འདུལ་བ་གཞི་གསུམ་ལས་འཕྲོས་པའི་དཔྱད་པ་བཞུགས་སོ། །
རྩོམ་པ་པོ།:ཚུལ་ཁྲིམས་བློ་གྲོས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-03-31 14:40:00
ཀློག་གྲངས།:
ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །དང་པོ་གསོ་སྦྱོང་གི་སྐབས་ཀྱི་དཔྱད་པ་ལ། གསོ་སྦྱོང་བྱ་བའི་དུས་ལ་དགག་གཞག་སྤང་གསུམ་ལས། དང་པོ་ནི། ཁ་ཅིག་ན་རེ། ཚེས་བཅོ་ལྔ་དང་གནམ་གང་ལ་གསོ་སྦྱོང་བཅོ་ལྔ་པ་དང་ཚེས་ཉེར་དགུ་ལ་བཅུ་བཞི་པ་བྱ་བས་ཁྱབ་ཅེ་ན། མི་འཐད་དེ། གསོ་སྦྱོང་བཅོ་ལྔ་པ་དང་བཅུ་བཞི་པ་ཡིན་ན་ཚེས་དེ་དང་དེ་ལ་ཁེལ་བས་མ་ཁྱབ་པའི་ཕྱིར་རོ། །དེ་ཡང་ཇི་ལྟར་ཞེ་ན། ཟླ་བ་གང་རུང་ཞིག་གི་ཚེས་གཅིག་ཉིན་གྲལ་ཚེས་དང་པོ་ལ་བབས་པ་ལྟ་བུར་མཚོན་ན། ཚེས་གྲངས་གཉིས་པ་དང་གྲལ་ཚེས་གཉིས་པ་གཉིས་ལྟོ་སྦྱར་བ་སོགས་ཀྱིས་རིམ་པར་བརྩིས་པའི་ཚེ། ཚེས་བརྒྱད་པ་དེ་ཆད་པའི་དབང་དུ་བྱས་ན་ཚེས་དགུ་པ་དེ་གྲལ་ཚེས་བརྒྱད་པ་ཡིན་དགོས་པ་གང་ཞིག དེ་ལྟ་ན་ཚེས་བཅུ་དྲུག་ཉིན་གསོ་སྦྱོང་བཅོ་ལྔ་པ་བྱ་དགོས་པའི་ཕྱིར་དང་། གལ་ཏེ་ཟླ་བ་དེའི་ནང་དུ་ཚེས་ལྷག་པ་མེད་ན་གསོ་སྦྱོང་བཅོ་ལྔ་པ་ཡིན་ན་ཟླ་བ་ཕྱི་མའི་ཚེས་གཅིག་གི་ཉིན་དང་བཅུ་བཞི་པ་ཡིན་ན་ཟླ་བ་དེ་ཉིད་ཀྱི་ཚེས་སུམ་ཅུ་ཐམ་པ་ལ་བྱ་དགོས་པའི་ཕྱིར་རོ། །ཡང་ཁ་ཅིག་ན་རེ། གསོ་སྦྱོང་བཅོ་ལྔ་པ་དང་བཅུ་བཞི་པ་གང་ཡིན་ཡང་རུང་སྟེ། ཟླ་བ་སོ་སོའི་ཚེས་བཅོ་ལྔ་དང་གནམ་གང་ཁོ་ན་ལ་བྱས་པས་ཆོག་གོ་ཞེ་ན། མི་འཐད་དེ། ཚེས་ཉེར་དགུ་དང་གཅིག་ལའང་གསོ་སྦྱོང་བྱ་རྒྱུ་ཡོད་པ་གོང་དུ་བཤད་པ་བཞིན་ནོ། གཉིས་པ་རང་ལུགས་ནི། རྒྱ་ཆེར་འགྲེལ་ལས། དགེ་འདུན་གྱི་གནས་བརྟན་གྱིས་ཀྱང་མི་དྲན་ལ། དགེ་སྐོས་ཀྱིས་ཀྱང་མི་དྲན་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨྱིག་མའི་ཐུར་མ་བཅོ་ལྔ་སྐུད་པ་ལ་བརྒྱུས་པ་གཞག་པར་བྱ་ཞིང་དེ་དག་ལས་ཉི་མ་རེ་རེ་ཞིང་རེ་རེ་དྲང་བར་བྱའོ་ཞེས་གསུངས་པའི་བར་དུ་གསུངས་པ་ཡིན་ནོ། །ཞེས་པ་ལྟར་ཉིན་ཚེས་གཉིས་པོ་སྣེ་མཉམ་པ་ནས་བཟུང་ཉིན་རེ་བཞིན་གྲལ་ཚེས་རེ་རེ་བགྲངས་ནས་ཞག་བཅོ་ལྔ་དང་སུམ་ཅུ་དང་ཞེ་ལྔ་རྣམས་ཀྱི་མཚམས་སུ་གསོ་སྦྱོང་བཅོ་ལྔ་པ་རེ་རེ་དང་ལྔ་བཅུ་ང་དགུ་ན་བཅུ་བཞི་པ་རེ་བྱ་དགོས་པ་ཡིན་ནོ། །དེ་ལྟ་ན་ཆད་ལྷག་གི་དབང་གིས་ཚེས་གྲངས་ནི་བཅོ་ལྔ་དང་གནམ་གང་དང་ཉེར་དགུ་རྣམས་སུ་འོང་བའི་ངེས་པ་མེད་པ་གོང་དུ་བཤད་པ་བཞིན་ཡིན་ནོ། །གསུམ་པ་ནི། འོ་ན། མཚོ་ཊཱིཀ་ལས། གསུམ་པ་དུས་གང་གི་ཚེ་གསོ་སྦྱོང་བྱ་བ་ནི། ཟླ་བ་ཕྱེད་ཕྱེད་ཀྱི་ཚེས་བཅོ་ལྔ་ལའོ་ཞེས་གསུངས་སོ། །རིགས་པས་ཀྱང་འཐད་དེ། མཚན་མ་གསལ་བས་གསོ་སྦྱོང་མི་བརྗེད་པའི་ཕྱིར་དང་། དུས་བཟང་བས་གཉེན་པོ་སྟོབས་ཆེ་ཞིང་སྤྲོ་བ་དང་མཐུན་པའི་ཕྱིར་རོ། །ཞེས་གསུངས་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། དེ་ནི་གསོ་སྦྱོང་ཕལ་མོ་ཆེ་ཚེས་ཞག་བཅོ་ལྔ་པ་དང་སུམ་ཅུ་པ་ལ་འབབ་པ་མངོན་སུམ་ཡིན་པ་དེ་ལ་དགོངས་པའི་ཕྱིར་རོ། །གཉིས་པ་ཟླ་བཤོལ་བྱུང་ཚེ་གསོ་སྦྱོང་ཇི་ལྟར་བྱ་བར་དཔྱད་པ་ལ་དགག་གཞག་སྤང་གསུམ་ལས། དང་པོ་གཞན་ལུགས་དགག་པ་ནི། ཁ་ཅིག་ན་རེ། ཞག་ཐུབ་པའི་རྗེས་སུ་ཟླ་བཤོལ་བྱུང་ན་ཟླ་བཤོལ་དེའི་མར་ངོའི་གསོ་སྦྱོང་ཡང་ཐུབ་པར་བྱ་ལ། མི་ཐུབ་པའི་རྗེས་སུ་བྱུང་ན་མི་ཐུབ་པ་བྱ་ཞེས་གསུང་ངོ་། །ཡང་ཁ་ཅིག་ནི། ཐུབ་པའི་རྗེས་སུ་བྱུང་ན་བཤོལ་ཟླ་དེ་མི་ཐུབ་པ་དང་། མི་ཐུབ་པའི་རྗེས་སུ་བྱུང་ན་ཐུབ་པར་བྱ་ཞེས་བཞེད་དོ། །དེ་གཉིས་ཀའང་མི་འཐད་དེ། དངོས་ཟླ་ཐུབ་མི་ཐུབ་གང་གི་རྗེས་སུ་བྱུང་ཡང་བཤོལ་ཟླ་དེ་ཉིད་ནི་ཐུབ་པ་ཁོ་ན་བྱ་དགོས་པའི་ཕྱིར་རོ། །མ་གྲུབ་ན། དེ་དགོས་ཏེ། བཤོལ་ཟླ་ཞེས་པ་ལོ་གསུམ་གྱི་རིང་ལ་ལོ་རེ་བཞིན་ཞག་བཅུ་བཅུ་ལྷག་པ་བསྡོམས་པ་ཡིན་པ་གང་ཞིག དེ་ལ་ཞག་ཉེར་དགུ་ཅན་ཞིག་འོང་དོན་མེད་པའི་ཕྱིར་ཞེས་མཚོ་སྣ་པ་ཆེན་པོ་གསུངས་པ་དོན་ལ་གནས་པའི་ཕྱིར་རོ། ། གཉིས་པ་རང་ལུགས་གཞག་པ་ནི། བཤོལ་ཟླའི་མར་ངོའི་གསོ་སྦྱོང་ཡིན་ན་བཅོ་ལྔ་པ་ཁོ་ན་ཡིན་ཏེ། དེའི་རྒྱུ་མཚན་གོང་དུ་བཤད་པ་ལྟར་རོ། །དེ་ལྟར་ཡང་ལོ་ཆེན་རིན་པོ་ཆེའི་གཞི་གསུམ་ཆོ་ག་ལས། གལ་ཏེ་ཟླ་བཤོལ་ཡོད་ཚེ་གང་ལ་བཤོལ་དོན་པའི་ཟླ་བ་དེ་ཐུབ་མི་ཐུབ་གང་ཡིན་ཡང་རུང་སྟེ། ཉིས་བརྩེགས་ཀྱི་ཕྱི་མ་ཉིད་ཐུབ་པར་བརྩིས་ཏེ་བགྲང་ཚུལ་ངེས་པར་བྱ་ལ། ཞེས་དང་། དཔག་སྙེ་ལས། གང་དག་ཟླ་བཤོལ་གྱི་མར་ངོའི་གསོ་སྦྱོང་ནི་རང་ཐུབ་མི་ཐུབ་གང་ཡིན་དེ་དང་འདྲ་བར་བྱེད་ཅེས་གསུངས་པ་མི་རིགས་ཏེ། མི་ཐུབ་པའི་རྗེས་སུ་མི་ཐུབ་པ་བྱེད་ན་ཉིན་ཞག་སུམ་ཅུ་ན་ཚེས་ཞག་སོ་གཅིག་ལོངས་བར་ཐལ་བའི་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །གསུམ་པ་རྩོད་པ་སྤང་བ་ནི། བཤོལ་ཟླའི་མར་ངོ་ལ་བཅོ་ལྔ་པ་བྱེད་པས་ཁྱབ་ན་ཐུབ་པའི་རྗེས་སུ་བཤོལ་བྱུང་བ་ན་ཉིན་ཞག་བརྒྱད་ཅུ་རྩ་དགུ་ན་གདོད་ཚེས་ཞག་གཅིག་ཆད་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། དེའི་ནང་ནས་ཞག་སུམ་ཅུ་ཐམ་པ་ནི་བཤོལ་ཟླ་འབུར་དུ་ཐོན་པས་ལྷག་པ་ཡིན་གྱི་རྒྱུན་ལྡན་གྱི་ཆད་མཚམས་ནི་ཞག་ང་དགུ་རང་དུ་ཡིན་པའི་ཕྱིར་རོ། །ཡང་ལོ་གསུམ་རེ་བཞིན་ཟླ་བཤོལ་འདོན་པ་མི་འཐད་དེ། ཟླ་བ་གཉིས་རེ་ན་ཞག་མི་ཐུབ་པ་རེ་འབྱུང་བར་གསུངས་པ་གང་ཞིག དེ་བསགས་ན་ལོ་རེ་ལ་ཞག་དྲུག་རེ་ལྷག་ལ། དེ་ལྟ་ན་ལོ་ལྔ་རེའི་རྗེས་སུ་ཟླ་བཤོལ་རེ་འབྱུང་གི་གསུམ་རེའི་རྗེས་སུ་འབྱུང་མི་སྲིད་དོ། །གལ་ཏེ་ལོ་གསུམ་རེ་ནས་འབྱུང་ན་ཞག་མི་ཐུབ་པའི་གསོ་སྦྱོང་ཡང་ལོ་རེ་ལ་བཅུ་རེ་འབྱུང་བར་འགྱུར་ལ། དེ་ལྟ་ན་རྒྱ་ཆེར་འགྲེལ་ལས། དུས་ཚིགས་དྲུག་པོ་དེ་དག་རེ་རེ་ལ་ཟླ་བ་གཉིས་གཉིས་ཏེ། ཟླ་བ་ཕྱེད་བཞི་བཞི་ཡོད་པ་ལ། ཕྱེད་དང་པོ་དང་གཉིས་པ་དང་ཐ་མ་དང་གསུམ་ལ་ནི་ཞག་བཅོ་ལྔ་བཅོ་ལྔ་ཐུབ་པར་བརྩིའོ། །ཕྱེད་གསུམ་པ་ལ་ནི་ཞག་རེ་རེ་ཆད་ཅིང་བཅོ་ལྔ་མི་ཐུབ་པར་བཅུ་བཞི་ཐུབ་པར་བརྩི་སྟེ། དེ་དག་ནི་གསོ་སྦྱོང་བཅུ་བཞི་པ་ཡིན་པར་རིག་པར་བྱའོ། །ཞེས་གསུངས་པ་དང་འགལ་བར་འགྱུར་རོ། །ཞེ་ན། སྐྱོན་མེད་དེེ། ཉིན་ཞག་ང་དགུ་ན་ཞག་མི་ཐུབ་པ་རེ་འདོན་པ་འདི་ནི་ཉིན་ཞག་དང་ཚེས་ཞག་གཤིབས་པ་ལས་བྱུང་བའི་དངོས་པོའི་དོན་གྱི་གནས་ཚུལ་ལྟར་ཡིན་ལ། འདིའི་དབང་དུ་བྱས་ན་ལོ་ལྔའི་ཞག་ལྷག་པ་རྣམས་བསགས་ཏེ་ལོ་དྲུག་པའི་ནང་དུ་ཟླ་བཤོལ་འབྱུང་བ་དངོས་པོའི་དོན་ལ་གནས་ཤིང་། སྔར་བཅས་ཀྱི་ཚེ་ན་ནི་དེ་བཞིན་དུ་བྱེད་པའང་ཡིན་ཏེ། ལུང་གཞི་ལས། ཟླ་བ་འདི་གང་། དབྱར་ཟླ་འབྲིང་པོའོ། །གཞན་གྱི་ཐ་ཆུང་ན། ལོ་རེ་བཞིན་བཤོལ་འབོར་རམ། འབོར་རོ། །གསོལ་བས། དེ་དག་འཕྱ་བ་ཡུས་ཀྱིས། ལོ་དྲུག་དྲུག་ཅིང་བཤོལ་བོར་ཅིག དྲུག་ལྔ་སུམ་བཅུ་སྟེ། ཞག་དང་ཟླ་བ་ཕྱེད་པོ་དང་ལོར་བསྒྲེས་ན་མཉམ་པས་མུ་སྟེགས་ཅན་གྱིས་གླགས་མི་རྙེད་དོ། །ཞེས་གསུངས་པའི་ཕྱིར་རོ། །འོ་ན་ལོ་གསུམ་རེ་ནས་བཤོལ་འདོར་བ་འགལ་ལོ་ཞེ་ན། དེ་ནི་དེའི་རྗེས་སུ་རྒྱལ་པོའི་ལུགས་དང་མཐུན་པའི་ཕྱིར་སླར་ཡང་བཅས་པ་སྟེ། ལུང་སྔ་མའི་འཕྲོས་སུ། དེ་ལྟར་བྱས་པ་དང་། རྒྱལ་པོའི་ལུགས་ཀྱིས་གསུམ་ནས་འདོར་བས་བློན་པོ་རྣམས་འཕྱ་བ་གསོལ་བས། སོགས་གསུངས་པའི་ཕྱིར་རོ། །དེ་ཡང་རྒྱ་གར་གྱི་རྒྱལ་པོའི་ལུགས་ལ་ལོ་གཅིག་གི་མོ་ཟླ་དྲུག་ལ་ཞག་ཉེར་དགུ་རེ་ལས་མེད་པས་ཞག་དྲུག་དང་དེའི་སྟེང་དུ་དབྱར་དགུན་གྱི་ཉི་མ་ལྡོག་མཚམས་སུ་ཞག་གཉིས་གཉིས་ཏེ་ཁྱོན་ལོ་རེ་ལ་ཞག་བཅུ་རེ་ལྷག་པོར་འདོན་ཞེས་གསུངས་སོ། །དེ་ལྟར་ཟླ་བཤོལ་འདོན་པ་རྒྱལ་པོའི་ལུགས་དང་བསྟུན་མོད། འོན་ཀྱང་ཞག་གི་བཤོལ་ལས་གསོ་སྦྱོང་བཅུ་བཞི་པ་ནི་ཉིན་ཚེས་ཀྱི་ཁྱད་པར་དོན་ལ་གནས་ཚུལ་ཇི་ལྟ་བ་བཞིན་དུ་ཕྱིས་སུའང་ཕྱག་ལེན་དུ་མཛད་པ་ཡིན་པར་སྣང་སྟེ། གསོ་སྦྱོང་བཅུ་བཞི་པའི་དུས་གཏན་ལ་འབེབས་པའི་འདུལ་མངོན་གྱི་གཞུང་ཐམས་ཅད་ལས་དེ་ལྟར་དུ་གསུངས་པའི་ཕྱིར་རོ། །དེ་ཡང་མདོ་རྩ་བ་ལས། ཉིན་ཞག་གཅིག་གིས་མི་ཆོག་པར་བྱའོ། །དུས་ཚིགས་རྣམས་ཀྱི་ཟླ་བ་ཕྱེད་ལུས་པ་ལའོ། །ཞེས་དང་། རྒྱ་ཆེར་འགྲེལ་གྱི་ལུང་གོང་དུ་དྲངས་པ་དང་། མེ་ཏོག་ཕྲེང་རྒྱུད་ལས། ས་ག་དང་ནི་ཆུ་སྟོད་དང་། །དེ་བཞིན་ཁྲུམ་སྨད་སྨིན་དྲུག་དང་། །རྒྱལ་དང་དབོ་ཞེས་བྱ་བ་ཉིད། །དྲུག་པོའི་མར་ངོ་བཅུ་བཞིར་བརྗོད། །དེ་བཞིན་དེ་ལས་གཞན་དག་ནི། །བཅོ་བརྒྱད་བཅོ་ལྔ་པར་ནི་འདོད། །ཅེས་དང་། དགེ་ཚུལ་གྱི་དང་པོའི་ལོ་དྲི་ལས། རྒྱལ་དང་དབོ་དང་ས་ག་ཅན། །ཆུ་སྟོད་ཁྲུམ་སྨད་སྨིན་དྲུག་ཅན། །འདི་རྣམས་ཀྱི་ནི་ནག་པོའི་ཕྱོགས། །ཟླ་ཕྱེད་གསོ་སྦྱོང་བཅུ་བཞི་པའོ། །ལྷག་མ་རྣམས་ནི་བཅོ་ལྔ་པའོ། །ཞེས་དང་། མཛོད་རང་འགྲེལ་ལས། དགུན་དང་དཔྱིད་དང་དབྱར་རྣམས་ཀྱི། །ཟླ་བ་ཕྱེད་དང་གཉིས་འདས་ནས། །ཟླ་བ་ཕྱེད་ནི་ལུས་པ་ན། །མཁས་པས་ཞག་མི་ཐུབ་པ་འདོར། །ཞེས་དང་། སློབ་དཔོན་རྒྱལ་པོའི་སྲས་ཀྱི་མཛོད་ཀྱི་འགྲེལ་བཤད་ལས་ཀྱང་། དེ་ལ་འདི་ལ་ཕྱེད་ལྷག་པ་ཡོད་པས་ན་ཟླ་བ་ཕྱེད་དང་གཉིས་སོ། །ཕྱེད་དང་གཉིས་པོ་དེ་འདས་ནས་ཏེ། དགུན་ཟླ་ར་བ་དགུན་ཟླ་འབྲིང་པོ་ཕྱེད་དང་བཅས་པར་འདས་ནས་ལྷག་མ་ཟླ་བ་ཕྱེད་ནི་ལུས་པ་ན་སྟེ། དགུན་ཟླ་འབྲིང་པོའི་ཕྱེད་ལུས་པ་ན་མར་གྱི་ངོའི་ཚེས་བཅུ་བཞི་ལ་མཁས་པ་སངས་རྒྱས་པ་རྣམས་ཀྱིས་ཞག་མི་ཐུབ་པ་སྟེ་ཞག་གི་བཤོལ་འདོར་བར་བྱའོ། །ཞེས་བྱ་བའི་ཐ་ཚིག་གོ །འདིར་ནི་དགེ་སྦྱོང་རྣམས་ཀྱི་བཅུ་བཞི་པའི་གསོ་སྦྱོང་བྱེད་དོ། །དེ་བཞིན་དུ་དགུན་ཟླ་ཐ་ཆུང་དཔྱིད་ཟླ་ར་བའི་ཕྱེད་དང་བཅས་ཏེ་འདས་ན་དཔྱིད་ཟླ་ར་བའི་ཕྱེད་ལུས་པ་ན་ཡང་ཞག་གི་བཤོལ་གཞན་འདོར་བར་བྱའོ། །ཞེས་སོགས་ནས། སྟོན་ཟླ་ཐ་ཆུང་མར་གྱི་ངོའི་ཚེས་བཅུ་བཞི་ལ་ཞག་གི་བ ཤོལ་གཞན་འདོར་བར་བྱའོ། །ཞེས་གསལ་བར་གསུངས་པའི་ཕྱིར་རོ། །གཉིས་པ་དབྱར་གནས་ལ་གཉིས་ཏེ། གནས་པའི་ཡུན་ལ་དཔྱད་པ་དང་། དབྱར་བྱིན་རླབས་ལ་དཔྱད་པའོ། ། དང་པོ་ནི། ཁ་ཅིག་ན་རེ། བོད་ཀྱི་དབྱར་གནས་ཕལ་མོ་ཆེ་ནི་ཟླ་བ་གཅིག་དང་ཕྱེད་ལས་མི་གནས་པས་དང་པོ་ཁས་ལེན་པའི་ཚེ་ཉིད་ནས་ཟླ་བ་གཅིག་དང་ཕྱེད་དུ་གནས་པར་ཁས་ལེན་ནོ་ཞེ་ན། མི་འཐད་དེ། དེ་ལྟ་ན་དབྱར་གནས་མི་འཆག་པར་གསུངས་པའི་ཕྱིར་རོ། ། དེ་ལྟར་དུའང་། ཡོན་ཏན་མཛོད་འགྲེལ་བདེན་གཉིས་ཤིང་རྟ་ལས། ཟླ་བ་གསུམ་དུ་མ་ཚང་བའི་ཁས་ལེན་ཀྱང་མི་རུང་ངོ་། །ཞེས་དང་། འདུལ་འཛིན་གྲགས་པ་རྒྱལ་མཚན་གྱིས་ཀྱང་། དང་པོ་ནས་ཟླ་བ་གསུམ་དུ་མ་ཚང་བའི་ཁས་ལེན་བྱར་མི་རུང་བས། ཁས་ལེན་པའི་ཚེ་ན་ཟླ་བ་གསུམ་དུ་ཁས་ལེན་ངེས་པར་དགོས་སོ། །ཞེས་དང་། མཁས་པ་གཞན་གྱིས་དེ་ལྟར་ཁས་མ་བླངས་ན་མི་འཆག་པར་ཡང་གསུངས་པས་སོ། །དེ་ཡང་ཡིན་ཏེ། དབྱར་ཁས་ལེན་པའི་སྔགས་ལས། གནས་རལ་དང་གྲུམ་པ་བཅོས་པའི་སླད་དུ་ཟླ་བ་གསུམ་གནས་པར་ཁས་བླང་ངོ་། །ཞེས་འབྱུང་བ་ཡིན་ལ། ཞེ་བས་དེ་ལྟར་དུ་མི་འདོད་ན་ནི་རྫུན་ཙམ་དུ་འགྱུར་ལ། དེ་ལྟ་ན་ནི་མདོ་རྩ་བ་ལས། བཞད་གད་ཀྱི་དངོས་པོས་ནི་གང་གིར་ཡང་མི་འགྱུར་རོ། །ཞེས་གསུངས་པ་དང་འདྲ་བས་དབྱར་འཆག་པར་ག་ལ་འགྱུར་ཏེ་མི་འགྱུར་རོ། །དེས་ན་བོད་ཀྱི་དབྱར་གནས་ཁས་ལེན་ཚུལ་འདི་ཁ་ཅིག་ན་རེ། ད་ལྟ་ཕྱེད་དང་གཉིས་ཙམ་ཞིག་ཁས་ལེན་པ་ཇི་ལྟར་ཡིན་ཞེ་ན། སྐྱོན་མེད་དེ། དང་པོར་གསུམ་ཁས་ལེན་པར་བཤད་པ་ནི་ཕུན་སུམ་ཚོགས་པའི་དབང་དུ་བྱས་ལ། ཕྱག་ལེན་ལ་དེ་ལྟར་མཛད་པ་ནི། ཡུལ་དུས་ཀྱི་དམིགས་བསལ་ཙམ་ཞིག་ཏུ་བྱར་རུང་བའི་ཕྱིར་ཞེས་བྱའོ་སྙམ་མོ། །ཞེས་ཟེར་རོ། །འོན་ཀྱང་གོངབཤད་བཞིན་ཟླ་བ་གསུམ་དུ་གནས་པར་ནི་ཁས་བླང་དགོས་ལ། མི་གནས་པར་བསམ་བཞིན་དུ་དེ་ལྟར་ཁས་བླངས་པའང་མི་འཐད་པས་ན་འདི་ལྟར། གལ་ཏེ་དབྱར་ནང་དུ་གློ་བུར་གྱི་དགག་དབྱེ་བྱ་དགོས་པའི་རྒྱུ་མཚན་གཞན་མ་བྱུང་ན་ནི་བདག་གནས་འདི་ཉིད་དུ་ཟླ་བ་གསུམ་གནས་པར་བྱའོ་ཞེས་ཁས་བླངས་ན་དབྱར་ཡང་ལེགས་པར་འཆག་ལ། བོད་ཀྱིས་དབྱར་ནང་དུ་གློ་བུར་གྱི་དགག་དབྱེ་བྱེད་པ་ལའང་རྒྱུ་རྐྱེན་མེད་པ་མ་ཡིན་པས་རྫུན་དུའང་མ་སོང་བ་ཞིག་འོང་ངམ་སྙམ་དུ་སེམས་སོ། ། གཉིས་པ་བོད་ཀྱི་དབྱར་གནས་ལ་དབྱར་བྱིན་རླབས་འཆག་གམ་མི་འཆག་ཞེ་ན། ཁ་ཅིག་ན་རེ། མི་འཆག་སྟེ། དེ་ལྟ་ན་དབྱར་གྱི་ཕྱེད་ཙམ་ཡང་མཚམས་ནང་དུ་གནས་པ་མེད་པའི་ཕྱིར་རོ། །ཞེས་ཟེར་རོ། །འོན་ཀྱང་དང་པོ་ཁས་ལེན་པའི་ཚེ་ན་ཟླ་བ་གསུམ་དུ་གནས་པར་ཁས་བླངས་པ་ཡོད་ན་ནི་ཕྱིས་སུ་སྡོད་རྒྱུ་མ་བྱུང་ན་ཡང་གློ་བུར་གྱི་དགག་དབྱེ་བྱ་བའི་སྔ་རོལ་དུ་ཆོས་ལྡན་གྱི་དགོས་པ་ཡོད་ཚེ་བྱིན་རླབས་བྱས་ཀྱང་མི་འཆག་པར་སྨྲ་བ་ལ་རྒྱུ་མཚན་ཆེར་མ་མཐོང་བས་མི་འཆག་པར་ཁ་ཚོན་གཅོད་པ་ལ་དོགས་པ་ཅུང་ཟད་ཡོད་ལ། དང་པོ་ནས་ཟླ་བ་གསུམ་དུ་གནས་པར་ཁས་མ་བླངས་ན་ནི་དབྱར་གནས་པ་ཉིད་ཀྱང་མི་འཆག་ན་དེ་ལ་དབྱར་བྱིན་རླབས་འཆག་རྒྱུ་མེད་པ་སྨོས་མ་དགོས་སོ། ། གསུམ་པ་དགག་དབྱེའི་སྐབས་སུ། ནམ་དགག་དབྱེ་བྱ་བའི་དུས་ལ། དགག་གཞག་སྤང་གསུམ་ལས། དང་པོ་ནི། ཁ་ཅིག་ན་རེ། དགག་དབྱེ་ནི་ཉིན་པར་གྱི་དུས་སུ་བྱ་སྟེ། སྨིན་གླིང་ལོ་ཆེན་ལ་སོགས་པའི་དགོངས་པ་ཡིན་པའི་ཕྱིར་རོ་ཞེ་ན། དེར་ངེས་པ་མེད་དེ། དབྱར་མཐའི་དགག་དབྱེ་དེ་ཉིན་པར་གྱི་དུས་སུ་བྱ་བ་མ་ཡིན་པའི་ཕྱིར་རོ། ། གྲུབ་སྟེ། ལུང་གཞི་ལས། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ནམ་ལངས་སུ་ཉེའི་དགག་དབྱེ་གྱིས་ཤིག་ཅེས་དང་། མདོ་རྩ་བ་ལས། དགག་དབྱེའི་ལས་ནི་སྐྱ་རེངས་འཆར་བའི་མདུན་དུའོ། །ཞེས་དང་། རྒྱ་ཆེར་འགྲེལ་ལས། དགག་དབྱེའི་ལས་ནི་ཅི་ནས་ཀྱང་སྐྱ་རེངས་དང་པོ་འཆར་བ་དང་དགག་དབྱེའི་ལས་ཀྱི་མཇུག་གི་ཆར་མི་འཕྲད་པ་དེ་ལྟར་སྐྱ་རེངས་དང་པོ་མ་ཤར་བར་ལས་ཐམས་ཅད་ཟིན་པར་བྱའོ།།ཞེས་དང་གཞི་འགྲེལ་དང་འགྲེལ་ཆུང་ལས་ཀྱང་དེ་ལྟར་དུ་གསུངས་པའི་ཕྱིར་རོ། ། གཉིས་པ་རང་ལུགས་གཞག་པ་ནི། དགག་དབྱེ་ལ་གཉིས་ཏེ། དབྱར་མཐའི་དགག་དབྱེ་དང་གློ་བུར་གྱི་དགག་དབྱེའོ། །དེ་ལ་དབྱར་མཐའི་དགག་དབྱེ་ནི་དབྱར་སྔ་མ་ཡིན་ན་ཧོར་ཟླ་དགུ་པའི་ཡར་ངོའི་ཚེས་བཅོ་ལྔའི་ནུབ་མོ་མཚན་ཐོག་ཐག་ཏུ་ཆོས་བཤད་ནས་ཚེས་བཅུ་དྲུག་པའི་སྐྱ་རེངས་མ་ཤར་ཙམ་དུ་དགག་དབྱེ་ཟིན་པར་བྱེད་པའོ། །དེ་ལྟར་དུའང་རྒྱ་ཆེར་འགྲེལ་ལས། ཚེས་བཅོ་ལྔའི་ནུབ་མོ་མདོ་སྡེ་དང་འདུལ་བ་དང་མ་མོ་འཛིན་པ་དེ་དག་གིས་དགག་དབྱེའི་ལས་ལ་མ་བབས་པའི་མདུན་རོལ་ཚུན་ཆད་དུ་ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་དབབ་པས་དགག་དབྱེའི་ལས་རྩོམ་པ་ལ་ཐུག་པ་ཚུན་ཆད་དུ་མཚན་མོ་འདའ་བར་བྱའོ། །ཞེས་དང་། འགྲེལ་ཆུང་ལས། ཚེས་བཅོ་ལྔའི་ནུབ་མོ་བཅུ་དྲུག་གི་སྐྱ་རེངས་མ་བྱུང་ཚུན་ཆད་དུ་ཚུལ་ནས་དབྱུང་བར་བྱའོ། །ཞེས་གསུངས་སོ། །རིགས་པས་ཀྱང་དེ་འགྲུབ་སྟེ། གལ་ཏེ་ཚེས་བཅོ་ལྔའི་ཉིན་པར་ཚུལ་ནས་བྱུང་ན་ཟླ་བ་གསུམ་གནས་པར་ཁས་བླངས་ནས་ཟླ་བ་གསུམ་ཡོངས་སུ་རྫོགས་པར་མ་གནས་པར་འགྱུར་བའི་ཕྱིར་རོ། ། གཉིས་པ་གློ་བུར་གྱི་དགག་དབྱེ་ལའང་གཉིས་ཏེ། དམག་ལ་སོགས་འཇིགས་པའི་དབང་གིས་དང་། དགེ་སློང་འཐབ་ཀྲོལ་ཅན་འོང་བའི་དབང་གིས་སོ། ། དང་པོ་ནི། ནམ་ཚུལ་ནས་འབྱུང་བ་ལ་དུས་ཚོད་ངེས་གཟུང་མེད་དེ། དཔེར་ན། དམག་གི་འཇིགས་པ་བྱུང་བ་ལ་དགེ་འདུན་རྣམས་འཕྲལ་དུ་དགག་དབྱེ་བགྱིད་པ་ལྟ་བུའོ། །གཉིས་པ་དགེ་སློང་འཐབ་ཀྲོལ་ཅན་འོང་བ་ཐོས་ཏེ། ཟླ་བ་གཉིས་ཀྱི་ངོ་མཐོང་བའི་ཉ་ཚེས་གང་རུང་ལ་དགག་དབྱེ་བྱེད་པ་ནི་ཉ་ཚེས་དེ་དང་དེའི་ཉིན་པར་ཚུལ་ནས་བྱུང་ཡང་འགལ་བ་མེད་པ་འདྲ་སྟེ། ཉ་ཚེས་དེ་དང་དེ་རྫོགས་པའི་བར་དུ་གནས་པར་བྱ་ཞེས་ཁས་བླངས་པ་ནི་མེད་ལ། ཟླ་བ་གསུམ་དུ་གནས་པར་ཁས་བླངས་པ་ཡོད་ཀྱང་རྐྱེན་དབང་གིས་གློ་བུར་དགག་དབྱེ་བྱ་བར་གནང་བའི་ཕྱིར་རོ། །ཡང་ན་དབྱར་མཐའི་དགག་དབྱེ་ལྟར་ཉིན་ཕྱི་མའི་སྐྱ་རེངས་མ་ཤར་བའི་སྔོན་ཙམ་དུ་བྱས་ཀྱང་བཟང་སྟེ། དེ་སྲིད་དུ་གནས་པའི་ཆ་ནས་ཕན་ཡོན་ལྷག་པོ་འབྱུང་བར་འགྱུར་བའི་ཕྱིར་རོ། ། གསུམ་པ་རྩོད་པ་སྤང་བ་ནི། གོང་དུ་དགག་དབྱེ་མཚན་མོ་བྱེད་དགོས་པར་བཤད་བ་ལྟར་ན། ལོ་ཆེན་དང་པདྨ་བཛྲ་གྱི་གཞི་གསུམ་ཆོ་ག་དང་ཟིན་བྲིས་རྣམས་ལས་ཉིན་པར་དགག་དབྱེ་བྱ་བར་གསུངས་པ་འགལ་ལོ་ཞེ་ན། ལོ་ཆེན་གྱིས་ཚེས་བཅུ་བཞིའི་མཚན་མོ་ཆོས་བཤད་ནས་དེའི་མཚན་མོའི་ཐ་རྫོགས་པ་སྐྱ་རེངས་ཤར་བའི་མདུན་རོལ་ནས་བརྩམས་ཏེ་ཉིན་ཞག་བཅོ་ལྔ་པར་གྱུར་པའི་སྔ་དྲོའི་དུས་སུ་བྱ་བར་གསུངས་མོད། རྒྱ་ཆེར་འགྲེལ་སོགས་དང་ཉིན་ཞག་འགྲིགས་ཏེ། ལོ་ཆེན་སོགས་ཀྱིས་ཉིན་ཞག་དེའི་སྟོད་དུ་དང་། རྒྱ་ཆེར་འགྲེལ་སོགས་ཀྱིས་ཉིན་ཞག་དེའི་མཇུག་ཏུ་དགག་དབྱེ་བྱེད་པའི་ཁྱད་པར་ཙམ་ལས་གཞན་མེད་པའི་ཕྱིར་རོ། །དེས་ན་དབྱར་ཟླ་བ་གསུམ་གནས་པར་ཁས་བླངས་པ་ལས། ཞག་ཐ་མ་དེའི་སྔ་དྲོའི་དུས་སུ་ཟླ་བ་གསུམ་གྱི་ཉིན་གྲངས་ཙམ་ཚང་བས་དེར་དགག་དབྱེ་བྱས་ཀྱང་མི་འགལ་བ་ཡིན་ནམ་སྙམ་མོ། །འོན་ཀྱང་རྒྱ་ཆེར་འགྲེལ་སོགས་ལྟར་ན་བསོད་ནམས་ལྷག་པོར་ཡོད་པས་བཟང་བ་ཡིན་ནོ། །བོད་ཀྱི་དགག་དབྱེ་ཕལ་མོ་ཆེ་ནི་དབྱར་མཐའི་དགག་དབྱེ་དངོས་མ་ཡིན་པས་གོང་གི་དགེ་སློང་འཐབ་ཀྲོལ་ཅན་འོང་བའི་དབང་གི་དགག་དབྱེ་བྱེད་པ་དང་མཚུངས་པར་གློ་བུར་དགག་དབྱེར་གཏོགས་པས་ཉིན་པར་བྱས་ཀྱང་འགལ་བ་མེད་པར་སེམས་སོ། །གཞན་དུ་ན་བོད་ཀྱི་དགག་དབྱེ་ཡང་རྒྱ་ཆེར་འགྲེལ་སོགས་ལས་གསུངས་པའི་དབྱར་མཐའི་དགག་དབྱེ་ལྟར་ཉིན་ཕྱི་མའི་སྐྱ་རེངས་མ་ཤར་བའི་གོང་ཙམ་དུ་གྲུབ་པར་བྱས་ཀྱང་འགལ་བ་མེད་པར་མ་ཟད་ལེགས་པ་ཡིན་ཏེ་རྒྱུ་མཚན་ནི་གོང་བཞིན་ནོ། །
འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།