བསྟན་བཅོས་ཀྱི་རྣམ་གཞག་སྐོར་ངོ་སྤྲོད་མདོར་བསྡུས།

རྩོམ་པ་པོ།:རྒྱ་གྲོལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-04-08 10:42:00 ཀློག་གྲངས།:
     བསྟན་བཅོས་ཞེས་པ་ནི་གདུལ་བྱའི་རྒྱུད་ཀྱི་ཉོན་མོངས་དུག་གསུམ་སྤངས་ཏེ་བསླབ་པ་གསུམ་ལྡན་དུ་འཆོས་པ་དང་། འབྲས་བུ་ངན་འགྲོ་དང་སྲིད་པའི་སྡུག་བསྔལ་ལས་སྐྱོབ་པ་སྟེ་འཆོས་སྐྱོབ་ཀྱི་ཡོན་ཏན་གཉིས་དང་ལྡན་པས་བསྟན་བཅོས་ཏེ་རྒྱུད་བླ་མ་ལས། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །ངན་འགྲོའི་སྲིད་ལས་སྐྱོབ་པ་གང་ཡིན་པ། །འཆོས་སྐྱོབ་གཉིས་ལྡན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་གསུངས་པ་ལྟར་རོ། །དེས་ན་རྒྱལ་བའི་བཀའ་ཡང་བསྟན་བཅོས①ཡིན་མོད་འདིར་ནི་བཀའ་དང་བསྟན་བཅོས་གཉིས་སུ་ཕྱེས་པའི་བསྟན་བཅོས་དེ་སངས་རྒྱས་མ་ཡིན་པས་བརྩམས་པའི་བསྟན་བཅོས་འཆད་པར་བྱའོ། །
དང་བོ། བསྟན་བཅོས་ལ་མཆོག་དམན་གྱིས་དབྱེ་བ།
     སྤྱིར་བསྟན་བཅོས་ལ་སྒྲས་བརྗོད་ཀྱིས་དབྱེ་ན། དགུ་སྟེ་དབྱིག་གཉེན་གྱི་རྣམ་བཤད་རིག་པ་ལས། དོན་མེད་དོན་ལོག་དོན་དང་ལྡན། །ཐོས་རྩོད་སྒྲུབ་པ་ལྷུར་ལེན་པ། །ངན་གཡོ་བརྩེ་བྲལ་སྡུག་བསྔལ་སྤོང་། །བསྟན་བཅོས་དྲུག་བྲལ་གསུམ་དུ་འདོད། །ཅེས་གསུངས་པ་ལྟར་དགུ་ཡོད་པའི་ནང་བསྟན་བཅོས་ལྟར་སྣང་དྲུག་དང་ཡང་དག་གསུམ་ཡོད།
1.དོན་མེད་པའི་བསྟན་བཅོས་ནི་བྱ་རོག་སོ་རྟོག་གི་བསྟན་བཅོས་ལྟ་བུ་བྱ་རོག་ལ་སོ་ཡོད་མེད་དཔྱད་པས་དགོས་པ་ཅི་ཡང་མེད་པས་སོ། །
2.དོན་ལོག་པའི་བསྟན་བཅོས་ནི་སྐྱེ་བ་སྔ་ཕྱི་མེད་པར་སྟོན་པའི་བསྟན་བཅོས་ཏེ་དེ་ཡིས་དོན་མ་ཡིན་པ་བཤད་པས་སོ། །
3.དོན་དང་ལྡན་པའི་བསྟན་བཅོས་ནི། རྩ་བ་ཤེས་རབ་ལྟ་བུ་སྟེ་དེ་ལས་སྟོང་ཉིད་རིགས་པ་མཐའ་ཡས་པས་བཤད་པས་སོ། །
4.ཐོས་པ་ལྷུར་ལེན་པའི་བསྟན་བཅོས་ནི། ཕྱི་རོལ་པའི་རིག་བྱེད་ཀྱི་བསྟན་བཅོས་ལྟ་བུ་སྟེ་ཐོས་པ་གཙོ་བོར་འཛིན་པས་ཉམས་ལེན་སོགས་ཅི་ཡང་མེད་པས་སོ། །
5.རྩོད་པ་ལྷུར་ལེན་གྱི་བསྟན་བཅོས་ནི། ཕྱི་རོལ་པའི་ཚད་མའི་བསྟན་བཅོས་ལྟ་བུ་སྟེ་རྩོད་པ་གཙོ་བོར་བཤད་པས་སོ། །
6.སྒྲུབ་བ་ལྷུར་ལེན་གྱི་བསྟན་བཅོས་ནི། མངོན་རྟོགས་རྒྱན་ལྟ་བུ་སྟེ་དེ་ལས་ཐམས་ཅད་མཁྱེན་པ་སྒྲུབ་པའི་ཐབས་གཙོ་བོར་སྟོན་པས་སོ། །
7.ངན་གཡོའི་བསྟན་བཅོས་ནི། མཚོན་ཆ་དང་དུག་སྦྱོར་ལ་སོགས་འགྲོ་བ་མི་ལ་གནོད་པའི་ཐབས་སོགས་སྟོན་པའི་བསྟན་བཅོས་ལྟ་བུ་ཡིན།
8.བརྩེ་བ་བྲལ་བའི་བསྟན་བཅོས་ནི། ཕྱི་རོལ་པའི་མཐོ་རིས་ཀྱི་ཆེད་དུ་ཕྱུགས་གསོད་པ་ལ་སོགས་མཆོད་སྦྱིན་བྱེད་པའི་བསྟན་བཅོས་ལྟ་བུ།
9.སྡུག་བསྔལ་སྤོང་བའི་བསྟན་བཅོས་ནི། སྤྱོད་འཇུག་ལྟ་བུ་སྟེ་འགྲོ་བའི་སྡུག་བསྔལ་འཇོམས་པའི་ཐབས་འབའ་ཞིག་སྟོན་པས་སོ། །བསྟན་བཅོས་དགུ་བོ་དེ་ལས་དོན་དང་ལྡན་པའི་བསྟན་བཅོས་དང་སྒྲུབ་པ་ལྷུར་ལེན་པའི་བསྟན་བཅོས། སྡུག་བསྔལ་སྤོང་བའི་བསྟན་བཅོས་གསུམ་བསྟན་བཅོས་རྣམ་དག་ཡིན་ལ་གཞན་དྲུག་ནི་བསྟན་བཅོས་ལྟར་སྣང་ཡིན་ནོ། །
གཉིས་པ། བྱེད་ལས་ཀྱི་སྒོ་ནས་དབྱེ་བ།
     བསྟན་བཅོས་ལ་བྱེད་ལས་ཀྱི་སྒོ་ནས་དབྱེ་ན། གསུམ་སྟེ་རྒྱ་ཆེན་པོ་སྡུད་པའི་བསྟན་བཅོས་དང་། ཟབ་མོ་རྣམ་པར་འབྱེད་པའི་བསྟན་བཅོས། འཁྲུགས་པ་གོ་རིམ་དུ་བསྡེབས་པའི་བསྟན་བཅོས་གསུམ་ཡོད།
1.རྒྱ་ཆེན་པོ་སྡུད་པའི་བསྟན་བཅོས་ནི་འདུལ་བ་མདོ་རྩ་བ་ལྟ་བུ་སྟེ་དེས་འདུལ་བ་ལུང་སྡེ་བཞི་སོགས་ཀྱི་དོན་རྒྱ་ཆེན་པོ་བསྡུས་པས་སོ། །
2.ཟབ་མོ་འབྱེད་པའི་བསྟན་བཅོས་ནི་མངོན་རྟོགས་རྒྱན་དང་རྩ་ཤེ་ལྟ་བུ་སྟེ་སྔ་མས་སྦས་དོན་མངོན་རྟོགས་ཀྱི་རིམ་པ་འབྱེད་པ་དང་ཕྱི་མས་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་བཀྲལ་བས་སོ། །
3.འཁྲུགས་པ་གོ་རིམ་དུ་བསྡེབས་པའི་བསྟན་བཅོས་ནི་མདོ་སྡེ་རྒྱན་དང་བསླབ་བཏུས་ལྟ་བུ་ཡིན་ཏེ་དེ་མདོ་མང་བོ་ཕྱོགས་གཅིག་ཏུ་བསྡུས་ཏེ་གོ་རིམ་བསྒྲིགས་པས་སོ། ། དང་བོ། འདི་ལ་ཤེས་བྱ་ཇི་སྙེད་པ་སྟོན་པ་དང་། ཇི་ལྟ་བ་སྟོན་པ། ཐར་བ་དང་ཐམས་ཅད་མཁྱེན་པ་སྟོན་པའི་བསྟན་བཅོས་གསུམ། ཤེས་བྱ་ཇི་སྙེད་སྟོན་པའི་བསྟན་བཅོས་ཕལ་བ་དང་ཁྱད་པར་ཅན་གཉིས་ལས་དང་བོ་ནི་ཤེས་རབ་བརྒྱ་བ་དང་། ཤེས་རབ་སྡོང་བུ། སྐྱེ་བོ་གསོ་ཐིགས་སོགས་ཡ་རབས་མི་ཆོས་ཀྱི་བསྟན་བཅོས་ཏེ་འཇིག་རྟེན་པའི་ལུགས་ཀྱི་བསྟན་བཅོས་དག་ཡིན། ཁྱད་པར་ཅན་ནི་རིག་གནས་ཆེ་བ་ལྔ་ལྟ་བུ་སྟེ་དེ་དག་གིས་སྟོང་ཉིད་མ་ཡིན་པའི་ཆོས་ཏེ་ཇི་སྙེད་སྟོན་པས་སོ། །ཇི་ལྟ་བ་སྟོན་པ་ནི་དབུ་མ་རྒྱན་ལྟ་བུ་སྟེ། ཇི་ལྟ་བ་སྟེ་སྟོང་ཉིད་སྟོན་པས་སོ། །ཐར་བ་དང་ཐམས་ཅད་ མཁྱེན་པའི་ལམ་སྟོན་པ་ནི་བྱང་ས་ལྟ་བུའོ། །
གསུམ་པ། བཀའི་དགོངས་པ་འགྲེལ་ཚུལ་གྱིས་དབྱེ་བ།
     བསྟན་བཅོས་ལ་བཀའི་དགོངས་པ་འགྲེལ་ཚུལ་གྱིས་བཀའ་སྤྱིའི་དགོངས་པ་འགྲེལ་བ་དང་སོ་སོའི་དགོངས་པ་འགྲེལ་བའི་བསྟན་བཅོས་གཉིས་ཡོད།
དང་བོ་ནི་ཚད་མ་ཀུན་བཏུས་ལྟ་བུ་སྟེ་དེས་གསུང་རབ་སྤྱིའི་དགོངས་པ་འགྲེལ་བར་བྱེད་པས་སོ། །གཉིས་པ་ལ་གསུམ་ལས་འཁོར་ལོ་དང་བོའི་ལྟ་བའི་ཆ་གསལ་བར་བྱེད་པ་མངོན་པ་མཛོད་ལྟ་བུ། སྤྱོད་པའི་ཆ་གསལ་བར་བྱེད་པ་འདུལ་བ་མདོ་རྩ་ལྟ་བུའོ། །ལྟ་སྤྱོད་ཟུང་འབྲེལ་དུ་གཏན་ལ་འབེབ་པ་བྱེ་བྲག་བཤད་མཛོད་ལྟ་བུ།  འཁོར་ལོ་བར་བའི་དགོངས་འགྲེལ་ལྟ་བའི་ཆ་གསལ་བར་བྱེད་པ་དབུ་མ་རིགས་ཚོགས་དྲུག་ལྟ་བུ། སྤྱོད་པའི་ཆ་གསལ་བར་བྱེད་པ་སྤྱོད་འཇུག་ཆེན་མོ་ལྟ་བུ། ལྟ་སྤྱོད་ཟུང་འབྲེལ་དུ་སྟོན་པ་མངོན་རྟོགས་རྒྱན་ལྟ་བུ། འཁོར་ལོ་མཐའ་མའི་དགོངས་འགྲེལ་ལ་ལྟ་བའི་ཆ་གསལ་བར་བྱེད་པ་ཐེག་པ་ཀུན་ལས་བཏུས་པ་ལྟ་བུའོ། །སྤྱོད་པའི་ཆ་གསལ་བར་ བྱེད་པ་སྡོམ་པ་ཉི་ཤུ་བ་ལྟ་བུ། ལྟ་སྤྱོད་གཉིས་ཀ་ཟུང་འབྲེལ་དུ་སྟོན་པ་མདོ་སྡེ་རྒྱན་ལྟ་བུ།
བཞི་བ། བསྟན་བཅོས་རིགས་བསྡུས་ཀྱིས་དབྱེ་བ།
     བསྟན་བཅོས་ཀྱི་རིགས་བསྡུ་ན་བཀའ་ལ་བརྟེན་པ་དང་མི་བརྟེན་པ་གཉིས་ཡོད་ཅིང་བརྟེན་པ་ལའང་བཀའ་ཉིད་ལ་འགྲེལ་བ་དང་བཀའི་དོན་རང་རྒྱུད་དུ་བརྩམས་པ་གཉིས། བཀའི་འགྲེལ་བ་ལ་ཚིག་དོན་གཉིས་ཀ་རྒྱ་ཆེར་འགྲེལ་བ་སོ་སོར་ཐར་བའི་འགྲེལ་བ་བམ་པོ་ལྔ་བཅུ་པ་ལྟ་བུ་རྒྱ་ཆེར་འགྲེལ། ཚིག་གི་ཆ་སྤྲོས་པ་དང་བཅས་ནས་འཆད་པ་ཆེད་དུ་བརྗོད་པའི་ཚོམས་ཀྱི་འགྲེལ་བ་ལྟ་བུ་ཚིག་གི་འགྲེལ་བ། གོ་དཀའ་བའི་དོན་རྣམ་པར་འབྱེད་པ་སྡུད་འགྲེལ་གཉིས་ལྟ་བུའི་དཀའ་འགྲེལ། དོན་གྱི་གཙོ་བོ་བསྡུས་ནས་སྟོན་པ་སྡུད་པའི་དོན་བསྡུས་དང་དྲི་མེད་འོད་ཀྱིས་འགྲེལ་བའི་སྡུད་པའི་དོན་བསྡུས་ལྟ་བུ་དོན་འགྲེལ། ངག་གི་དོན་དྲིལ་ནས་སྟོན་པ་ངག་དོན་གྱི་འགྲེལ་བ་སྟེ་ལྔའོ། །
     བཀའི་དོན་རང་རྒྱུད་དུ་བརྩམས་པའང་བཀའ་གཅིག་གི་དོན་རྫོགས་པར་སྟོན་པ་མངོན་རྟོགས་རྒྱན་དང་མདོ་རྩ་ལྟ་བུ། ཐོར་བུར་སྟོན་པ་དགེ་ཚུལ་གྱི་ཀཱ་རི་ཀ་ལྟ་བུའོ། །བཀའ་མང་བོའི་དོན་སྟོན་པ་བསླབ་བཏུས་དང་བཤེས་སྤྲིངས་ལྟ་བུ་གསུམ་ཡོད།
ལྔ་བ། གཞུང་བཀའ་པོད་ལྔ།
     གཞུང་བཀའ་པོད་ལྔ་ནི་ནང་བའི་གྲུབ་མཐའ་བཞིའི་གཞུང་ལུགས་ཁ་ཚང་ལ་སློབ་གཉེར་བྱེད་པའི་གཞུང་ལུགས་ཏེ་ཚད་མ་དང་། ཕར་ཕྱིན། དབུ་མ། མཛོད། འདུལ་བ་བཅས་ཡིན། འདིར་དེ་དག་ངོ་སྤྲོད་རགས་ཙམ་བྱ་སྟེ།
1.ཚད་མ་ནི་སྟོན་པ་སངས་རྒྱས་ཀྱིས་ཚད་མའི་གཞུང་དངོས་སུ་གསུངས་མེད་མོད་ཁོང་གི་གསུང་རབ་ཏུ་ཚད་མའི་སྐོར་མང་བོ་ཞིག་འབྱུང་བ་ནི་ནང་བའི་ཚད་མའི་ཁུངས་ཡིན། ཚད་མ་ནི་གསར་དུ་རྟོགས་པའི་བློ་མི་བསླུ་བ་ཞིག་ལ་ཟེར་ལ་དེ་བརྗོད་བྱར་བྱེད་པའི་བསྟན་བཅོས་ལ་ཚད་མ་རིག་པ་ཟེར། ནང་བའི་ཚད་མའི་བསྟན་བཅོས་ཀྱི་ཐོག་མ་དགྲ་བཅོམ་པ་ཆོས་སྐྱོབ་ཀྱིས་བརྩམས་པའི་སྨྲ་བའི་སྒྲོན་མེ་ཡིན། དེ་ནས་སློབ་དཔོན་ཕྱོགས་ཀྱི་གླང་བོས་ཚད་མ་ཀུན་བཏུས་ཏེ་ཚད་མ་མདོ་ལེའུ་དྲུག་ཅན་བརྩམས། དེ་འགྲེལ་བ་ལ་སློབ་དཔོན་ཆོས་གྲགས་ཀྱིས་ཚད་མ་སྡེ་བདུན་བརྩམས་ཤིང་དགོངས་པ་མཐར་ཐུག་པ་ནི་སེམས་ཙམ་པའི་ལུགས་ཡིན། རིགས་པའི་གནད་མང་བོ་ཕྱེས་པ་ལ་བརྟེན་ནས་ཚད་མ་རིག་པ་དར་ཁྱབ་བྱུང་། རྗེས་སུ་དེ་དག་བོད་དུ་བསྒྱུར་ཏེ་འཆད་ཉན་བསྐྱངས་པས་དར་ཁྱབ་ཆེན་པོ་བྱུང་ལ་ཚད་མའི་རྩ་བ་ནི་རྣམ་འགྲེལ་ལ་བྱེད་ཅིང་དེ་ལ་བོད་ཀྱི་འགྲེལ་བ་དང་མཐའ་དཔྱོད་ཤིན་ཏུ་མང་ངོ་། །
2.ཕར་ཕྱིན་ནི་སྟོན་པའི་འཁོར་ལོ་བར་བའི་སྦས་དོན་གྱི་ཆ་ཐམས་ཅད་རྗེ་བཙུན་བྱམས་པས་གསལ་བར་ཕྱེས་ཏེ་གཏན་ལ་ཕབ། དེའི་གཞུང་ནི་བྱམས་ཆོས་སྡེ་ལྔ་ལས་མངོན་རྟོགས་རྒྱན་ཡིན། འདིས་གཙོ་བོ་རྣལ་འབྱོར་སྤྱོད་པའི་ལུགས་ལྟར་བཤད། ཕར་ཕྱིན་ཞེས་པ་ཕ་རོལ་ཏུ་ཕྱིན་པ་ཞེས་པའི་ཚིག་སྡུད་དེ།  ཕ་རོལ་ནི་འཁོར་བ་ཕྲ་རགས་རྒྱ་མཚོའི་ཕ་རོལ་སྟེ་དེ་ལ་ཕྱིན་བྱེད་དང་ཕྱིན་ཟིན་གཉིས་ལས། བྱང་ཆུབ་སེམས་དཔའི་ལམ་ཐམས་ཅད་ཕ་རོལ་ཕྱིན་བྱེད་དེ་ལམ་ཤེར་ཕྱིན་དང་སངས་རྒྱས་ཀྱི་མཁྱེན་པ་ནི་ཕ་རོལ་ཕྱིན་ཟིན་འབྲས་བུ་ཤེར་ཕྱིན་དེ་གཉིས་བརྗོད་བྱར་བྱེད་པའི་བསྟན་བཅོས་ལ་གཞུང་ཤེར་ཕྱིན་ཟེར། གཞུང་བཀའ་པོད་ལྔའི་ཕར་ཕྱིན་ནི་གཞུང་ ཤེར་ཕྱིན་ཡིན།
དེའི་བརྗོད་བྱ་ནི་དངོས་པོ་བརྒྱད་དང་དོན་བདུན་ཅུ་སྟེ་ཤེར་མདོའི་སྦས་དོན་ གྱི་ཆ་དག་ཡིན། དེ་ལ་འགྲེལ་བ་མང་ནའང་ཐུན་མོང་གི་སྦྱང་བྱའི་གཞུང་དུ་བྱེད་པ་ནི་སློབ་དཔོན་སེང་གེ་བཟང་བོའི་འགྲེལ་བ་དོན་གསལ་ཡིན་ལ་བོད་དུ་རྗེ་བླ་མའི་ལེགས་བཤད་གསེར་འཕྲེང་དང་རྒྱལ་ཚབ་ཀྱི་རྣམ་བཤད་སྙིང་བོའི་རྒྱན་གྲགས་ཆེ་ལ་མཐའ་དཔྱོད་དང་སྤྱི་དོན་སྣ་ཚོགས་བགྲང་ལས་འདས།
3.དབུ་མ་ནི་ཤེར་མདོའི་དངོས་བསྟན་སྟོང་ཉིད་ཀྱི་ཆ་སློབ་དཔོན་ཀླུ་སྒྲུབ་གྱིས་དབུ་མ་རིགས་ཚོགས་དྲུག་གིས་རྒྱས་པར་བཀྲལ་བ་ལ་བརྟེན་ནས་སངས་རྒྱས་བསྐྱངས་ཀྱིས་ཐལ་འགྱུར་བའི་ལུགས་སུ་བཀྲལ། དཔལ་ལྡན་ཟླ་བས་དབུ་མ་འཇུག་པ་མཛད་དེ། ཐལ་འགྱུར་བའི་སྲོལ་རྒྱས་པར་བྱས། བསྟན་བཅོས་དེ་ནི་དབུ་མའི་རྩ་བ་ རེད།
དབུ་མ་ལ་སྒྲས་བརྗོད་ཀྱིས་དབྱེ་ན། ཆོས་ཐམས་ཅད་གཞི་དབུ་མ་དང་། དེ་རྟོགས་པའི་ལམ་ཤེར་ཕྱིན་ལམ་དབུ་མ། ཉམས་སུ་བླངས་པའི་འབྲས་བུ་དབུ་མ་ཟེར། དེ་བརྗོད་བྱར་བྱེད་པའི་བསྟན་བཅོས་ལ་གཞུང་དབུ་མ་ཟེར། དེ་ལ་འགྲེལ་བ་རྗེ་བླ་མའི་རྣམ་བཤད་དགོངས་པ་རབ་གསལ་གྲགས་ཆེ་ལ་དེ་གཞིར་བཟུང་བའི་མཐའ་དཔྱོད་དང་སྤྱི་དོན་ཤིན་ཏུ་མང་།
4.མངོན་པ་ནི་སྟོན་པ་སངས་རྒྱས་ཀྱིས་གསུངས་པའི་གཞུང་གཅིག་མེད་ནའང་ཐོར་བུར་གསུངས་པ་དག་ཕྱོགས་གཅིག་ཏུ་བསྡུས་ནས་མངོན་པ་སྡེ་བདུན་དང་བྱེ་བྲག་བཤད་མཛོད་ཆེན་མོ་བརྩམས། རྗེས་སུ་དབྱིག་གཉེན་གྱིས་དེ་དག་ལས་གཅེས་གཅེས་རྣམས་བཏུས་ཏེ་མངོན་པ་མཛོད་བརྩམས་པ་ནི་མངོན་པའི་རྩ་བར་བྱེད། འདི་ནི་འཁོར་ལོ་དང་བོའི་ལྟ་བའི་ཆ་འགྲེལ་བ་ཡིན་ལ་གྲུབ་མཐའི་གཞུང་ནི་བྱེ་བྲག་སྨྲ་བ་ལྟར་ཡིན། རྒྱ་བོད་ཀྱི་འགྲེལ་བ་མང་ན་ཡང་གྲགས་ཆེ་བ་ནི་མཆིམས་འཇམ་པའི་དབྱངས་ཀྱིས་བརྩམས་པའི་མཛོད་འགྲེལ་མངོན་པའི་རྒྱན་ཡིན།
5.འདུལ་བ་ནི་གདུལ་བྱའི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་མ་རུང་བ་འདུལ་བྱེད་ཀྱི་སོ་སོར་ཐར་བའི་སྡོམ་པ་བཤད་པའི་གཞུང་སྟེ་འཁོར་ལོ་དང་བོའི་སྤྱོད་པའི་ཆ་གསལ་བར་བྱེད་པ་ཡིན་ལ་གཞུང་དོན་བྱེ་བྲག་སྨྲ་བ་ལྟར་འཆད་པ་ཡིན། སྟོན་པའི་གསུང་ལུང་སྡེ་བཞི་སོགས་འདུལ་བའི་གཞུང་ཤིན་ཏུ་མང་ལ་དེ་དག་སྡོམ་པའི་ཚུལ་དུ་སློབ་དཔོན་ཡོན་ཏན་འོད་ཀྱིས་འདུལ་བ་མདོ་རྩ་མཛད་པ་ནི་འདུལ་བའི་རྩ་བར་བྱེད། དེ་ལ་གཞི་སྟོད་དང་གཞི་སྨད་གཉིས་ཡོད་ཅིང་། བརྗོད་བྱ་སྡོམ་པ་མ་ཐོབ་པ་འཐོབ་པར་བྱེད་པ་དང་ཐོབ་པ་མི་ཉམས་པ། ཉམས་པ་ཕྱིར་འཆོས་པའི་ཐབས་སྟོན་ནོ། །དེ་ལ་འགྲེལ་བ་མང་མོད་གྲགས་ཆེ་བ་ནི་ཀུན་མཁྱེན་མཚོ་སྣ་བས་མཛད་པའི་འདུལ་ཊྭཱྃཀ་ཉི་མའི་འོད་ཟེར་ཡིན།
མཆན།
①བསྟན་བཅོས་ལ་ཁྱད་པར་བཞི་དང་ལྡན་ཏེ། མཐོ་རིས་དང་ཐར་བ་འཐོབ་པའི་ཐབས་སོགས་བརྗོད་པས་བརྗོད་བྱ་དོན་དང་ལྡན་པ། ཚིག་སྔ་ཕྱིའི་འབྲེལ་ཆགས་པས་རྗོད་བྱེད་ཚིག་གི་སྐྱོན་དང་བྲལ་བ། ཁམས་གསུམ་གྱི་ཉོན་མོངས་ཅི་རིགས་སྤང་ཕྱིར་དུ་གསུངས་པས་དེ་སྤང་བར་འགྱུར་བའི་བྱེད་ལས་ཅན། དགོས་པ་ཉོན་མོངས་པ་དང་སྡུག་བསྔལ་ཞི་བའི་ཕན་ཡོན་སྟེ་བཞི་ཡིན་ལ་འདི་ལྡན་པར་ཁྱད་པར་བཞི་ལྡན་གྱི་གསུང་རབ་ཟེར་རོ། །


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།