར་འགྱུར་རོ། །ཆོས་མངོན་པ་ལས་ཕུང་པོ་དང་སྐྱེ་མཆེད་དང་། ཁམས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་བཤད་པ་ཡང་མི་རུང་བར་འགྱུར་རོ། །དེ་དག་ཐམས་ཅད་ཇི་ལྟར་བཤད་པ་བཞིན་དུ་འདུག་སྟེ་ཡོད་ན་རུང་བས་དེའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ཡོད་པའོ། །བཤད་པ། གལ་ཏེ་ཁྱོད་ཀྱིས། ཉེས་པ་ཐམས་ཅད་འབྱུང་བའི་གནས། །མེད་པ་རྣམ་པར་བཟློག་ཟིན་གྱིས། །དེ་དག་དགག་པར་སྒྲུབ་པའི་ཁོ་བོའི་ཉོན་མོངས་པ་ཡང་ཁྱོད་ཀྱིས་བཀག་པས་ན་ཁྱོད་ཀྱིས་བྱས་ཏེ་བསྟངས་སོ། །ཡང་བདག་གིས། རིགས་པ་གང་གིས་ཡོད་པ་ཡང་། །བཟློག་པར་བྱ་བ་མཉན་པར་གྱིས། །རྟེན་ཅིང་འབྲེལ་བར་འབྱུང་བའི་སྐབས་ཡིན་པར་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པར་ཤེས་པར་བྱའོ། །ཡང་ན་མེད་པ་ཅན་ལས་དང་འབྲས་བུར་འབྲེལ་པ་ལ་སྐུར་པ་འདེབས་པས་མེད་པར་ལྟ་བ་ཁས་བླངས་པ་གང་ཡིན་པ་དེ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་མ་ལུས་པ་སུན་འབྱིན་པར་གྱུར་པས་ཉེས་པ་ཐམས་ཅད་འབྱུང་བའི་རྒྱུར་གྱུར་པ་དང་། མི་དགེ་བའི་ཆོས་ཐམས་ཅད་སོགས་པའི་རྒྱུར་གྱུར་པའི་ཕྱིར་ཉེས་པ་ཐམས་ཅད་ཀྱི་འབྱུང་གནས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཚེ་རབས་གསུམ་པ་དང་། སེམས་ཅན་ཐམས་ཅད་ཀྱི་སྤྱིའི་ལས་ཀྱིས་བསྐྱེད་པ་སྣོད་ཀྱི་འཇིག་རྟེན་སྣ་ཚོགས་རྣམ་པར་གཞོག་པ་ན། དེའི་ཆོས་མངོན་པ་ལས་རྣམ་པར་བཟློག་གོ །དེ་བས་ན་དེ་ལྟར་ཕ་རོལ་དག་ལ་གསལ་བའི་ཕྱིར་དེ་ཡང་རིགས་པ་མི་བཤད་དོ། །ཡོད་པ་བཟློག་པ་ན་དགེ་སློང་དག་འདི་ལྟ་སྟེ། མི་སླུ་བའི་ཆོས་ཅན་མྱ་ངན་ལས་འདས་པ་འདི་ནི་བདེན་པའི་མཆོག་གཅིག་པུའོ། །འདུ་བྱེད་ཐམས་ཅད་སྣོད་ཀྱི་འཇིག་རྟེན་མི་བརྫུན་པ་བསླུ་བའི་ཆོས་ཅན་ནོ། །ཀྱེ་མ་འདུ་བྱེད་རྣམས་མི་རྟག །ཅེས་བྱ་བ་ལ་སོགས་པ་བཤད་པ་ན། བཅོམ་ལྡན་འདས་ཀྱིས་གསུངས་སོ། །དེ་ལྟ་མོད་ཀྱི་དེ་ཕྱིར་ཞིང་བཏུད་དེ་གཞུང་གཅིག་ཏུ་མ་གསུངས་ལ། བྱིས་པ་དག་ཡུན་རིང་པོ་ནས་ཡོད་པར་ལྟ་བ་ལ་གོམས་པས་དེའི་ཕྱིར་ཐུབ་པའི་དབང་པོའི་གསུང་རབ་དེ་དང་དེ་དག་ལས་བཤད་པའི་གསུང་རབ་ལས་བཏུས་ཏེ། རབ་ཏུ་བྱེད་པ་འདིར་བསྡུས་པ་ཉིད་ཀྱིས།  རིགས་པ་གང་གིས་ཡོད་པ་ཡང་། །བཟློག་པར་བྱ་བ་མཉན་པར་གྱིས། །རིགས་པ་དེ་དག་གང་ཞེ་ན། དེ་བསྟན་པའི་ཕྱིར། ཇི་ལྟར་བྱིས་པས་རྣམ་བརྟགས་བཞིན། །དངོས་པོ་དེ་སྟེ་བདེན་གྱུར་ན། །དེ་དག་དངོས་མེད་རྣམ་ཐར་དུ། །གང་ཕྱིར་མི་འདོད་རྒྱུ་དེ་ཅི། །ཞེས་བྱ་བ་སྨོས་སོ། །བཅོམ་ལྡན་འདས་ཀྱིས་དེ་དོན་སོ་སོ་ཡང་དག་པར་རིག་པ་དང་། ཆོས་སོ་སོ་ཡང་དག་པར་རིག་པ་ལས་མཆོག་ཏུ་དགའ་བ་སྐྱེའོ། །རབ་ཏུ་དགའ་བ་ལས་བདེ་བ་སྐྱེའོ། །ཡིད་བདེ་བ་ལས་ལུས་ཤིན་ཏུ་སྦྱངས་པར་འགྱུར་རོ། །ལུས་ཤིན་ཏུ་སྦྱངས་པ་ལས་བདེ་བ་མྱོང་བར་འགྱུར་རོ། །བདེ་བ་ལས་སེམས་རྩེ་གཅིག་ཏུ་འགྱུར་རོ། །སེམས་རྩེ་གཅིག་པ་ལས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་པར་འགྱུར་རོ། །ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་མཐོང་བར་འགྱུར་རོ། །ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས། ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་མཐོང་ན་ཡིད་འབྱུང་བར་འགྱུར་རོ། །ཡིད་བྱུང་ན་མི་ཆགས་པར་འགྱུར་རོ། །མ་ཆགས་ན་རྣམ་པར་གྲོལ་བར་འགྱུར་ཏེ། དེ་ལྟར་ན་ཡང་དག་པར་ཇི་ལྟ་བ་བཞིན་དུ་རབ་ཏུ་མཐོང་ནས་སེམས་རྣམ་པར་གྲོལ་བར་རྣམ་པར་གཞག་གོ །གལ་ཏེ་དོན་དམ་པ་མ་རྟོགས་པ་དག་གིས་སྔོན་པོ་ལ་སོགས་པའི་དོན་དེ་དག་ཡོངས་སུ་གཅོད་པའི་རང་གི་ངོ་བོ་གང་ཡིན་པ་དེ་ཉིད་ཀྱིས་ཕྱིན་ཅི་མ་ལོག་པར་གྱུར་ན་ནི་དེའི་ཚེ་དེ་ཇི་ལྟར་སྣང་བའི་དངོས་པོའི་ངོ་བོ་ཉིད་ཀྱི་དེ་ཁོ་ན་མཐོང་བའི་ཕྱིར་དགྲ་བཅོམ་པ་དག་བཞིན་དུ་དེ་དག་དངོས་པོ་མེད་པའི་མི་སྐྱེ་བས་ལེན་པ་མེད་པའི་ཡོངས་སུ་མྱ་ངན་ལས་འདས་པས་ཐར་བར་འགྱུར་ཏེ། ཇི་ལྟར་གང་ན་ལུས་ཀྱང་ཞིག་པ་དང་། །འདུ་ཤེས་འགགས་ཤིང་ཚོར་བྲལ་བ། །འདུ་བྱེད་སྦྱོར་བ་ཀུན་སུན་འབྱིན། །རྣམ་པར་ཤེས་པ་ནུབ་གྱུར་པ། །ཞེས་གསུངས་པ་དང་། དེ་བཞིན་དུ། མ་ཞུམ་པ་ཡི་ལུས་ཀྱིས་ནི། །ཚོར་བ་དང་དུ་ལེན་པ་ན། །དེ་ཡི་སེམས་ཀྱི་རྣམ་པར་ཐར། །མྱ་ངན་འདས་པ་མར་མེ་བཞིན། །ཞེས་འབྱུང་བ་ལྟ་བུའོ། །དེ་ལྟར་བྱིས་པ་རྣམས་ཀྱང་ཡང་དག་པ་མཐོང་བའི་ཕྱིར་དགྲ་བཅོམ་པ་བཞིན་དུ་དེ་དག་ཐམས་ཅད་བཏང་བས་མྱ་ངན་ལས་འདས་པར་འདོད་པར་གྱིས་ཤིག འོན་ཏེ་དེ་དག་དགྲ་བཅོམ་པ་བཞིན་དུ་ཐམས་ཅད་མེད་པས་རྣམ་པར་གྲོལ་བར་མ་འདོད་ན། བྱིས་པ་མ་རིག་པ་ཕྱིན་ཅི་ལོག་པ་དག་གང་ལ་ཇི་ལྟར་རྟོག་པ་དེ་བཞིན་དུ་ངེས་པར་མི་འགྱུར་ཏེ། དེ་བས་ན་དེ་དག་གི་ཡོད་པར་ལྟ་བ་ནི་དེ་ཁོ་ན་མཐོང་བར་མི་འགྱུར་རོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ལྕེ་དང་ལུས་དང་སེམས་ཀྱང་ཚད་མ་མིན། །གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན། །འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ། །འདི་ལྟར་དབང་པོ་འདི་དག་ཚད་མིན་ཏེ། །ངོ་བོ་ཉིད་ཀྱི་བེམས་པོ་ལུང་མ་བསྟན། །དེ་ཕྱིར་མྱ་ངན་འདས་པའི་ལམ་འདོད་གང་། །དེས་ནི་འཕགས་པའི་ལམ་གྱི་བྱ་བ་བྱོས། །ཞེས་གསུངས་སོ། །དེ་སྐད་དུ། འདི་དག་འདུ་བྱེད་ལོག་པས་བརྟགས་པ་སྟེ། །ཡང་དག་མིན་ལ་ཡང་དག་ཡོད་ལ་མེད། །མ་བྱུང་བ་དང་མ་སྐྱེས་ཆོས་རྣམས་ལ། །ཡང་དག་ཉིད་དང་འབྱུང་བ་ལོག་པར་བརྟགས། །ཤེའོ། །དེ་དག་ཇི་ལྟར་ཡང་དག་པར་མཐོང་བ་མ་ཡིན་ཞེ་ན། ཡང་དེ་ཉིད་ལས། གང་ཚེ་འདུས་བྱས་འདུས་མ་བྱས། །ཡང་དག་ཡང་དག་མ་ཡིན་དང་། །རབ་འབྲིང་ཐ་མའི་ཆོས་རྣམས་ལ། །རྣམ་པ་ཀུན་ཏུ་སྤྱོད་པ་མེད། །བརྟན་པ་བུད་མེད་ཅེས་མི་སྤྱོད། །སྐྱེས་པ་ཞེས་ཀྱང་མི་རྟོག་སྟེ། །ཆོས་སོ་ཅོག་ནི་མ་སྐྱེས་ཕྱིར། །བཙལ་བར་བྱས་ཀྱང་མ་མཐོང་ངོ་། །ཆོས་འདི་ཐམས་ཅད་མེད་པ་སྟེ། །སྐྱེ་བ་མེད་ཅིང་འབྱུང་བའང་མེད། །རྟག་ཏུ་སྟོང་པ་བྱེད་མེད་གནས། །འདི་ནི་མཁས་པའི་སྤྱོད་ཡུལ་ཡིན། །ཞེས་གསུངས་སོ། །དེ་ལྟར་མཐོང་བ་ནི་ཁོ་ན་མཐོང་བ་སྟེ། དེ་ཡང་བྱིས་པ་རྣམས་ལ་མེད་དོ། །དེའི་ཕྱིར་དེ་ཁོ་ན་མཐོང་བ་མ་ཡིན་པས་དེ་དག་རྣམ་པར་ཐར་པར་མི་གཞག་གོ །གང་གི་ཕྱིར་དེ་ལྟར་མེད་པར་ལྟ་བ་དེ་ཉེས་པ་ཐམས་ཅད་ཀྱི་འབྱུང་གནས་ཏེ། ངན་པར་འགྲོ་བའི་འབྲས་བུ་དང་མི་བདེ་བ་མྱོང་བའི་འབྲས་བུ་ཡང་ཡིན་པ་ལྟར། ཡོད་པར་ལྟ་བ་ཡང་སྐྱེ་བོ་བྱིས་པ་རྣམས་དང་འདྲིས་པ་བདེ་འགྲོའི་འབྲས་བུ་དང་། ཚེ་རབས་ཐམས་ཅད་བདེ་བ་མྱོང་བའི་འབྲས་བུ་སྟེ། དེ་ལྟ་བས་ན་ལྟ་བ་གཉིས་འཁོར་བའི་འབྲས་བུ་ཡིན་པས་རིགས་པ་དང་འགལ་ལོ། །ཡོད་པས་རྣམ་པར་མི་གྲོལ་ཏེ། །མེད་པས་སྲིད་པ་འདི་ལས་མིན། །གང་གི་ཕྱིར་མི་གཙང་བས་མི་གཙང་བ་བཀྲུ་བར་མི་འགྱུར་བ་དེའི་ཕྱིར་འཁོར་བའི་མི་གཙང་བ་འབྱུང་བར་འགྱུར་བའི་རྒྱུ་ལྟ་བ་འདི་གཉིས་ཀྱིས་སྲིད་པ་ལས་འདའ་བའི་མཚན་ཉིད་རྣམ་པར་གྲོལ་བར་ཐོབ་པར་མི་ནུས་སོ། །གལ་ཏེ་དེ་ལྟར་ཡོད་པ་དང་མེད་པར་ལྟ་བ་ནི་ཕུང་པོ་ཁམས་དང་སྐྱེ་མཆེད་ལས་རྣམ་པར་གྲོལ་བར་མི་འགྱུར་ན། རྣལ་འབྱོར་པ་དག་ལྟ་བ་གང་གིས་རྣམ་པར་གྲོལ་བར་འགྱུར་ཞེ་ན། དངོས་དང་དངོས་མེད་ཡོངས་ཤེས་པས། །བདག་ཉིད་ཆེན་པོ་རྣམ་པར་གྲོལ། །ཞེས་བྱ་བ་སྨོས་པ་ཡིན་ཏེ། དངོས་པོ་ལ་མ་བརྟེན་པར་དངོས་པོ་མེད་པར་མི་འགྲུབ། དངོས་པོ་དང་དངོས་པོ་མེད་པར་གཉིས་ཀ་རང་གི་ངོ་བོར་གྲུབ་པ་མེད་པར་གནས་སོ། །དེ་གཉིས་དངོས་པོ་མེད་པར་ཡོངས་སུ་ཤེས་པ་དངོས་པོ་དང་དངོས་པོ་མེད་པའི་རང་གི་ངོ་བོ་ལ་སོགས་ཡོངས་སུ་མི་རྟོག་པའི་རང་བཞིན་གང་ཡིན་པ་དེ་ནི་དེ་ལྟར་དངོས་པོ་དང་དངོས་པོ་མེད་པ་ཕྱིན་ཅི་མ་ལོག་པར་ཡོངས་སུ་ཤེས་པ་སྟེ། དེ་ལྟར་ཡོངས་སུ་ཤེས་པ་དེས་བདག་ཉིད་ཆེན་པོ་རྣམས་ཀྱིས་རྣམ་པར་གཞག་གོ །དེའི་ཕྱིར་དེ་དག་སྐྱེ་བོ་བྱིས་པ་རྣམས་ལས་ཤིན་ཏུ་འདས་པ་དམིགས་པ་མེད་པའི་ཡེ་ཤེས་ལ་གནས་པས་དེ་དག་ཉིད་ཆེ་བའི་ཕྱིར་བདག་ཉིད་ཆེན་པོ་ཞེས་བྱ་སྟེ། འཕགས་པ་ཞེས་བརྗོད་དོ། །དངོས་པོ་དང་དངོས་པོ་མེད་པའི་མཚན་མ་ལ་རྟོག་པ་ལས་བྱུང་བའི་འདོད་ཆགས་ལ་སོགས་པ་ནི་ཁམས་གསུམ་ལས་མི་འདའ་བའི་རྒྱུར་གྱུར་པས་བྱིས་པ་རྣམས་ནི་འཆིང་བ་སྟེ། དེས་བྱིས་པ་དག་འཇུག་པ་ལ་རང་དབང་མེད་པར་བྱས་ནས་འགྲོ་བ་ལྔར་འཁོར་བ་ན་འཁོར་རོ། །དངོས་པོ་དང་དངོས་པོ་མེད་པ་མི་དམིགས་པ་ནི་དེའི་མཚན་མ་རྟོག་པ་མེད་པའི་ཕྱིར་མི་སྐྱེ་བས་ངེས་པར་འདོད་ཆགས་ལ་སོགས་པའི་རྒྱུན་ཆད་དོ། །དེ་དག་རྒྱུན་ཆད་པས་རྣམ་པར་གྲོལ་བར་འགྱུར་བས་ན། འདི་ཉིད་རྣམ་པར་གྲོལ་བའི་ཐབས་སུ་རིགས། འདིར་སྨྲས་པ། དངོས་པོ་དང་དངོས་པོ་མེད་པ་དག་ནི་ཡོད་དོ། །གལ་ཏེ་དེ་དག་མེད་དུ་ཟིན་ན་དེའི་ཚེ་ཁྱོད་ཀྱི་འཁོར་བ་དང་མྱ་ངན་ལས་འདས་པ་ཡང་མེད་པར་འགྱུར་རོ། །འཁོར་བ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའི་རང་གི་ངོ་བོ་ཡིན་པས་དངོས་པོའི་ངོ་བོ་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དེ་དག་ཉིད་ལས་ཉོན་མོངས་པས་འཕངས་ནས། འགྲོ་བ་རྣམས་སུ་འགྲོ་བ་ནས་འགྲོ་བ་གཞན་དུ་འགྲོ་བའི་ཕྱིར། འཁོར་བ་ཞེས་བྱ་བས་ན་དེ་ཡང་ཡོད་དོ། །དེ་ཡོད་པས་ན་དངོས་པོ་ཡོད་པ་ཉིད་དོ། །མྱ་ངན་ལས་འདས་པ་ཐར་པ་ནི་འཁོར་བ་ཟད་པའི་རང་བཞིན་ཏེ། སྡུག་བསྔལ་གྱིས་མི་སྐྱེ་བས་དེའི་དངོས་པོ་མེད་པའོ། །དེ་བས་ན་འཁོར་བ་མེད་པའི་དངོས་པོ་མྱ་ངན་ལས་འདས་པ་ཡང་སྲིད་དེ་ཡོད་དོ། །བཤད་པ། གལ་ཏེ་འཁོར་བ་དང་མྱ་ངན་ལས་འདས་པ་དེ་གཉིས་ཡོད་ན་ནི་དངོས་པོ་དང་དངོས་པོ་མེད་པ་གཉིས་ཀྱང་ཡོད་པར་འགྱུར་བ་ཞིག་ན། དེ་གཉིས་ནི་མེད་དོ། །འོ་ན་དེ་གཉིས་ཡོད་ཅེས་བཅོམ་ལྡན་འདས་ཀྱིས་མ་གསུངས་སམ། འདི་ལྟར་འཁོར་བ་ཡོངས་སུ་ཟད་པར་བྱ་བ་དང་། མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཕྱིར་ཡང་ཆོས་བསྟན་ཏོ། །གལ་ཏེ་དེ་དག་མེད་ན་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་བསྟན་པ་ཡང་དོན་མེད་པར་འགྱུར་བ་ཞིག་ན་དོན་མེད་པ་ནི་མ་ཡིན་ནོ། །དེ་བས་ན་འཁོར་བ་དང་མྱ་ངན་ལས་འདས་པ་ཡོད་པས་དངོས་པོ་དང་དངོས་པོ་མེད་པ་གཉིས་ཀྱང་གྲུབ་བོ། །བཤད་པ། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་བཤད། སྨྲས་པ་འཕགས་པ་རྣམས་ལའོ། །གལ་ཏེ་འཕགས་པ་རྣམས་ལ་ནི། གལ་ཏེ་འཕགས་པར་གྱུར་ཟིན་པ་རྣམས་ལ་དེ་བཤད་པར་སེམས་ན་ནི་དེ་དག་དེ་བཤད་པ་གང་གིས་འཕགས་པ་རྣམས་སུ་འགྱུར། དེ་ལྟར་ན་འོ་ན་ནི་འཕགས་པར་འགྱུར་བའི་ཕྱིར་དེ་བསྟན་ཏོ། །གལ་ཏེ་དེ་ལྟ་ན་དེ་ཐོས་པ་དང་སེམས་པ་ལ་སོགས་པའི་རིམ་གྱིས་འཕགས་པར་འགྱུར་བས་འདི་ནི་འཕགས་པ་མ་ཡིན་པ་རྣམས་ཀྱི་ཆེད་དུ་གྱུར་ཏོ། །འཕགས་པ་མ་ཡིན་པ་དེ་དག་ནི་ཐོག་མ་མེད་པ་ཅན་གྱི་འཁོར་བ་ན་དངོས་པོར་ལྟ་བ་ལ་གོམས་པས་དེའི་གཉེན་པོར་འཁོར་བ་ལྡོག་པའི་མཚན་ཉིད་ཆོས་ཤིན་ཏུ་བཟང་པོ་མྱ་ངན་ལས་འདས་པ་མ་བསྟན་ན། དངོས་པོར་ཆགས་པ་ལས་བཟློག་པར་མི་ནུས་སོ། །འཇིག་རྟེན་ནི་བདེ་བ་རྒྱ་ཆེན་པོ་དང་ལྡན་པར་འདོད་པས་དེ་ལ་དེ་ཉེ་བར་བསྟན་ན་བདེ་བ་ལས་ཀྱང་བཟློག་པར་ནུས་ན། རབ་ཏུ་སྡུག་བསྔལ་ལ་སོགས་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་བས་ན་མྱ་ངན་ལས་འདས་པ་དེ་བསྟན་ཏེ། དེ་སྐྱེ་བོ་བྱིས་པ་རྣམས་ཀྱི་ཆེད་དུ་གྱུར་པ་ཉིད་ཡིན་པར་བསྟན་པའི་ཕྱིར། ཡང་དག་མ་མཐོང་འཇིག་རྟེན་དང་། །མྱ་ངན་འདས་པ་རློམ་སེམས་ཏེ། །ཞེས་སྨོས་སོ། །དེ་ཁོ་ན་མ་མཐོང་བ་ནི་འཁོར་བ་ཞེས་བརྗོད་པ། འཇིག་རྟེན་དང་དེ་ལྡོག་པ་ཞེས་བརྗོད་པ་མྱ་ངན་ལས་འདས་པ་འདི་གཉིས་ལ་མི་མཐུན་པའི་ཕྱོགས་དང་གཉེན་པོའི་དངོས་པོར་གནས་ཤིང་གཅིག་ནི་བླང་གཅིག་ནི་དོར་བར་སེམས། དེ་དེའི་ཕྱིར་ཏེ་སྐྱེ་བོ་འཁོར་བ་ལ་རྒྱབ་ཀྱིས་བལྟ་བར་འགྱུར་ཞིང་དེ་ལྡོག་པ་ལ་མོས་པ་སྐྱེས་པ་དག་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་བསྟན་པས་སྤང་བར་བྱ་བའི་སྐྱེ་བ་མེད་པར་བདེ་བར་རྟོགས་པར་ནུས་སོ། །དངོས་པོ་སྐྱེ་བ་མེད་པར་རྟོགས་ན་དངོས་པོ་མེད་པ་ལ་ཅི་ཞིག་གི་དངོས་པོ་མེད་པ་མྱ་ངན་ལས་འདས་པར་བརྟག་ཅེས་མྱ་ངན་ལས་འདས་པ་ལ་མངོན་པར་ཆགས་པ་ཡང་བདེ་བར་སྤོང་ནུས་སོ། །དེ་ལྟར་དེ་ཁོ་ན་ཉིད་མཐོང་ལ་ཞུགས་ནས་འཕགས་པར་གྱུར་པ་དེ་ནི། ཡང་དག་མཐོང་བས་འཇིག་རྟེན་དང་། །མྱ་ངན་འདས་པར་རློམ་སེམས་མེད། །འཕགས་པ་ངོ་བོ་ཉིད་མི་དམིགས་པའི་ཆོས་རྟོགས་པས་རབ་ཏུ་ཕྱེ་བ་རྣམས་ནི་དེ་གཉི་ག་མི་དམིགས་ཤིང་མི་རྟོག་གོ་ཞེས་བྱ་བར་དགོངས་སོ། །དེ་བས་ན་བྱིས་པའི་སྐྱེ་བོའི་རྟོག་པའི་དབང་དུ་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཡོད་དོ་ཞེས་བསྟན་པས་དངོས་པོ་དང་དངོས་པོ་མེད་པ་གཉིས་ཡོད་དོ་ཞེས་གང་སྨྲས་པ་དེ་རིགས་པ་མ་ཡིན་ནོ། །གལ་ཏེ་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་འཕགས་པ་ལ་བསྟན་པ་མ་ཡིན་ན། འཕགས་པའི་བདེན་པ་བཞི་པོ་དེ་དག་བསྟན་པ་དེ་ཇི་ལྟར་རུང་བར་འགྱུར། གལ་ཏེ་འདི་དག་འཕགས་པ་རྣམས་ལ་བདེན་པ་ཡིན་ན་ནི་དེའི་ཚེ་འཕགས་པའི་བདེན་པ་རྣམས་ཞེས་བྱར་རུང་ངོ་། །གལ་ཏེ་དེ་དག་འཕགས་པ་མ་ཡིན་པ་དང་སྦྱར་ན་ནི་དེའི་ཚེ་འཕགས་པའི་བདེན་པ་ཞེས་བྱར་མི་རུང་ངོ་། །གལ་ཏེ་དེ་ལྟ་ན་འཕགས་པའི་ཐ་སྙད་བརྒྱད་ཀྱང་ཇི་ལྟར་རུང་བར་འགྱུར། དེ་དག་ནི་འཕགས་པ་ཉིད་ཀྱི་མ་ཡིན་གྱི། ཐ་སྙད་དེ་དག་ཟག་པ་དང་བཅས་པས་འཇིག་རྟེན་གྱི་ཡིན་ནོ། །དེ་བས་ན་འཇིག་རྟེན་གྱི་དངོས་པོ་ལ་ཡང་གང་ཇི་ལྟར་གནས་པ་བཞིན་དུ་རང་གི་ངོ་བོ་ལས་མི་བསྒྱུར་བར་རྣམ་པར་གཞག་པ་དེ་ཡང་འཕགས་པ་ཞེས་བརྗོད་དུ་རུང་ངོ་། །ཡང་ན་འཕགས་པར་འགྱུར་བའི་བདེན་པ་རྣམས་ནི་འཕགས་པའི་བདེན་པ་རྣམས་སོ། །གང་ལ་དམིགས་པ་ཡོད་པ་ཡང་དམིགས་པ་དེ་ནི་རྣམ་པ་གཉིས་ཏེ། དེ་ལ་ཕྱིན་ཅི་ལོག་དང་ཕྱིན་ཅི་མ་ལོག་པའོ། །དེ་ལ་ཕྱིན་ཅི་ལོག་ནི་བདེ་བ་ལ་སོགས་པར་འཛིན་པ་སྟེ། ཀུན་རྫོབ་ཏུ་ཡང་དེའི་བདག་ཉིད་དུ་དངོས་པོ་རྣམ་པར་མི་གནས་པའི་ཕྱིར་རོ། །ཕྱིན་ཅི་མ་ལོག་པ་ནི་སྡུག་བསྔལ་བ་ལ་སོགས་པ་སྟེ། དངོས་པོ་ཀུན་རྫོབ་ཏུ་ཡང་དེའི་བདག་ཉིད་དུ་དངོས་པོ་རྣམ་པར་མི་གནས་པའི་ཕྱིར་རོ། །ཕྱིན་ཅི་མ་ལོག་པ་ནི་སྡུག་བསྔལ་བ་ལ་སོགས་པ་སྟེ། དངོས་པོ་ཀུན་རྫོབ་ཏུ་དེའི་བདག་ཉིད་དུ་ཡོད་པའི་ཕྱིར་རོ། །དེ་ཙམ་ཞིག་དང་སྦྱར་ནས་འཕགས་པའི་ཐ་སྙད་ཅེས་བྱ་བ་བཞིན་དུ་འཕགས་པའི་བདེན་པ་རྣམས་ཞེས་བྱའོ། །ཅི་མྱ་ངན་ལས་འདས་པ་ཡང་ཀུན་རྫོབ་ཀྱི་བདེན་པ་ཡིན་ནམ། དེ་དེ་བཞིན་ཏེ། འཁོར་བར་ཡོངས་སུ་རྟོག་པ་ཡོད་ན་མྱ་ངན་ལས་འདས་པར་ཡོངས་སུ་རྟོག་སྟེ། དེ་གཉི་ག་ཡང་འཇིག་རྟེན་གྱི་ཐ་སྙད་ཡིན་པའི་ཕྱིར་རོ། །དེ་བས་ན་བཅོམ་ལྡན་འདས་མ་ལས་གསུངས་པ། ཚེ་དང་ལྡན་པ་རབ་འབྱོར་མྱ་ངན་ལས་འདས་པ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ་ཞེས་སྨྲའམ། ཤཱ་རིའི་བུ་མྱ་ངན་ལས་འདས་པ་བས་ཆེས་ལྷག་པའི་ཆོས་ཤིག་ཡོད་ན་ཡང་སྒྱུ་མ་ལྟ་བུའོ་ཞེས་ཁོ་བོ་སྨྲའོ་ཞེས་འབྱུང་ངོ་། །གལ་ཏེ་དེ་འཁོར་བར་རྟོག་པ་ལ་ལྟོས་པ་མ་ཡིན་ན་དེ་སྒྱུ་མ་ལྟ་བུར་མི་འགྱུར་རོ། །དེ་བས་ན་མྱ་ངན་ལས་འདས་པ་ཡང་ཀུན་རྫོབ་ཀྱི་བདེན་པར་ཡོངས་སུ་བརྟགས་པ་ཡིན་ནོ། །གལ་ཏེ་དེ་ལྟར་ན་མྱ་ངན་ལས་འདས་པ་དོན་དམ་པའི་བདེན་པའོ་ཞེས་ཇི་སྐད་དུ་བཤད། དེའི་བདག་ཉིད་དུ་འཇིག་རྟེན་ལ་མི་སླུ་བའི་ཕྱིར་འཇིག་རྟེན་གྱི་ཐ་སྙད་ཀྱིས་དོན་དམ་པའི་བདེན་པ་ཞེས་བཤད་དོ། །སླུ་བ་འདུས་བྱས་གང་ཡིན་པ་དེ་ནི་དོན་དམ་པའི་བདེན་པ་མ་ཡིན་ནོ། །བདེན་པ་གསུམ་ནི་འདུས་བྱས་ཀྱི་མཚན་ཉིད་དེ་ངོ་བོ་ཉིད་ཡོད་པར་སྣང་བས་བྱིས་པ་རྣམས་ལ་སླུ་བའི་ཕྱིར་ཀུན་རྫོབ་ཀྱི་བདེན་པར་རྣམ་པར་གཞག་གོ །འོ་ན་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་འདི་ལྟ་སྟེ། མི་སླུ་བའི་ཆོས་ཅན་མྱ་ངན་ལས་འདས་པ་འདི་ནི་བདེན་པའི་མཆོག་གཅིག་པུའོ་ཞེས་གསུངས་པ་དེ་ཇི་ལྟ་བུ། ཇི་ལྟར་འདུས་བྱས་ལོག་པར་སྣང་བས་བྱིས་པ་རྣམས་ལ་སླུ་བ་དེ་བཞིན་དུ་མྱ་ངན་ལས་འདས་པ་ནི་དེ་ལྟ་མ་ཡིན་ཏེ། རྟག་པར་སྐྱེ་བ་མེད་པའི་རང་གི་ངོ་བོར་གནས་པའི་ཕྱིར་དེ་ནི་བྱིས་པ་རྣམས་ལ་འདུས་བྱས་ལྟར་སྐྱེ་བའི་ངོ་བོར་ནམ་ཡང་མི་སྣང་ངོ་། །དེ་བས་ན་མྱ་ངན་ལས་འདས་པ་ནི་རྟག་ཏུ་མྱ་ངན་ལས་འདས་པ་ཉིད་དུ་གནས་པས་འཇིག་རྟེན་གྱི་ཐ་སྙད་ཀྱིས་དོན་དམ་པའི་བདེན་པ་ཞེས་བཤད་དོ། །འཕགས་པ་དོན་དམ་པ་གཟིགས་པ་ལ་གནས་པ་རྣམས་ནི་འཁོར་བའམ་མྱ་ངན་ལས་འདས་པ་མི་དམིགས་ཏེ་དེའི་ཕྱིར་ཡང་དག་མཐོང་བ་འཇིག་རྟེན་དང་མྱ་ངན་ལས་འདས་པར་རློམ་སེམས་མེད་ཅེས་བྱ་བ་གྲུབ་བོ། །ཅིའི་ཕྱིར་འཕགས་པ་དོན་དམ་པ་གཟིགས་པ་ལ་གནས་པ་དག་འཁོར་བའམ་དོན་དམ་པ་དམིགས་པར་མི་འགྱུར་ཞེ་ན། འདི་ལྟར། སྲིད་པ་དང་ནི་མྱ་ངན་འདས། །དེ་གཉིས་ཡོད་པ་མ་ཡིན་ནོ། །སྲིད་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ཏེ། དེ་དག་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར་གཟུགས་བརྙན་བཞིན་དུ་ངོ་བོ་ཉིད་ཀྱིས་མེད་པའོ། །དེ་དག་མེད་ན་དེའི་དངོས་པོ་མེད་པ་ཡང་ཤིན་ཏུ་མེད་པའི་ཕྱིར་དེ་གཉིས་ཡོད་པ་མ་ཡིན་ནོ་ཞེས་བཤད་དོ། །མེད་པ་མཐོང་བ་ནི་དེ་ཁོ་ན་མཐོང་བ་མ་ཡིན་ཏེ་རབ་རིབ་ཅན་ལ་སོགས་པས་ཀྱང་དེ་ཁོ་ན་མཐོང་བར་ཐལ་བར་འགྱུར་བའི་ཕྱིར་རོ། །འཕགས་པ་རྣམས་ནི་དེ་ཁོ་ན་གཟིགས་པ་ཡིན་ཏེ། མེད་པའི་རང་གི་ངོ་བོ་གཟིགས་པས་མི་འོས་སོ། །གལ་ཏེ་མྱ་ངན་ལས་འདས་པ་ཅི་ཡང་མེད་པ་ཞིག་ཡིན་ན། འཕགས་པ་རྣམས་མྱ་ངན་ལས་འདས་པ་ཐོབ་བོ་ཞེས་རྣམ་པར་གཞག་པ་དེ་ཇི་ལྟ་བུ་ཞེ་ན། སྲིད་པ་ཡོངས་སུ་ཤེས་པ་ནི། །མྱ་ངན་འདས་ཞེས་བརྗོད་པ་ཡིན། །ཞེས་བྱ་བ་སྨོས་སོ། །སྲིད་པ་དེ་ཉིད་ཀྱི་ངོ་བོ་ཉིད་སྐྱེ་བ་མེད་པ་ཡོངས་སུ་མི་ཤེས་པའི་ཚུལ་གྱིས་ཡོངས་སུ་ཤེས་པ་གང་ཡིན་པ་དེ་ཉིད་མཚན་མ་ཐམས་ཅད་རབ་ཏུ་ཞི་བའི་ངོ་བོ་ཡིན་པས་ཐ་སྙད་ཀྱི་བདེན་པ་དང་སྦྱར་ནས་མྱ་ངན་ལས་འདས་པ་ཞེས་བྱ་བ་རང་གི་ངོ་བོར་གྲུབ་པ་ནི་གང་ཡང་མེད་པར་ཤེས་པར་བྱའོ། །ཇི་ལྟར་མི་རྟག་པ་ཉིད་དངོས་པོ་མེད་པའི་ངོ་བོ་རང་བཞིན་གྱིས་ཡོངས་སུ་གྲུབ་པ་མེད་པ་དེ་དངོས་པོ་ལ་མ་ལྟོས་པར་ངོ་བོ་ཉིད་ཀྱིས་ཡོངས་སུ་གྲུབ་པར་རྣམ་པར་གཞག་མི་ནུས་པ་དེ་བཞིན་དུ་མཁས་པ་ཡང་སྒྱུ་མ་བྱས་པ་ལྟ་བུའི་དངོས་པོ་ལ་མ་ལྟོས་པར་མྱ་ངན་ལས་འདས་པ་ཞེས་བྱ་བ་རང་བཞིན་གྱིས་གྲུབ་པ་གང་ཡང་ཡོངས་སུ་བརྟག་པར་མི་ནུས་སོ་ཞེས་བསྟན་པའི་ཕྱིར། དང་པོ་སྐྱེས་པ་ཞིག་པ་ལ། ཇི་ལྟར་འགོག་པ་བརྟག་པ་བཞིན། །དེ་བཞིན་སྒྱུ་མ་བྱས་པ་ལྟར། །མཁས་པ་དག་གིས་འགོག་པར་དགོངས། །ཞེས་བྱ་བ་སྨོས་སོ། །ཇི་ལྟར་དངོས་པོ་སྐྱེས་པའི་མི་རྟག་པ་ཉིད་དེ་མེད་པར་གྱུར་པས་རྣམ་པར་གཞག་པས་རང་གི་ངོ་བོར་གྲུབ་པ་མེད་དོ། །ཡོད་པ་ཞིག་ཡིན་ན་ནི་དངོས་པོ་ལ་མི་ལྟོས་པར་རང་གི་ངོ་བོ་མཐོང་བར་འགྱུར་རོ། །དེ་བཞིན་དུ་འཕགས་པ་ཡང་འགོག་པ་ཞེས་བྱ་བ་རང་གི་ངོ་བོར་གྲུབ་པ་གང་ཡང་མི་དམིགས་ཏེ། ཤེས་རབ་ཀྱིས་རྣམ་པར་དཔྱད་ན། སྒྱུ་མ་བྱས་པའི་གླང་པོ་ཆེ་ལྟར་ངོ་བོ་ཉིད་མེད་པ་རང་བཞིན་གྱིས་མ་སྐྱེས་པ་གང་ཡིན་པ་དེ་མྱ་ངན་ལས་འདས་པའོ། །དེ་ཡང་སྒྱུ་མ་བྱས་པ་ལྟ་བུ་ཞེས་བྱ་བ་དེ་ཉིད་ལ་བརྟེན་ནས་མྱ་ངན་ལས་འདས་པར་རྣམ་པར་གཞག་པ་ན། འཇིག་རྟེན་གྱི་ཐ་སྙད་ཀྱིས་མི་རྟག་པ་ཉིད་རྣམ་པར་འཇོག་གོ །དེས་ན་འཁོར་བ་དང་མྱ་ངན་ལས་འདས་པ་ཞེས་བྱ་བ་ངོ་བོ་ཉིད་མེད་པར་གྲུབ་བོ། །དེ་ལྟར་ན་དངོས་པོའི་ངོ་བོ་ཉིད་ཡོངས་སུ་ཤེས་ནས་མི་དམིགས་པ་གང་ཡིན་པ་དེ་ཉིད་མྱ་ངན་ལས་འདས་པར་གདོན་མི་ཟ་བར་ཤེས་པར་བྱའོ། །དེ་བཞིན་དུ་ན། རྣམ་པར་འཇིག་པས་འགོག་འགྱུར་གྱི། །འདུས་བྱས་ཤེས་པས་མ་ཡིན་ནོ། །དེ་ནི་སུ་ལ་མངོན་སུམ་འགྱུར། །ཞིག་ཅེས་པ་དེ་ཇི་ལྟ་བུ། །གལ་ཏེ་སྒྱུ་མ་བྱས་པ་བཞིན་དུ་ཆོས་ཐམས་ཅད་མི་དམིགས་པའི་དུས་ན་སྐྱེ་བ་མེད་པ་གང་ཡིན་པ་དེ་མྱ་ངན་ལས་འདས་པ་མ་ཡིན་གྱི། གཟུགས་ལ་སོགས་པའི་རང་གི་ངོ་བོའི་མཚན་ཉིད་དངོས་པོའི་རང་བཞིན་རྒྱུ་རྐྱེན་ལས་དང་ཉོན་མོངས་པ་དང་མི་ལྡན་པས་ཕྱིས་མི་སྐྱེ་བ་གང་ཡིན་པ་དེ་མྱ་ངན་ལས་འདས་པ་སྙམ་དུ་སེམས་ན་གལ་ཏེ་དེ་ལྟར་གྱུར་ན་དངོས་པོའི་རང་གི་ངོ་བོའི་མཚན་ཉིད་ཞིག་ནས་རྒྱུན་ཆད་པའི་ཚུལ་གྱིས་མྱ་ངན་ལས་འདས་པར་གྱུར་ཏེ། འདུས་བྱས་ཡོངས་སུ་ཤེས་པས་ནི་མ་ཡིན་པར་འགྱུར་རོ། །གལ་ཏེ་འདི་ཉིད་འདོད་པ་ཡིན་པས་ན་ཉེས་པ་མེད་དོ་ཞེ་ན་ཡང་འདི་འཐད་པ་མ་ཡིན་ཏེ། འདི་ལྟར་དེ་ཁོ་ན་མཐོང་བས་འགོག་པ་མངོན་སུམ་དུ་བྱ་དགོས་ན་འགོག་པ་དེ་ལྟ་བུ་དེ་ནི་ཕུང་པོ་མ་འགགས་པའི་ཚེ་ནི་མེད་པ། འགགས་ནས་ནི་རྒྱུ་ཡང་མེད་ན་འགག་པ་དེ་སུ་ལ་མངོན་སུམ་དུ་འགྱུར། ཕུང་པོའི་རྒྱུན་ཡོད་པའི་དུས་ན་ནི་དེ་ཁོ་ན་མཐོང་བའི་དུས་གང་ཟག་འཕགས་པ་ཤཱ་རིའི་བུ་ལ་སོགས་པ་ཡོད་པས་འགོག་པ་དེ་མངོན་སུམ་ཞེས་བྱ་བ་དེ་རིགས་སོ། །གལ་ཏེ་དེའི་ཚེ་དེས་ཅི་མཐོང་ན་དེའི་ཚེ་ཅི་ཞིག་དེ་ལ་མངོན་སུམ་དུ་འགྱུར། བཤད་པ། མ་མཐོང་དུ་ཟིན་ཀྱང་རྣམ་པར་ཤེས་པས་དེའི་རྣམ་པར་རིག་པས་མངོན་སུམ་དུ་ཞེས་གདགས་སོ། །གཞན་དག་གིས་ཀྱང་ཡུལ་རང་གི་མཚན་ཉིད་ཀྱི་རྣམ་པ་དང་མཐུན་པས་སྔོན་པོ་ལ་སོགས་པར་སྣང་བའི་རྣམ་པར་ཤེས་པ་གཞན་ཡང་མངོན་སུམ་དུ་བསྟན་ཏོ། །འདི་ལ་ཡང་དེ་དང་མཐུན་པ་ཡོད་པས་དེ་མངོན་སུམ་ཞེས་བྱ་བ་དེ་འགལ་བ་མེད་དོ། །སྡུག་བསྔལ་འགོག་པ་མངོན་སུམ་དུ་འགྱུར་ཞེས་བྱ་བར་དངོས་པོའི་རང་གི་མཚན་ཉིད་ནི་མངོན་སུམ་གྱི་ཡུལ་ཡིན་པར་ཁས་བླངས་པས་དངོས་པོ་མེད་པ་ནི་མངོན་སུམ་གྱི་ཤེས་པས་རིག་པར་མི་རུང་སྟེ། སྡུག་བསྔལ་འགོག་པ་ནི་མངོན་སུམ་དུ་མི་འདོད་ན་འགོག་པ་ཤེས་པས་འགོག་པའི་བདེན་པས་ཇི་ལྟར་མངོན་སུམ་དུ་བྱ། སྡུག་བསྔལ་མི་སྐྱེ་ཙམ་ཡང་དངོས་པོའི་ངོ་བོར་མི་རུང་ངོ་། །གང་སྡུག་བསྔལ་མི་སྐྱེ་ཙམ་འགོག་པ་ཡིན་པར་མི་འདོད་ཀྱང་སྡུག་བསྔལ་མི་སྐྱེ་ཙམ་ལས་དོན་གཞན་དུ་གྱུར་པའི་འགོག་པ་རང་གི་ངོ་བོས་གྲུབ་པ་བསྟན་པར་མི་ནུས་སོ། །འགོག་པ་ཤེས་པ་ཟག་པ་མེད་པ་ནི་མངོན་སུམ་དུ་འདོད་ན། དེ་ཡང་དེ་ལྟར་གྱུར་པས་དེ་ནི་མངོན་སུམ་དུ་མི་འགྱུར་རོ། །གལ་ཏེ་འགོག་པ་ཤེས་པ་མངོན་སུམ་དུ་གྱུར་ན་ནི་དེའི་ཚེ་དེས་ཡོངས་སུ་བཅད་པའི་འགོག་པ་ཡང་འགགས་པས་མངོན་སུམ་ཉིད་དུ་ཁྱོད་ཀྱི་གཞུང་ལྟར་ན་ཀོ་བུམ་པ་ཤེས་པ་མངོན་སུམ་དུ་མི་འདོད་ན་སྔོན་པོ་ལ་སོགས་པ་ལྟར་བུམ་པ་མངོན་སུམ་དུ་མི་རུང་བ་དེ་བཞིན་དུ་འགོག་པ་ཡང་མི་འགྱུར་རོ། །རྣལ་འབྱོར་པ་རྣམས་ཀྱི་བླ་མས་བསྟན་པ་ལས་སྐྱེས་པ་རྣམ་པར་རྟོག་པ་དང་མ་འདྲེས་པ་གཅིག་ཏུ་ཡུལ་སྒྲོ་བཏགས་པ་མེད་པ་དོན་ཙམ་མཐོང་བ་གང་ཡིན་པ་དེ་ཡང་འགག་པ་ལ་མི་སྲིད་དོ། །རང་གི་མཚན་ཉིད་དངོས་པོར་ཡོད་པ་གང་ཡིན་པ་དེ་ཉིད་སྤྱིའི་མཚན་ཉིད་ཀྱིས་གོམས་པར་བྱས་ན་ནི་རིམ་གྱིས་བསྒོམས་པ་ལས་བྱུང་བའི་ཡེ་ཤེས་སྐྱེ་ཞེས་གྲགས་ཏེ། རྣམ་པར་མི་རྟོག་པའི་ཡེ་ཤེས་དེའི་གཟུང་བའི་དངོས་པོ་གང་ཡིན་པ་དེ་ཡང་སྒྲོ་བཏགས་པ་མེད་པའི་ངོ་བོ་ཡིན་པས་ན་རང་གི་མཚན་ཉིད་ཁོ་ནའོ། །འདི་ལྟར་མི་རྟག་པ་ཉིད་ཁོང་དུ་ཆུད་ན་ཐོག་མ་དང་ཐ་མའི་ཕྱོགས་ཀྱིས་སྟོང་པ་དངོས་པོ་ཙམ་ཁོང་དུ་ཆུད་དོ། །དེ་བས་ན་དེ་ཡང་ཡུལ་གྱི་རང་གི་མཚན་ཉིད་ཡིན་པས་སྔོན་པོ་ལ་སོགས་པ་ཙམ་ལ་དམིགས་པའི་རྣམ་པར་ཤེས་པ་བཞིན་དུ་མངོན་སུམ་ཉིད་དོ་ཞེ་ན། འོན་ཀྱང་དཔྱོད་ན་རང་དང་སྤྱིའི་མཚན་ཉིད་ཐ་དད་པར་ཁས་བླངས་པས་སྤྱིའི་མཚན་ཉིད་ཀྱི་རྣམ་པ་ལ་སྒོམ་པའི་སྦྱོར་བ་གྲུབ་པའི་ངོ་བོའི་ཡུལ་རང་གི་མཚན་ཉིད་དུ་མི་འཐད་དེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་དེའི་ཚིག་དེ་འབྲེལ་བ་མེད་དོ། །དེ་ལྟར་ཡིན་གྱིས་ཀྱང་འགོག་པ་ལ་ནི་སྡུག་བསྔལ་ལྡོག་པའི་ངོ་བོའི་དངོས་པོའི་བག་ཙམ་ཡང་མེད་པས་འགོག་པ་ཤེས་པའི་མངོན་སུམ་དུ་ག་ལ་འགྱུར་ཏེ། དེ་ལྟ་བས་ན་གསུང་རབ་ལས་སྡུག་བསྔལ་མི་སྐྱེ་བར་ཤེས་པ་ནི་མངོན་སུམ་མོ་ཞེས་འབྱུང་བས་སྐྱེ་བ་མེད་པའི་ངོ་བོ་དེ་ལ་ཤེས་པས་སྐྱེས་པར་བྱེད་མི་སྲིད་དེ། གདོན་མི་ཟ་བར་སྐྱེ་བ་མེད་པའི་ཚུལ་དུ་བྱེད་པར་འགྱུར་རོ། །དེ་ལྟར་ན་གལ་ཏེ་དམིགས་པ་བཞིན་དུ་ཤེས་པ་ཡང་སྐྱེ་བ་མེད་པའི་ངོ་བོ་ཡིན་ན་ནི་ཤེས་པ་དེ་དམིགས་པ་ཇི་ལྟ་བ་བཞིན་པས་ཞུགས་པར་རུང་ངོ་། །འཇིག་རྟེན་ན་ཡང་རྣམ་པ་དེ་ལྟ་བུས་མངོན་སུམ་ཞེས་བརྗོད་དོ། །འདི་ལྟར་མགྲོན་པོ་ཞིག་གིས་རང་གི་མདུན་ལོགས་ན་ཡུལ་ཆུ་རབ་ཏུ་དྭངས་པ་ཆེན་པོས་གང་བ་འདྲ་བ་ཞིག་རྒྱང་རིང་པོ་ནས་མཐོང་བ་དང་། དེ་རྒལ་བར་འདོད་ལ་ཉམས་ཀྱིས་མི་ནུས་ཤིང་སྐྲག་པས་ཡུལ་ནས་འོངས་པའི་ཞིང་པ་ཞིག་ལ་ཆུ་འདི་ཇི་ཙམ་ཞེས་སྨྲས་པ་དང་། དེས་དེ་ལ་འདི་ན་ཆུ་ག་ལ་ཡོད་ཆུ་འདྲ་འདི་ནི་སྨིག་རྒྱུའོ། །དེ་སྟེ་ངའི་ཚིག་ལ་ཡིད་མི་ཆེས་ན་དེར་སོང་ལ་ལྟོས་ཤིག་དང་ངའི་ཚིག་ནི་མངོན་སུམ་དུ་འགྱུར་རོ་ཞེས་སྨྲས་པ་ན། དེ་ཆུ་མེད་པར་བསྟན་པས་རང་གི་ཚིག་ཀྱང་མགྲོན་པོ་ལ་མངོན་སུམ་དུ་འགྱུར་རོ་ཞེས་སྨྲས་པ་དེ་བཞིན་དུ་མེད་པ་དང་མི་དམིགས་པ་ཡང་འཇིག་རྟེན་མངོན་སུམ་ཞེས་ཐ་སྙད་འདོགས་ཏེ་དེའི་ཕྱིར་འཇིག་རྟེན་གྱི་ཀུན་རྫོབ་ཀྱི་བདེན་པས་མི་དམིགས་པའི་ཤེས་པ་ལ་མངོན་སུམ་ཞེས་བྱ་བ་འགལ་བ་མེད་དོ། །ཤེས་པ་བྱེད་པར་གྱུར་པ་གང་གིས་དངོས་པོ་གང་གི་དོན་ཇི་ལྟ་བ་བཞིན་དུ་ཡོངས་སུ་གཅོད་པ་དེ་དེའི་མངོན་སུམ་ཞེས་བྱ་བས་ན་ལུང་དེ་རིགས་པ་ཡིན་ནོ། །དེ་ལ་ཕུང་པོའི་རྒྱུན་ཆད་པའི་ངོ་བོ་ལ་ནི་གང་ཡང་མེད་ན་འགོག་པ་དེ་སུ་ལ་མངོན་སུམ་དུ་འགྱུར་རོ། །གང་སྐྱེ་བ་ཟད་དོ་ཚངས་པར་སྤྱོད་པར་བསྙེན་ཏོ། །བྱ་བ་བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་བྱ་བ་འདི་ལ་སྐྱེ་བ་ཟད་པའི་ཤེས་པ་གང་ཡིན་པ་དེ་ཡང་མི་རུང་སྟེ། དངོས་པོ་འགའ་ཞིག་སྐྱེ་བ་མེད་ན་དངོས་པོ་ཟད་དོ་ཞིག་གོ །ཡང་མི་སྐྱེའོ་ཞེས་བྱ་བར་ཡང་འགྱུར་ན། ཇི་སྲིད་དུ་དེའི་རྒྱུ་དང་རྐྱེན་གྱིས་འཕངས་པའི་ཕུང་པོའི་རྒྱུན་འབྱུང་བ་དེ་སྲིད་དུ་དེ་ལ་སྐྱེ་བ་ཡོད་པས་ན་དེ་ཟད་པར་ཁོང་དུ་ཆུད་པར་མི་ནུས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་བྱ་བའི་ཚིག་ལས་དྲངས་ཏེ། གལ་ཏེ་མ་འོངས་པའི་སྐྱེ་བ་མ་མཐོང་བས་དེ་སྐད་ཅེས་བྱའོ་ཞེ་ན། ཡང་དེ་ལྟ་ཡིན་དུ་ཟིན་ན་དེའི་དུས་ན་དེའི། གལ་ཏེ་ཕུང་པོ་མ་འགགས་ན། །ཉོན་མོངས་ཟད་ཀྱང་འདས་མི་འགྱུར། །མདོ་ལས་ནི་ཕུང་པོ་འགགས་ན་མྱ་ངན་ལས་འདས་པ་ཞེས་གསུངས་ཏེ། སྡུག་བསྔལ་འདི་མ་ལུས་པར་སྤངས་པ། རབ་ཏུ་བཏང་བ་བྱང་བར་གྱུར་པ། ཟད་པ་འདོད་ཆགས་དང་བྲལ་བ། འགོག་པ་ཉེ་བར་ཞི་བ་ནུབ་པ། སྡུག་བསྔལ་གཞན་གྱིས་མཚམས་མི་སྦྱོར་ཞིང་ཕྱིས་མི་སྐྱེ་བ་གང་ཡིན་པ་དེ་ཉིད་ཞི་བ། དེ་ཉིད་གྱ་ནོམ་པ་སྟེ། འདི་ལྟ་སྟེ། ཕུང་པོ་ཐམས་ཅད་རབ་ཏུ་བཏུང་བ། སྲིད་པ་ཟད་པ། འདོད་ཆགས་དང་བྲལ་བ། འགོག་པ་མྱ་ངན་ལས་འདས་པའོ་ཞེས་འབྱུང་བ་ཡིན་ཏེ། དེ་ལ་མདོ་སྡེ་ལས་སྡུག་བསྔལ་འདི་ཞེས་བྱ་བའི་ཚིག་གིས་ནི་ད་ལྟར་ཉིད་ཀྱི་སྡུག་བསྔལ་དབང་དུ་བྱས་ཏེ། མ་ལུས་པར་སྤངས་པ་ནས་ནུབ་པར་གྱུར་པའི་བར་དུ་གསུངས་སོ། །མ་འོངས་པའི་སྡུག་བསྔལ་གྱི་དབང་དུ་བྱས་ཏེ། སྡུག་བསྔལ་གཞན་གྱིས་མཚམས་མི་སྦྱོར་ཞེས་བྱ་བ་ནས་མྱ་ངན་ལས་འདས་པ་ཟད་དོ་ཞེས་བྱ་བའི་ཚིག་ནི་ད་ལྟར་ཉིད་ཀྱི་མི་སྐྱེ་བར་བསྟན་པའོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་བྱ་བའི་ཚིག་ནི་མ་འོངས་པའི་སྡུག་བསྔལ་དང་སྦྱར་བར་ངེས་སོ། །ད་ལྟར་གྱི་དུས་ན་ཡང་དེའི་ཕུང་པོ་དེ་དགག་པ་མེད་ན་ནི་དེ་མྱ་ངན་ལས་འདས་པ་ཡང་མི་མཐོང་། གལ་ཏེ་སྡུག་བསྔལ་གྱི་ངོ་བོ་ཉིད་སྐྱེ་བ་མེད་པ་མཐོང་བ་དེའི་ཚེ་ན་སྐྱེ་བ་དེ་མི་དམིགས་པས་སྡུག་བསྔལ་ཟད་པ་ཉིད་དུ་འགྱུར་ན། གཞན་དེ་དག་ནི་དེ་ལྟར་མི་འདོད་པས་དེའི་ཚེ་མྱ་ངན་ལས་འདས་པར་མི་འགྱུར་རོ། །ཅི་སྟེ་བཅོམ་ལྡན་འདས་ཀྱིས་མྱ་ངན་ལས་འདས་པ་ནི་གཉིས་སུ་གསུངས་ཏེ་ཕུང་པོའི་ལྷག་མ་དང་བཅས་པ་དང་། ཕུང་པོའི་ལྷག་མ་མེད་པ་ཡིན་ཏེ་དེའི་ཕུང་པོའི་ལྷག་མ་དང་བཅས་པ་ནི་ཕུང་པོ་ཙམ་དུ་ཟད་དོ། །ཉོན་མོངས་པའི་འཆིང་བ་ལས་གྲོལ་བ་ཡིན། ཕུང་པོ་ལྷག་མ་མེད་པ་ནི་ཕུང་པོའི་རྒྱུན་ཆད་པའི་མཚན་ཉིད་ཡིན་པས་ཕུང་པོ་དང་བཅས་པའི་མྱ་ངན་ལས་འདས་པ་ལ་འདོད་ཆགས་ལ་སོགས་པའི་འཆིང་བ་སྤངས་ཀྱང་མྱ་ངན་ལས་འདས་པར་མི་འདོད་དོ་སྙམ་དུ་སེམས་ན་ནི་འོ་ན་མདོ་སྡེ་ལས་རྗེས་བཟླས་ཞེས་བྱ་བའི་མདོ་སྡེ་འདི་ནི། ཤཱ་རིའི་བུ་ཡིས་མྱ་ངན་འདས། །མངོན་སུམ་བྱས་ནས་བཤད་པ་ཡིན། །ཞེས་འབྱུང་བ་ཇི་ལྟར་བཤད། དེ་ནི་ཉོན་མོངས་པ་མེད་པ་མངོན་སུམ་དུ་བྱ་བའི་དབང་དུ་བྱས་ནས་གསུངས་པར་ངེས་ཀྱི་ཕུང་པོ་དང་བྲལ་བ་ནི་མ་ཡིན་ནོ་ཞེས་བྱ་བ་ན་ཡང་གལ་ཏེ་དེ་ལྟ་ཡིན་དུ་ཟིན་ན་གང་སྡུག་བསྔལ་འདི་མ་ལུས་པར་སྤངས་ཤིང་རབ་ཏུ་བཏང་ཞེས་བྱ་བ་ལ་སོགས་པ་འདི་དག་བཤད་པར་མི་འགྱུར་གྱི། གལ་ཏེ་ཉོན་མོངས་པ་དེ་དག་མ་ལུས་པར་སྤངས་པ་ནས་ནུབ་པར་འགྱུར་ཞེས་བྱ་བའི་བར་དུ་དེ་སྐད་གསུངས་པའི་རིགས་སོ། །སྡུག་བསྔལ་ཞེས་སྨོས་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་བསྡུས་པར་མངོན་ཏེ། འདིར་སྡུག་བསྔལ་དང་ཀུན་འབྱུང་བ་དང་། འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ཀྱི་རྣམ་གྲངས་སུ་གཞག་པའོ། །གལ་ཏེ་དེ་སྐད་བྱུང་དུ་ཟིན་ཀྱང་སྤྱིར་སྨྲོས་པའི་སྒྲ་ཕྱོགས་གཅིག་ལ་བྱ་བའང་ཡོད་དེ། འདི་ལྟར་ཉོན་མོངས་པ་རྣམས་ཉིད་ལ་སྡུག་བསྔལ་ཞེས་བྱའོ་ཞེས་ཟེར་ན་ཡང་ཅིའི་དོན་དང་སྦྱར་དུ་རུང་བ་མེད་ན་ནི་དེ་དེ་ལྟར་འགྱུར་བ་ཞིག་ན་ནམ་ཉེ་བར་ལེན་པའི་ཕུང་པོ་ལྔ་རྣམས་ཀྱི་ངོ་བོ་ཉིད་སྐྱེ་བ་མེད་པར་མཐོང་བ་སྲིད་པ་དེ་ན་སྤྱིའི་སྒྲ་ཕྱོགས་གཅིག་ལ་འཇུག་ཅེས་བྱར་མི་རུང་ངོ་། །དེ་སྟེ་ཡང་ཕུང་པོ་ལ་མངོན་པར་ཞེན་པ་མི་གཏོང་ལ་དོན་འདི་ཁས་མི་ལེན་ན་དེ་ལྟ་ན་ཡང་དེའི་ཉོན་མོངས་པ་སྐྱེ་བ་མེད་པའི་མཚན་ཉིད་ཀྱང་མྱ་ངན་ལས་འདས་པར་མི་འགྱུར་རོ། །གལ་ཏེ་དེའི་ཚེ་སྡུག་བསྔལ་སྐྱེ་བ་མེད་པའི་ངོ་བོ་མྱ་ངན་ལས་འདས་པར་མི་འདོད་ན་དེའི་ཚེ་འདོད་ཆགས་ལ་སོགས་པའི་བཅིང་བ་བཅད་པས་ཉོན་མོངས་པ་མེད་པར་གྱུར་ཀྱང་དེའི་ཚེ་འཇིག་ཚོགས་ལ་ལྟ་བ་ལ་སོགས་པའི་རྒྱུ་ཡོད་པར་དམིགས་པ་དང་། དེ་ལ་དམིགས་པས་འདོད་ཆགས་ལ་སོགས་པ་བསྐྱེད་པའི་ཕྱིར་དེས་རྣམ་པར་གྲོལ་བ་གང་ཡིན་པ་དེ་ཡང་འཐོབ་པར་མི་འགྱུར་ཏེ། དེ་བས་ན་དེའི་དུས་ན་གྲོལ་བར་ཁས་བླང་དུ་མི་རུང་ངོ་། །ཕུང་པོ་རྣམས། གང་ཚེ་དེ་ཡི་དེ་འགགས་པ། །དེ་ཡི་ཚེ་ན་གྲོལ་བར་འགྱུར། །ཞེས་བྱར་མི་རུང་ངོ་། །ཕུང་པོ་དམིགས་པས་རྒྱུ་དེ་ལས་བྱུང་བ་ཉོན་མོངས་པ་རྒྱུན་མི་འཆད་པའི་ཕྱིར་དེའི་ཕུང་པོ་རྣམས་འགགས་པ་དེ་ཡང་མི་སྲིད་དོ། །ཉོན་མོངས་པ་རྣམས་ཀྱང་ཡོད་ལ། རྒྱུ་དེ་ལས་བྱུང་བའི་ལས་ཀྱིས་འཕངས་པ་ཡང་ཡོད་ན། རྒྱུ་ཉོན་མོངས་པ་དང་ལས་ལས་བྱུང་བའི་སྐྱེ་བའི་རྒྱུན་མཐར་ཐུག་པ་མེད་པར་འགྱུར་བའི་ཕྱིར་དེའི་ཕུང་པོ་རྣམ་པར་ཆད་པའི་མཚན་ཉིད་ཐར་པ་མི་སྲིད་དོ། །དེ་བས་ན་སྐྱེ་བ་ཟད་དོ་ཞེས་པ་མ་འོངས་པའི་ཕུང་པོ་དང་སྦྱར་བའི་ཤེས་པ་དེ་ཡང་མི་སྲིད་པས་ཞིག་ཅེས་པ་དེ་ཇི་ལྟ་བུ་ཞེས་བྱ་བ་སྨོས་སོ། །དེའི་ཕྱིར་དེ་དེ་ལྟར་ཇི་སྐད་སྨྲས་པ་རིགས་པས་ངོ་བོ་ཉིད་ཡོད་པར་སྨྲ་བ་ལ་རྣམ་པར་གྲོལ་བ་ཡེ་མི་སྲིད་པར་བསྟན་ནས་སྟོང་པ་ཉིད་དུ་སྨྲ་བ་ལ་རྣམ་པར་གྲོལ་བ་སྲིད་པ་བསྟན་པའི་ཕྱིར། མ་རིག་རྐྱེན་གྱིས་བྱུང་བ་ལ། །ཡང་དག་ཤེས་པས་རྣམ་བརྟགས་ན། །སྐྱེ་བ་དང་ནི་འགག་པའང་རུང་། །གང་ཡང་དམིགས་པར་མི་འགྱུར་རོ། །ཞེས་བྱ་བ་སྨོས་སོ། །མ་རིག་པ་ཡི་རྐྱེན་གྱིས་བྱུང་། །ཞེས་བྱ་བ་ལ་མ་རིག་པ་ནི་འདུ་བྱེད་དང་རྣམ་པར་ཤེས་པ་ལ་སོགས་པའི་དོན་གྱིས་མངོན་སུམ་དང་གཅིག་ནས་གཅིག་ཏུ་བརྒྱུད་པའི་རྐྱེན་ཏོ། །མ་རིག་པའི་རྐྱེན་ལས་བྱུང་བ་འདུ་བྱེད་ལ་སོགས་པའི་དོན་གལ་ཏེ་རང་གི་མཚན་ཉིད་དུ་གྲུབ་པར་གྱུར་ན་དེ་རང་གི་མཚན་ཉིད་དུ་གྲུབ་པའི་ཕྱིར་མ་རིག་པ་ལ་མི་ལྟོས་སོ། །རང་གི་མཚན་ཉིད་དུ་གྲུབ་པ་བུམ་པ་ལ་སོགས་པ་ནི་རང་གི་ངོ་བོ་ལ་སྒྲིབ་པ་མུན་པ་མེད་ན་ཤིན་ཏུ་གསལ་བར་དམིགས་སོ། །རྐྱེན་གྱི་བྱེ་བྲག་དག་དང་ལྡན་པས་རབ་རིབ་ཅན་གྱིས་ཡོངས་སུ་བརྟགས་པ་སྐྲ་ལ་སོགས་པའི་དངོས་པོར་ཤེས་པ་ནི་ཇི་ལྟ་ཇི་ལྟར་རང་གི་ངོ་བོ་མེད་པར་འགྱུར་ཏེ། རྣམ་པར་བྱང་བའི་མིག་ཅན་དག་ལ་ནི་སྣང་བར་མི་འགྱུར་རོ། །དེ་ལྟར་རྣམ་པར་བཏགས་པའི་མཚན་ཉིད་དུ་གྲུབ་པ་ནི་སྒྲ་ཡང་དག་པ་ལ་སོགས་པ་བཞིན་དུ་ཡོད་པར་གཞག་མི་ནུས་སོ། །དེ་བཞིན་དུ་འདུ་བྱེད་ལ་སོགས་པ་འདི་དག་ཀྱང་གལ་ཏེ་རང་གི་མཚན་ཉིད་དུ་གྲུབ་པར་གྱུར་ན་དེའི་ཚེ་བདེན་པའི་དོན་གཏན་ལ་ཕབ་པ་ལས་སྐྱེས་པ་འཕགས་པ་ཡང་དག་པའི་ཡེ་ཤེས་ཅན་རྣམས་ཀྱིས་ཀྱང་རང་གི་མཚན་ཉིད་གཞིག་ཏུ་མི་རུང་བ་གཟིགས་པས་བུམ་པ་ལ་སོགས་པ་སྣང་བ་དང་བཅས་པ་བཞིན་དུ་དམིགས་ཤིང་ཡུལ་དུ་འགྱུར་བའི་རིགས་ན་མ་རིག་པ་འགགས་པས་འདུ་བྱེད་འགག་གོ་ཞེས་བྱ་བའི་ཚིག་གིས་དེ་ལྟར་ཡང་མི་འགྱུར་རོ། །དེའི་ཕྱིར་ཡང་དག་པའི་ཡེ་ཤེས་ཤར་བ་ན་རབ་རིབ་ཅན་གྱིས་དམིགས་པའི་སྐྲ་ལ་སོགས་པ་འདི་དག་ལྟར་རང་གི་མཚན་ཉིད་མི་སྣང་བས་རང་གི་མཚན་ཉིད་ཡོད་པ་གཞག་མི་ནུས་སོ། །ནམ་ཞིག་འདི་ལྟར་མ་རིག་པའི་རྐྱེན་ལས་བྱུང་བ་འདུ་བྱེད་ལ་སོགས་པ་ལ་རབ་རིབ་མེད་པ་ཅན་རྣམས་ལྟར་ཡང་དག་པའི་ཡེ་ཤེས་ཀྱིས་བརྟགས་ན་དེ་རབ་རིབ་ཅན་གྱིས་དམིགས་པའི་སྐྲ་ལ་སོགས་པ་བཞིན་དུ་ཡང་དག་པའི་ཡེ་ཤེས་ཀྱི་དུས་ན་འདུ་བྱེད་ལ་སོགས་པའི་སྐྱེ་བ་འགག་པ་གང་ཡང་ངེས་པར་མི་དམིགས་སོ། །རྟེན་ཅིང་འབྲེལ་བར་འབྱུང་བ་གང་ཡིན་པ་འདི་ཡི་སྐྱེ་བ་དང་འགག་པ་མི་དམིགས་པའི་ཡེ་ཤེས་ཀྱི་དུས་ན། མཐོང་བའི་ཆོས་ལ་མྱ་ངན་འདས། །བྱ་བ་བྱས་པའང་དེ་ཉིད་དོ། །ཚེ་འདི་ཉིད་ལ་རྣལ་འབྱོར་པ་དེའི་ཆོས་ཐམས་ཅད་མི་དམིགས་པའི་ཡེ་ཤེས་ཀྱི་དུས་གང་ཡིན་པ་དེ་ཉིད་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པའོ། །བྱ་བ་བྱས་པ་ཉིད་ཁོ་ན་བྱ་བ་བྱས་པ་ཉིད་ཅེས་བྱའོ། །སྐྱེ་བ་དང་འགག་པ་མི་དམིགས་པའི་ཡེ་ཤེས་ཀྱི་དུས་གང་ཡིན་པ་དེ་ཉིད་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་དང་བྱ་བ་བྱས་པ་ཞེས་བྱ་བར་ཤེས་པར་བྱ་སྟེ། ལུང་དག་ལས་དགེ་སློང་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་ཞེས་གསུངས་པ་དང་འཕགས་པ་ཤཱ་རིའི་བུས་མྱ་ངན་ལས་འདས་པ་མངོན་སུམ་དུ་བྱས་ཏེ། མདོ་འདི་བཤད་དོ་ཞེས་འབྱུང་བ་དེ་ཉིད་དེའི་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་ཡིན་པར་བལྟའོ། །སྐྱེ་བ་ཟད་དོ། །ཚངས་པར་སྤྱོད་པ་བསྙེན་ཏོ། །བྱ་བ་བྱས་སོ། །འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་གང་གསུངས་པ་དེ་ཡང་བྱ་བ་བྱས་པ་འདི་ཉིད་ཡིན་པར་རིག་པར་བྱ་སྟེ། དེ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་སྐྱེ་བ་མེད་པའོ། །ཅི་སྟེ་ཞེས་པ་འདི་རྟེན་ཅིང་འབྲེལ་བར་འབྱུང་བའི་སྐྱེ་བ་དང་འགག་པ་མི་དམིགས་པའི་མཚན་ཉིད་དེ་ཁོ་ན་བོར་ཏེ། དམིགས་པའི་དངོས་པོ་རང་གི་མཚན་ཉིད་ཀྱི་ངོ་བོ་ཞིག་ཡོད་པར་ཡོངས་སུ་རྟོག་ན་དངོས་པོ་རྣམས་ནི་ཕན་ཚུན་ཐ་དད་པའི་རང་གི་ངོ་བོ་ཡིན་པས་དེ་ངེས་པར་དེས་བྱེ་བྲག་ཏུ་ཡོངས་སུ་གཅད་དགོས་པར་འགྱུར་ཏེ། ངོ་བོ་གཞན་ཡོངས་སུ་ཤེས་པས་དངོས་པོའི་ངོ་བོ་གཞན་ཡོངས་སུ་གཅད་པར་མི་ནུས་སོ། །སྔོན་པོའི་ངོ་བོ་ཤེས་པས་སེར་པོ་ཡོངས་སུ་གཅོད་མི་ནུས་པ་དེ་བཞིན་དུ་འདི་ལ་ཡང་། ཆོས་ཤེས་དེ་ཡི་འོག་ཏུ་ནི། །འདི་ལ་བྱེ་བྲག་དབྱེ་ཡོད་ན། །ཤིན་ཏུ་ཕྲ་བའི་དངོས་ལ་ཡང་། །གང་གིས་སྐྱེ་བར་རྣམ་བརྟགས་པ། །རྣམ་པར་མི་མཁས་དེ་ཡིས་ནི། །རྐྱེན་ལས་བྱུང་བའི་དོན་མ་མཐོང་། །དེ་ལ་ཆོས་ཞེས་བྱ་བའི་སྒྲ་ནི་མྱ་ངན་ལས་འདས་པ་ལ་བྱའོ། །དེ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བའི་ངོ་བོ་ཉིད་ལས་གཞན་མ་ཡིན་ཏེ། མདོ་སྡེ་ལས་ཀྱང་སུས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ་ཞེས་ཇི་སྐད་འབྱུང་བ་ཡིན་ནོ། །རྟེན་ཅིང་འབྲེལ་བར་འབྱུང་བ་དེ་དང་མྱ་ངན་ལས་འདས་པ་ཐ་མི་དད་པའི་རང་བཞིན་དུ་གྱུར་པར་ཡོངས་སུ་གཅོད་པའི་ཤེས་པ་གང་ཡིན་པ་དེ་ཆོས་ཤེས་པའོ། །ཆོས་ཤེས་པས་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཁོང་དུ་ཆུད་པར་བྱ་སྟེ། དེ་ཡང་བསྟན་བཅོས་ལས། གང་དང་གང་དག་རྟེན་འབྱུང་བ། །དེ་དག་ངོ་བོ་ཉིད་ཀྱིས་ཞི། །དེ་ལྟ་བས་ན་སྐྱེ་བ་དང་། །སྐྱེས་པ་ཉིད་ནི་ཞི་བའོ། །ཞེས་འབྱུང་བ་ཡིན་ནོ། །འདི་ལ་སྐྱེས་པར་གྱུར་པ་དང་། སྐྱེ་བ་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པ་གང་ཡིན་པ་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་དུ་གསུངས་སོ། །སྡུག་བསྔལ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པས་རང་བཞིན་གྱིས་མ་སྐྱེས་པའོ། །གང་གིས་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པ་དེ་ཉིད་མྱ་ངན་ལས་འདས་པ་སྟེ། གཉིས་ཀ་ཡང་མ་སྐྱེས་པའི་ཕྱིར་རོ། །འདི་ལྟར་ཡང་། འཁོར་བ་ལས་ནི་མྱ་ངན་འདས། །བྱེ་བྲག་དབྱེ་བ་ཅུང་ཟད་མེད། །མྱ་ངན་འདས་ལས་འཁོར་བ་ཡང་། །བྱེ་བྲག་དབྱེ་བ་ཅི་ཡང་མེད། །མྱ་ངན་འདས་ཀྱི་མཐའ་འདི་ནི། །འཁོར་བའི་མཐའ་ཡང་དེ་ཡིན་ཏེ། །དེ་གཉིས་ལ་ནི་ཅུང་ཟད་ཀྱང་། །བྱེ་བྲག་ཤིན་ཏུ་ཕྲ་བའང་མེད། །ཅེས་བྱ་བ་བསྟན་པ་ཡིན་ནོ། །མཐའ་ཞེས་བྱ་བའི་སྒྲ་ནི་མཆོག་ཏུ་བྱུང་བའོ། །མཆོག་ཏུ་བྱུང་བ་ཞེས་བྱ་བ་ནི་ཕུལ་དུ་ཕྱིན་པ་ཞེས་བྱ་སྟེ། བྱིས་པའི་སྐྱེ་བོ་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་མཐའི་རང་བཞིན་ནི་གཉིས་ཀ་ཡང་མ་སྐྱེས་པའི་ཕྱིར་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པས་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་གཅིག་གོ །དེ་བས་ན་མྱ་ངན་ལས་འདས་པ་དང་ཁྱད་པར་མེད་པའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་ཡང་ཆོས་ཞེས་བྱ་སྟེ། དེ་མཐོང་བས་མྱ་ངན་ལས་འདས་པ་ཡང་མཐོང་བས་ན་སུས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ་། །ཆོས་ཀྱི་ངོ་བོ་ཉིད་དང་སངས་རྒྱས་བཅོམ་ལྡན་འདས་ཐ་མི་དད་པས་ན་མཐོང་བས་སངས་རྒྱས་མཐོང་བ་ཡིན་ནོ། །དེ་ལྟར་ན་རྟེན་ཅིང་འབྲེལ་བར་འབྱུང་བའི་སྐྱེ་བ་མེད་པ་ལ་དམིགས་པའི་ཆོས་ཤེས་པས་རྟེན་བདེན་པ་གསུམ་རྟེན་ཅིང་འབྲེལ་བར་འབྱུང་བ་ངོ་བོ་ཉིད་ཀྱིས་མ་སྐྱེས་ལ། མྱ་ངན་ལས་འདས་པ་ཡང་དེའི་ངོ་བོ་ཉིད་ཡིན་པར་མཐོང་བས་མངོན་པར་རྟོགས་པ་གཅིག་ཏུ་ཟད་དོ། །དེ་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་དམིགས་པའི་ཆོས་ཤེས་པ་སྡུག་བསྔལ་གྱི་སྐྱེ་བ་མེད་པ་དང་འགག་པ་མེད་པ་ཡོངས་སུ་གཅོད་པ་གང་ཡིན་པའི་བདག་ཉིད་དེ་སྡུག་བསྔལ་ཡོངས་སུ་ཤེས་སོ། །ལས་དང་ཉོན་མོངས་པའི་སྐྱེ་བ་དང་འགག་པ་མེད་པ་ཡོངས་སུ་གཅོད་པ་གང་ཡིན་པ་དེ་ནི་ཀུན་འབྱུང་བ་ཤེས་པའོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་སྐྱེ་བ་མེད་པ་དང་འགག་པ་མེད་པ་ཡོངས་སུ་གཅོད་པ་མ་ཡིན་པ་འདི་ནི་འགོག་པ་ཤེས་པའོ། །ལམ་གྱི་བདེན་པ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པས་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པ་དང་འགག་པ་མེད་པ་ཡོངས་སུ་གཅོད་པ་གང་ཡིན་པ་དེ་ནི་ལམ་ཤེས་པའོ། །དེ་ལྟར་ན་ཆོས་ཤེས་པས་སྐད་ཅིག་གཅིག་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བས་སྔོན་མ་མཐོང་བའི་བལྟ་བར་བྱ་བ་གཞན་མི་སྲིད་དོ། །གལ་ཏེ་དེ་ལྟར་ན་མཐོང་བའི་ལམ་སྐད་ཅིག་མ་བཅོ་ལྔར་ཇི་ལྟར་གཞག སྡེ་པ་ཁ་ཅིག་ནི་མཐོང་བའི་ལམ་སྐད་ཅིག་མ་བཅོ་ལྔར་མི་འདོད་ཀྱི། མངོན་པར་རྟོགས་པ་གཅིག་ཏུ་ཟད་པར་འདོད་དོ། །དེ་དག་གི་འདོད་པ་དང་བཤད་པ་འདི་མི་འགལ་ལོ། །གང་དག་སྐད་ཅིག་མ་བཅོ་ལྔར་འདོད་པ་དེ་དག་གི་ལྟར་ཡང་དེ་ལྟ་བུས་གདུལ་བའི་སྐྱེ་བོ་ལ་དེ་བསྟན་པས་ཕན་གདགས་པའི་ཕྱིར་ཤེས་པ་ངོ་བོ་གཅིག་ལ་ཆར་ཕྱེ་སྟེ། ཆ་བཅོ་ལྔར་རྣམ་པར་གཞག་གོ །གལ་ཏེ་དེ་ལྟར་ན་ལམ་སྒོམ་པ་རྣམ་པ་བཅུ་དྲུག་པ་དེ་ཅི་ལྟ་བུར་ཐར་པར་འདོད་པ་རྣམས་ལམ་རྣམ་པ་གཞན་དག་གིས་དེ་ཁོ་ན་ཤེས་པ་ལ་འཇུག་པ་གོམས་པར་བྱ་བའི་ཕྱིར་འདི་ཡང་ཡོངས་སུ་བརྟགས་ནས་རྣམ་པར་གཞག་པ་ཉིད་དེ། དེ་ཁོ་ན་ངོ་བོ་གཅིག་པུར་ཟད་དོ། །ཅི་སྟེ་ཁྱད་པར་དུ་དབྱེ་བའི་རྣམ་པ་དངོས་པོ་གཞན་ཤེས་པ་གཞན་གྱིས་གཟུང་བ་ཞིག་ཡོད་ན་ནི། དེའི་ཚེ་རྣམ་པ་ཡོངས་སུ་མ་བཅད་པ་ཡོངས་སུ་བཅད་དགོས་པར་འགྱུར་ཏེ། ཆོས་ཤེས་པ་དེའི་འོག་ཏུ་བྱེ་བྲག་ཏུ་ཡོངས་སུ་གཅད་པར་བྱ་བ་བྱེ་བྲག་དབྱེ་བ་ཞིག་ཡོད་ན་ནི་དེའི་དམིགས་པ་གཞན་དུ་བརྟགས་པས་དེས་དེའི་ངོ་བོ་བྱེ་བྲག་ཏུ་ཡོངས་སུ་གཅད་དགོས་པས་མི་མཁས་པ་སུས་དངོས་པོ་ཤིན་ཏུ་ཕྲ་བ་ལ་རང་གི་ངོ་བོར་སྐྱེ་བར་རྣམ་པར་བརྟགས་པས་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་ཅིང་རོ་གཅིག་པའི་དོན་མི་ཤེས་པ་ཡིན་ན་རགས་པ་ས་ལ་སོགས་པ་ལྟ་ཅི་སྨོས། དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་དེ་མཚན་ཉིད་གཅིག་ཏུ་མཐོང་སྟེ། རིམ་གྱིས་གོམས་པར་བྱས་ནས་མ་རིག་པ་མ་ལུས་པར་འགགས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་ངོ་བོ་ཉིད་ལ་དམིགས་པའི་ཤེས་པ་ལ་གནས་པ་ནི་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་དང་བྱ་བ་བྱས་པ་ཞེས་བྱ་བར་རྣམ་པར་གཞག་སྟེ་གཞན་དུ་མ་ཡིན་ནོ། །ཅི་སྟེ་ཁྱོད་ཀྱི་གཞུང་ལྟར་ན། ཉོན་མོངས་ཟད་པའི་དགེ་སློང་གི །འཁོར་བ་གལ་ཏེ་རྣམ་བཟློག་ན། །རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་། །ཅི་ཕྱིར་དེ་ཡི་རྩོམ་མི་བཟད། །གལ་ཏེ་ཡེ་ཤེས་ཀྱིས་ཉོན་མོངས་པ་བཟློག་ན་ལས་ལྡོག་སྟེ། རྒྱུ་དང་རྐྱེན་དུ་མི་ལྡན་པའི་ཕྱིར་ཐོག་མ་མེད་པ་ནས་འཁོར་བར་འཇུག་པ་དང་སྐྱེ་བ་དང་འཆི་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ངོ་བོ་གཟུགས་ལ་སོགས་པའི་རྒྱུན་ལྡོག་ན་དེ་ལྟ་ན་ནི་དེ་རྩོམ་པ་རྫོགས་པའི་སངས་རྒྱས་རྣམས་ཀྱིས་མ་གསུངས་པ་ནི་གཏན་ཚིགས་འདི་ལྟ་བུ་ཞིག་གིས་བཅོམ་ལྡན་འདས་ཀྱིས་རྩོམ་པ་མ་གསུངས་སོ། །ཞེས་འདི་ལ་ཁྱོད་ཀྱི་ཕུང་པོའི་རྒྱུན་དེའི་རྩོམ་པ་ཐ་མ་བཞིན་དུ་བརྗོད་དགོས་པར་འགྱུར་རོ། །མི་མཁྱེན་ཏེ་མ་གསུངས་སམ་གཞན་ཞིག་གི་ཕྱིར་མ་གསུངས་ཞེས་བྱ། འདི་ལ་བཅོམ་ལྡན་འདས་ནི་ཐམས་ཅད་མཁྱེན་པར་ཁས་ལེན་པའི་ཕྱིར་མི་མཁྱེན་ནི་མི་སྲིད་དོ། །གཞན་ཞིག་གི་ཕྱིར་མ་གསུངས་ཞེས་བྱར་ནི་དེ་ཡང་མི་རིགས་སོ། །ཟོ་ཆུན་བརྒྱུད་མོའི་འཁྲུལ་འཁོར་ལྟར་ཐོག་མ་མེད་པའི་ཕྱིར་མ་གསུངས་ཞེས་བྱར་ནི་གལ་ཏེ་དེ་ལྟར་ན་ཟོ་ཆུན་བརྒྱུད་མོའི་འཁྲུལ་འཁོར་ལྟར་ཐོག་མ་མེད་པ་དེ་བཞིན་དུ་དེའི་ཐ་མ་ཡང་མེད་པར་འགྱུར་ཏེ། འཁོར་ལོ་ལ་སོགས་པའི་དཔེ་ཡང་དེ་སྐད་ཅེས་བརྗོད་པར་བྱའོ། །ཟད་པར་འགྱུར་རོ་ཞེས་བཤད་པས་ཐ་མ་ཡོད་པ་སྐད་བྱ་ན་ནི་དེའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ལ་མི་མཁྱེན་པ་ཡོད་པར་འགྱུར་ཏེ། མི་མཁྱེན་མི་སྲིད་པས་རྩོམ་པ་ཡང་བསྟན་དགོས་སོ། །མ་བསྟན་ན་ཡང་རིགས་པ་འདི་དང་སྦྱར་ན་མེད་དུ་མི་རུང་སྟེ་དེ་བས་ན། རྩོམ་པ་ཡོད་ན་ངེས་པར་ཡོང་། །ལྟ་བར་གྱུར་པ་ཡོངས་སུ་འཛིན། །རྩོམ་པ་ཡོད་པར་བརྟགས་ན་ནི། །འཁོར་བ་ཐོག་མ་ཅན་དུ་འགྱུར་རོ། །ཐོག་མ་ཡོད་པ་ཅན་དུ་གྱུར་ན་ནི་རྒྱུ་མེད་པར་སྨྲ་བ་ཁས་བླངས་པས་ལོག་པར་ལྟ་བ་ཉིད་དུ་འགྱུར་རོ། །རྟེན་ཅིང་འབྲེལ་བར་འབྱུང་བ་སྨྲ་བ་ལ་ནི་ཉེས་པ་འདི་མེད་དོ། །སུ་དངོས་པོ་རྣམས་རྟེན་ཅིང་འབྲེལ་བར་འབྱུང་བའི་འདོད་པ་དེ་ནི་དེ་དག་ངོ་བོ་ཉིད་ཀྱིས་མ་སྐྱེས་པར་འདོད་པས་དེ་དག་གི་ཐོག་མའམ་ཐ་མ་མེད་པས་ཡོངས་སུ་བརྟག་པ་མི་ནུས་པར་བསྟན་པའི་ཕྱིར། རྟེན་ཅིང་འབྲེལ་བར་གང་འབྱུང་བ། །དེ་ལ་སྔོན་དང་ཐ་མ་ཅི། །ཞེས་བྱ་བ་སྨོས་ཏེ་གདོན་མི་ཟ་བར་འདི་ཉིད་ཁས་བླངས་དགོས་སོ། །གཞན་དུ་ན་ནི་འཁོར་བ་ཐོག་མ་ཅན་དུ་འགྱུར་བར་ཡང་མ་ཟད་དེ། ངོ་བོ་ཉིད་ཀྱིས་སྐྱེ་བ་ན་གཞན་དུ་འགྱུར་མི་སྲིད་པས་རྟག་པ་ཁོ་ནར་གྱུར་པར་བསྟན་པའི་ཕྱིར། སྔོན་སྐྱེས་པ་ནི་ཇི་ལྟ་བུར། །ཕྱི་ནས་རབ་ཏུ་ལྡོག་པར་འགྱུར། །ཞེས་བྱ་བ་སྨོས་སོ། །ངོ་བོ་ཉིད་མི་འགྱུར་བས་རྟག་གོ་ཞེས་བྱ་བའི་ཐ་ཚིག་གོ །དངོས་པོ་སྐྱེ་བ་དེའི་རང་བཞིན་མེད་པ་ལས་འབྱུང་བ་ཁས་ལེན་ན་ནི། རྩོམ་པ་ཡོད་ན་ངེས་པར་ཡང་། །ལྟ་བར་གྱུར་པ་ཡོངས་སུ་འཛིན། །མེད་པ་ལས་དངོས་པོ་རྣམས་རྐྱེན་མི་རྒྱུ་མེད་པ་ཁོ་ན་ལས་སྐྱེ་བར་འགྱུར་རོ། །དེ་བས་ན་རྒྱུ་མེད་པར་ལྟ་བ་དེ་ཡང་དེ་བཞིན་དུ་ཡོད་ལ་དེ་ཡང་འབྲེལ་ན་ནི་ཆད་པར་ལྟ་བའི་སྐྱོན་དུ་ཡང་འགྱུར་རོ། །ནམ་ཞིག་འདི་ལ་རྟེན་ཅིང་འབྲེལ་བར་གང་འབྱུང་བ། དེ་ལ་སྔོན་དང་ཐ་མ་ཅི། །ངོ་བོ་ཉིད་ཀྱིས་མ་སྐྱེས་པའི་ཕྱིར་ཏེ། འདི་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བས་འདི་ནི་ངོ་བོ་ཉིད་ཀྱིས་མ་སྐྱེས་པའོ། །དེས་ན་ཐེ་ཚོམ་མེད་པར། སྔོན་དང་ཕྱི་མའི་མཐའ་སྤངས་པས། །འགྲོ་བ་སྒྱུ་མ་བཞིན་དུ་སྣང་། །ཇི་ལྟར་སྒྱུ་མ་མཁན་གྱིས་སྒྱུ་མ་སྒྲུབ་པའི་སྔགས་ཀྱི་སྦྱོར་བ་ལས་གླང་པོ་ཆེ་དང་རྟ་དང་མི་ལ་སོགས་པ་འབྱུང་བ་རྣམས་ངོ་བོ་ཉིད་ཀྱིས་མ་སྐྱེས་ན་གླང་པོ་ཆེ་ལ་སོགས་པར་སྣང་སྟེ། དེ་དག་ལ་གླང་པོ་ཆེ་ཡང་དག་པ་ལ་སོགས་པ་ལྟར་སྔོན་དང་ཐ་མའི་རྟོག་པ་མི་འབྱུང་བ་དེ་བཞིན་དུ་གླང་པོ་ཆེ་ཡང་དག་པ་ལ་སོགས་པར་འདོད་པ་རྣམས་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བས་སྔོན་དང་ཕྱི་མའི་མཐར་བརྟག་པ་མི་རིགས་ཏེ་དེ་ལྟར་ན། སྔོན་དང་ཕྱི་མའི་མཐའ་སྤངས་པ། །འགྲོ་བ་སྒྱུ་མ་བཞིན་དུ་སྣང་། །སྐྱེས་ནས་སྐད་ཅིག་ཀྱང་མི་སྡོད་པར་འགྲོ་བས་འགྲོ་བར་བྱའོ། །སླུ་བའི་བདག་ཉིད་པས་སྒྱུ་མ་སྟེ། དེའི་ངོ་བོ་ཉིད་ལ་རྨོངས་པ་རྣམས་ལ་ལོག་པར་སྣང་བས་སླུ་བ་ཡིན་ནོ། །དེའི་སླུ་བ་ཉིད་བསྟན་པའི་ཕྱིར། །གང་ཚེ་སྒྱུ་མ་བྱུང་ཞེ་འམ། །གང་གི་ཚེ་ན་འཇིག་འགྱུར་ཞེས། །སྒྱུ་མ་ཤེས་པ་དེར་མི་རྨོངས། །སྒྱུ་མ་མི་ཤེས་ཡོངས་སུ་སྐོམ། །ཞེས་བྱ་བ་སྨོས་སོ། །ཇི་ལྟར་སྒྱུ་མ་མཁན་གྱི་སྔགས་ཀྱི་རྐྱེན་ལས་བྱུང་བའི་བུད་མེད་ན་ཆུང་སྒྱུ་ཐབས་རྣམས་ལེགས་པར་བསླབས་པ་ལྟ་བུ་དབྱིབས་དང་སྤྱོད་ལམ་ཤིན་ཏུ་མཛེས་པ་ཚུལ་ཤིན་ཏུ་མཛེས་ཤིང་གཞོགས་སྟེགས་ལ་མཁས་པ་ཕུན་སུམ་ཚོགས་པ་ཡིད་འཕྲོག་པ་དག་ནི་དེའི་ངོ་བོ་ཉིད་ལ་མི་མཁས་པ་འདོད་པ་ལ་ཞེན་པ་རྣམས་ལ་ན་ཆུང་ཡང་དག་པ་བཞིན་དུ་མཆོག་ཏུ་དགའ་བའི་གནས་སུ་འགྱུར་ཏེ། དེ་ལ་ཇི་ལྟར་མི་མཁས་པ་དག་རྣམ་པར་རྟོག་པ་ལྟར་རང་བཞིན་མེད་དེ་དེའི་ངོ་བོ་ཉིད་ལ་མཁས་པ་སྒྱུ་མ་མཁན་ནི་སྒྱུ་མ་ཡང་དག་པ་མ་ཡིན་པར་སྣང་བ་ཁོང་དུ་ཆུད་པས་དེ་ལྟར་ཡང་རྨོངས་པའི་སེམས་མི་འབྱུང་ངོ་། །དེ་བཞིན་དུ་འདིར་ཡང་སྒྱུ་མ་མཁན་ལྟ་བུའི་རྣལ་འབྱོར་པ་མཁས་པ་རྣམས་ཀྱིས། སྲིད་པ་སྨིག་རྒྱུ་སྒྱུ་འདྲ་བར། །བློ་ཡིས་མཐོང་བར་གྱུར་ན་ནི། །སྔོན་གྱི་མཐའ་འམ་ཕྱི་མའི་མཐར། །ལྟ་བས་ཡོངས་སུ་བསླད་མི་འགྱུར། །རྣལ་འབྱོར་པས་སྲིད་པ་འདུས་བྱས་མ་ལུས་པ་སྒྱུ་མ་དང་སྨིག་སྒྱུ་བ་ལྟ་བུར་བློ་ཡང་དག་པའི་བསམ་པ་སོ་སོ་རང་གི་ཤེས་རབ་ཀྱིས་མཐོང་ན་དོན་དམ་པའི་ངོ་བོ་ཉིད་དུ་གང་ཡང་མི་དམིགས་པས་དངོས་པོའི་རང་བཞིན་གང་ཡིན་པ་དེ་ལ་སྔོན་གྱི་མཐའ་འམ། ཕྱི་མའི་མཐར་ཡོངས་སུ་བསླད་པར་མི་འགྱུར་ཏེ། བློ་ཕྱིན་ཅི་ལོག་པར་མི་འགྱུར་རོ། །དེ་བས་ན་འཕགས་པའི་སྐྱེ་བོར་ཐམས་ཅད་གཤེགས་ཤིང་རྗེས་སུ་གཤེགས་པ་ངོ་བོ་ཉིད་མེད་པའི་ལམ་འདི་བོར་ནས་བདག་ནི་སྒྱུ་མའི་བུད་མེད་ལ་མི་མཁས་པ་དག་བཞིན་དུ། གང་དག་གིས་ནི་འདུས་བྱས་ལ། །སྐྱེ་དང་འགག་པར་རྣམ་བརྟག་པ། །དེ་དག་རྟེན་འབྱུང་འཁོར་ལོ་ཡི། །འགྲོ་བ་ཤིན་ཏུ་མི་ཤེས་སོ། །རང་གི་མཚན་ཉིད་སྐྱེ། རང་གི་མཚན་ཉིད་འགག་གོ་ཞེས་དེ་ལྟར་གང་དག་རང་གི་མཚན་ཉིད་སྐྱེ་ཞིང་འགག་པའི་ཚུལ་གྱིས་འདུས་བྱས་ཀྱི་སྐྱེས་བ་དང་འགག་པ་ཡོངས་སུ་བརྟག་པ་དག་གིས་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་འཁོར་ལོ་ལ་ཐོག་མ་དང་དབུས་དང་། ཐ་མ་དང་བྲལ་བ་མགལ་མེ་བསྐོར་བ་ལྟ་བུའི་འགྲོ་བ་འཇུག་པ་ཤིན་ཏུ་མི་ཤེས་ཏེ། འདུས་བྱས་རང་བཞིན་ཡོད་པ་སྐྱེ་ཞིང་འཇིག་མི་སྲིད་པ་ལ་སྐྱེ་བ་དང་འཇིག་པ་རྟོག་པས་དེ་དག་གིས་རྟེན་ཅིང་འབྲེལ་བར་འབྱུང་བའི་འཁོར་ལོ་ཁོང་དུ་ཆུད་ཅེས་བྱའོ། །རང་གི་མཚན་ཉིད་དུ་སྐྱེ་བར་ཁས་བླངས་ན་ཅིའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཁོང་དུ་ཆུད་པ་མ་ཡིན་ཞེས་ཟེར་བ་དེ་ལ། དེ་དང་དེ་བརྟེན་གང་བྱུང་བ། །རང་བཞིན་དུ་ནི་དེ་མ་སྐྱེས། །རང་བཞིན་དུ་ནི་གང་མ་སྐྱེས། །དེ་ནི་སྐྱེས་ཞེས་ཇི་སྐད་བྱ། །ཞེས་བྱ་བ་སྨོས་སོ། །དེ་དང་དེ་བརྟེན་ཞེས་བྱ་བ་ནི་དེ་དང་དེ་ལ་ལྟོས་ཞེས་བྱ་བའི་ཐ་ཚིག་གོ །དེ་དང་དེ་ཞེས་བྱ་བ་སྤྱིར་བསྙག་པ་ཐམས་ཅད་བསྡུ་བའི་ཕྱིར་ཚིག་འདིས་ནང་གི་མ་རིག་པ་ལ་སོགས་པ་དང་ཕྱིའི་རླུང་གི་དཀྱིལ་འཁོར་ལ་སོགས་པ་མ་ལུས་པ་དག་འདུ་བྱེད་ལ་སོགས་པ་དང་ཆུའི་དཀྱིལ་འཁོར་ལ་སོགས་པ་སྐྱེ་བ་ལ་རྒྱུའི་དངོས་པོར་གནས་པར་གྱུར་ཏེ། རྒྱུ་དེ་དང་དེ་ལ་བརྟེན་ནས་གང་སྐྱེ་བ་དེ་གལ་ཏེ་རང་གི་ངོ་བོས་གྲུབ་པ་ཞིག་ཡིན་ན་དེ་ཡོད་པར་གྱུར་པས་གྲུབ་པའི་ངོ་བོའི་དུས་བཞིན་དུ་སྐྱེ་བའི་རྒྱུ་ལ་མི་ལྟོས་པར་འགྱུར་རོ། །ཅི་སྟེ་སྐྱེ་བ་དེ་སྔོན་རང་གི་ངོ་བོ་མེད་ན་ནི་སྐྱེས་པ་དེ་ཡང་གཟུགས་བརྙན་བཞིན་དུ་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་པར་མངོན་པས། དེ་དང་དེ་བརྟེན་གང་བྱུང་བ། །རང་བཞིན་དུ་ནི་དེ་མ་སྐྱེས། །ཞེས་བྱ་བ་སྨོས་སོ། །ཅི་སྐྱེ་བ་ངོ་བོ་ཉིད་ཀྱིས་མེད་ཀྱང་བླ་སྟེ་ཐ་སྙད་དུ་གཟུགས་སྐྱེས་སོ། །ཚོར་བ་སྐྱེས་སོ་ཞེས་བྱ་བས་སྐྱེ་བ་ཡོད་དོ་སྙམ་དུ་སེམས་ན་ནི་ཀྱེ་མ་ལམ་ལོག་པར་སོང་དུ་གདོན་མི་ཟའོ། །མཁས་པས་ནི་གཟུ་བོ་ལྟ་བུའི་བློས་རྣམ་པར་དཔྱད་པའི་རིགས་པ་སྙམ། རང་བཞིན་དུ་ནི་གང་མ་སྐྱེས། །དེ་ནི་སྐྱེས་ཞེས་ཇི་སྐད་བྱ། །སའི་རང་གི་མཚན་ཉིད་ནི་ཕྲ་བ་སྟེ། གལ་ཏེ་དེ་རང་གི་མཚན་ཉིད་དུ་མ་སྐྱེས་པར་སེམས་ན་དེ་གཤེར་བའི་མཚན་ཉིད་དུ་སྐྱེས་ས་ཞེས་བརྟག་ཏུ་ནི་མི་རུང་ན། དེ་གཞན་གང་ཅི་ཞིག་ཏུ་སྐྱེ་བར་བརྟག དེ་བས་ན་བདག་དང་གཞན་ལས་སྐྱེ་མི་སྲིད་པས་སྐྱེ་བ་མེད་གྲུབ་བོ། །དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སྐྱེ་བ་མི་སྲིད་པ་ཅི་བསྟན་ནས། ད་ནི་འགག་པ་མི་སྲིད་པར་བསྟན་པར་བཞེད་ནས། རྒྱུ་ཟད་པ་ཡི་ཞི་བ་ནི། །ཟད་ཅེས་བྱ་བར་མངོན་པ་སྟེ། །རང་བཞིན་དུ་ནི་གང་མ་ཟད། །དེ་ལ་ཟད་ཅེས་ཇི་སྐད་བརྗོད། །ཅེས་བྱ་བ་སྨོས་སོ། །སྐྱེས་པའི་དངོས་པོ་སྐྱེ་བ་ཡོད་ན་འཇིག་ལ་དངོས་པོའི་གནས་པ་ཡང་རྐྱེན་གྱི་ཁ་ན་ལས་ཏེ་གནས་པའི་རྐྱེན་མེད་ན་འཇིག་པར་འགྱུར་བས་དེ་ལྟར་ན་འཇིག་རྟེན་ན་རྒྱུ་ཟད་ནས་ཞི་བ་དང་མྱ་ངན་ལས་འདས་པ་གང་ཡིན་པ་དེ་ཉིད་ཞི་བ་ཞེས་བྱ་བར་དམིགས་ཏེ། གང་ཡང་གནས་པའི་རྐྱེན་མེད་ན་ཟད་པར་འགྱུར་བ་དེ་གནས་པའི་རྐྱེན་མེད་པ་ལ་རག་ལས་པས་རང་གི་ངོ་བོར་གྲུབ་པ་མེད་པར་ཁོང་དུ་ཆུད་ནས། རང་བཞིན་གྱིས་ནི་གང་མ་ཟད། །དེ་ལ་ཟད་ཅེས་ཇི་སྐད་བརྗོད། །ཅེས་བྱ་བ་སྨོས་སོ། །གལ་ཏེ་རང་བཞིན་གྱིས་ཟད་པ་ཞིག་ཡོད་ན་ནི་དེ་རྐྱེན་ལ་ལྟོས་པར་མི་འགྱུར་རོ། །དེ་རྒྱུ་ཡོངས་སུ་ཟད་པ་ལས་མ་ཡིན་པར་འགྱུར་རོ། །དེའི་ཕྱིར་ལས་དང་ཉོན་མོངས་པའི་དངོས་པོ་མེད་པར་མ་གྱུར་ཀྱང་མྱ་ངན་ལས་འདས་པར་འགྱུར་ཏེ། དེ་བས་ན་འབད་མི་དགོས་པར་ཐར་བར་འགྱུར་རོ། །མར་དང་རས་ཡོངས་སུ་མ་ཟད་པར་མར་མེ་འཆི་བར་འགྱུར་བའི་རིགས་ན་དེ་ཡང་དེ་ལྟ་མ་ཡིན་པས་རང་གི་ངོ་བོར་གྲུབ་པའི་འགག་པ་མེད་དོ། །ཅི་སྟེ་མར་དང་རས་ཡོངས་སུ་ཟད་པ་ནི་མར་མེའི་འཆི་བའི་རྒྱུ་མ་ཡིན་ཏེ། ཇི་ལྟ་ཞེ་ན། མར་དང་རས་ལྷན་ཅིག་ཏུ་འགགས་ལ་མར་མེའི་སྐད་ཅིག་མ་ཐ་མ་དེའི་རིགས་ཀྱི་མར་མེ་སྐད་ཅིག་མ་མ་འོངས་པའི་ལྷན་ཅིག་བྱེད་པའི་རྒྱུ་མེད་པས་སྐྱེ་བའི་ཡན་ལག་གི་དངོས་པོའམ་གྱུར་པ་མ་འགགས་སོ། །མ་འོངས་པ་ཡང་སྐྱེ་བའི་རྐྱེན་མེད་པས་མ་སྐྱེས་ཏེ། དེ་ལྟ་བས་ན་མ་འོངས་པའི་རྐྱེན་མེད་པས་འདི་ལ་སྐྱེ་བ་མེད་ཅེས་བྱའོ། །སྙམ་དུ་སེམས་ན་ཡང་དེ་ལྟར་མ་འོངས་པའི་རྐྱེན་མེད་པ་མི་སྐྱེ་བའི་རྒྱུར་འགྱུར་ན་ནི་གལ་ཏེ་རྐྱེན་མེད་པར་མ་གྱུར་ན་གདོན་མི་ཟ་བར་སྐྱེ་བར་འགྱུར་རོ། །དེ་ལྟར་ན་མི་སྐྱེ་བ་ཡང་རྒྱུ་ཉིད་དུ་ཁས་བླངས་པ་ཡིན་ནོ་དེ་ལྟར་ཁས་ལེན་ན་རྒྱུ་ཟད་ནས་ཞི་བ་གང་ཡིན་པ་དེ་ཟད་པ་ཞེས་བྱ་བར་ཁས་བླངས་བ་ཡིན་ནོ། །

འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།