དགོན་པ་རྣམས་ཀྱིས་ངེས་པར་དུ་སློབ་གཉེར་ལ་དོ་དམ་མཛད་དགོས་པའི་བསམ་ཚུལ་བརྗོད་པ།

རྩོམ་པ་པོ།:ཚུལ་ཁྲིམས་བློ་གྲོས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-03-19 09:18:00 ཀློག་གྲངས།:
      བླ་མ་དང་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །དེ་ཡང་གངས་ཅན་གྱི་ཡུལ་འདིར་མཁན་སློབ་ཆོས་གསུམ་གྱིས་དཔལ་བསམ་ཡས་མ་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཕྱག་འདེབས་མཛད་པ་ནས་བཟུང་། བོད་ཀྱི་དགོན་པ་རྣམས་ནི་ལོ་སྟོང་ལྷག་གི་རང་ལ་ཆོས་པ་རྣམས་ཀྱིས་བབ་པ་གསུམ་ཉམས་བཞེས་བྱ་བའི་གནས་ཡིན་པར་མ་ཟད། བཅུ་ཕྲག་རིག་གཞུང་མ་ལུས་པ་འཛིན་སྐྱོང་སྤེལ་བར་བྱ་བའི་གཙོ་བོའི་གནས་ཀྱང་ཡིན། དེའི་ཕྱིར་དགོན་ཆེན་རྣམས་སུ་མདོ་རྒྱུད་ཀྱི་འཆད་ཉན་ཆ་ཚང་ཡོད་པར་མ་ཟད། སྨན་རྩིས་སོགས་རིག་གནས་ཡོངས་རྫོགས་ཀྱི་ཁྲིད་རྒྱུན་མ་ཉམས་པར་བཞུགས། བོད་ཀྱི་བླ་མ་རྣམས་ཀྱིས་མདོ་རྒྱུད་ཀྱི་དགོངས་པ་འགྲེལ་བའི་བསྟན་བཅོས་དུ་མ་མཛད་པར་མ་ཟད། རིག་གནས་མཐའ་དག་གི་དགོངས་འགྲེལ་ངོ་མཚར་ཅན་གྱི་གླེགས་བམ་ཤིན་ཏུ་མང་པོ་མཛད་དེ་འཆད་ཉིན་གྱི་ཁུར་བཞེས་པའི་བཀའ་དྲན་གྱིས་རིན་ཐང་དང་བྲལ་བའི་རིག་གནས་དེ་རྣམས་ད་ལྟའི་བར་དུ་གནས་པ་ཡིན་ནོ། །
      དེ་ལྟ་ནའང་དེང་སང་ནི་དགོན་པ་རྣམས་ཀྱི་ནང་དུ་རིག་གནས་མཐའ་དག་གི་སློབ་སྦྱོང་ལྟ་ཅི། ནང་དོན་རིག་པ་ཁོ་ནའི་ཕྱོགས་ཀྱི་སློབ་གཉེར་བྱ་རྒྱུ་ཡོད་པའང་ཤིན་ཏུ་དཀོན་པོ་ཡིན། དེའི་དབང་གིས་དགོན་པ་མང་པོའི་གྲྭ་པ་ཕལ་ཆེ་བ་ལ་ཆོས་ཕྱོགས་ཀྱི་སྦྱོང་བརྡར་མ་འཐོབ་པས་སྡེ་སྣོད་གསུམ་གྱི་དོན་མ་མཁྱེན་པར་གྱུར། དེ་མ་མཁྱེན་པས་བབ་པ་གསུམ་གྱི་མཉམ་བཞེས་ལེགས་པོ་མ་འོང་། དེ་མ་བྱུང་བས་འཇིག་རྟེན་མ་དད་པར་གྱུར་པའི་བྱ་བ་མང་པོས་གང་སར་ཁྱབ། དེའི་དབང་གིས་དགེ་འདུན་ལ་མཐོང་ཆུང་དང་སྐྱེ་བོ་མང་པོའི་རྒྱུད་ལོག་ལྟས་ཁེངས་པས་བསྟན་པ་ལ་ཉམ་ཉེས་ཆེན་པོ་འབྱུང་བ་གོར་མ་ཆག  དེ་ལྟ་ན་ཉེས་པ་ཐམས་ཅད་ཀྱི་རྩ་བ་དགོན་པའི་ནང་དུ་བཤད་སྒྲུབ་ཀྱི་བསྟན་པ་གནད་སྨིན་ཞིག་མེད་པ་འདི་ཉིད་ལ་ཐུག་པ་ཡིན་པར་ཤེས་པར་བྱའོ། །
      འོ་ན་ཇི་ལྟར་བྱ་དགོས་ཞེ་ན། འཛམ་གླིང་གི་ཡུལ་གྲུ་གང་དུའང་མེད་པའི་སངས་རྒྱས་ཀྱི་བསྟན་པ་ཕུན་སུམ་ཚོགས་པ། དུས་ཀྱི་མཐར་ཡང་ས་ཆེན་པོ་འདིའི་ཤར་ནུབ་ཀྱི་རིག་པ་གསར་རྙིང་གཉིས་ཆར་གྱི་ནང་ན་ཀུན་ལས་ཁྱད་པར་དུ་འཕགས་ཤིང་ཉི་ཟླ་བཞིན་དུ་ལྷང་ངེར་གསལ་བ། ཕྱི་ནང་གི་རྒུད་པ་ཡོངས་སུ་གསོ་བ་ལ་མེད་དུ་མི་རུང་ཞིང་། སྣོད་བཅུད་ལེགས་པའི་ལམ་དུ་འཁྲིད་པར་བྱེད་པའི་ཐབས་ཚུལ་རྨད་དུ་བྱུང་བ་འདི་ཉིད་ཡུན་ནས་ཡུན་དུ་གནས་པ་ཞིག་དགོས་ཕྱིན་དགོན་པ་སོ་སོའི་ནང་རྒྱ་ཆེ་ཆུང་ལ་མ་ལྟོས་པའི་བཤད་སྒྲུབ་ཀྱི་བསྟན་པ་སྤུས་ལེགས་རེ་མེད་ཐབས་མེད།དེ་ཡོད་མེད་དགོན་དཔོན་དང་དགེ་སྐོས་སོགས་ཀྱི་བསམ་པ་ལ་རག་ལས་པ་ཡིན།དེ་ཕྱིར་ཐོག་མར་བྱ་དགོས་པ་ནི། དགོན་པ་དེའི་ཕྱི་ནང་གི་བྱ་བ་ཐམས་ཅད་ལ་བདག་གཉེར་བགྱིད་པའི་དགེ་འདུན་གྱི་སྡེ་ཚོགས་ཤིག་འཛུགས་དགོས། དེ་ཡང་ཇི་ལྟ་བུ་ཞིག་དགོས་ཞེ་ན། སངས་རྒྱས་ཀྱི་བསྟན་པ་སྤྱི་ལ་གོ་བ་ཆགས་ཤིང་བསྟན་འགྲོ་ལ་ལྷག་བསམ་རྣམ་པར་དག་པ་ཡོད་པ་དང་། ཁྱད་པར་དུ་བཤད་སྒྲུབ་ཀྱི་བསྟན་པ་ལ་ཐུགས་ཁུར་ཡང་དག་བཞེས་ངེས་པའི་གང་ཟག་བཞི་ཡན་ཆད་ཚང་བ་ཞིག་དགེ་འདུན་གྱིས་བསྐོ་དགོས། དེ་ལས་གཞན་དུ་ཐོས་བསམ་སློབ་གཉེར་ཅི་ཡང་བྱེད་མ་མྱོང་བ་དང་། བསྟན་འགྲོ་ལ་ལྷག་བསམ་མེད་ཅིང་།མ་ཆེན་རྒྱལ་པོའམ་ཚོང་པ་ཆེན་པོ་དག་གི་ལད་མོ་ཁོ་ནར་གཡེངས་པ་དང་། རང་གི་ཁྱིམ་གཞིས་ཀྱི་ཆེད་དུ་བྱ་བ་སྣ་ཚོགས་ཀྱིས་དུས་འདའ་བ་རྣམས་ཀྱིས་དགོན་པའི་སྙིང་དོན་ལུང་རྟོགས་ལ་ཕན་ཐོགས་ཅི་ཡང་མེད། དེར་མ་ཟད་དགོན་དཔོན་གྱིས་ཀྱང་བཤད་སྒྲུབ་ཀྱི་བསྟན་པ་ལ་ཐུགས་ཁུར་མ་བཞེས་ན། ཁོང་ཉིད་རྡོ་རྗེ་སློབ་དཔོན་གྱི་གོ་ས་ནས་བཞུགས་སུ་གསོལ་བའི་འོས་ཙམ་ཡིན་གྱི། དགོན་པའི་བཤད་སྒྲུབ་ཀྱི་བསྟན་པ་ནི་མི་གཅིག་གི་བསམ་ཚུལ་དང་བསྟུན་ཏེ་བཏང་སྙོམས་སུ་གཞག་ཏུ་མེད་པས་དགེ་འདུན་སྤྱིས་བསྐོས་པའི་ཚོགས་པ་ཡང་དག་པ་དེས་དགོན་པའི་སློབ་གཉེར་དེ་ཐུགས་དམ་གྱི་མཐིལ་དུ་བཟུང་སྟེ་བཀོད་སྒྲིག་ལེགས་པོ་བྱ་དགོས་སོ། །
      དགོན་པའི་སློབ་གཉེར་དེ་ལ་རིམ་པ་གསུམ་སྟེ། བྱིས་པའི་སློབ་གཉེར་དང་། ན་གཞོན་གྱི་སློབ་གཉེར་དང་། དད་ལྡན་མང་ཚོགས་གྱི་སློབ་གཉེར་རོ། །
      དང་པོ་བྱིས་པའི་སློབ་གཉེར་ནི། དེང་སང་རང་རེའི་ཡུལ་ཕྱོགས་ཕལ་མོ་ཆེ་ན་ཕ་མ་དང་ཀློག་སློབ་པའི་གྲྭ་རྒན་རྣམས་ཀྱིས་རྩ་བ་ནས་འཆུག་པར་གྱུར་ཟིན་པའི་བསམ་པ་དེ་ལ་ད་དུང་སྒྱུར་བཅོས་མ་ཐུབ་པའི་རྐྱེན་གྱིས་བྱིས་པ་ཕལ་མོ་ཆེའི་མི་ཚེའི་འདུན་མ་ཆུད་ཟོས་སུ་གཏོང་བཞིན་ཡོད། དེ་ཡང་ཇི་ལྟར་ནི་ཕ་མ་མང་ཆེ་བས་བྱིས་པ་རྣམས་སློབ་གྲྭར་གཏན་ནས་མི་གཏོང་།  བྱིས་པ་རྣམས་ཀྱིས་སློབ་གྲྭ་ནས་སློབ་སྦྱོང་བྱ་རྒྱུ་དེ་དགོས་གལ་ཅན་ཞིག་ཡིན་བསམ་པ་ཡིད་ལ་མ་འཆར། ཐམས་ཅད་རང་དགར་གྲོང་གསེབ་ཏུ་འཁྱམས་ཏེ་སྡོད་པའམ་ཡང་ན་ཕྱུགས་ལུག་འཚོ་སྐྱོང་བྱེད་ཏུ་འཇུགདེ་ལ་སོགས་པའི་དབང་གིས་བོད་མི་ཕལ་མོ་ཆེ་ཡིག་རྨོངས་ཁོ་ནར་ལུས། དེས་ན་ཇི་སྲིད་དུ་བྱ་བ་འདི་དག་ལ་སྒྱུར་བཅོས་ལེགས་པོ་མ་བྱུང་བ་དེ་སྲིད་དུ་བོད་མི་སེར་སྐྱ་གཉིས་ཀའི་ནང་ན་མཁས་མཛངས་དང་ལྡན་པའི་མི་གོ་ཆོད་འབྱུང་རྒྱུ་དཀའ་སྟེ། ས་བོན་མ་བཏབ་ན་སྟོན་ཐོག་འོང་རྒྱུ་མེད་པ་ལྟ་བུ་ཡིན། དེས་ན་བྱིས་པ་རྣམས་བོད་རང་གི་རིག་གནས་ཆ་ཚང་སྦྱང་རྒྱུ་ཡོད་པའི་སློབ་གྲྭ་བཟང་ཤོས་རེ་ནས་སློབ་སྦྱོང་ལེགས་པོ་ཞིག་འོང་ཐབས་ལ་ཕ་མ་རྣམས་ཀྱིས་དཀའ་ངལ་ཁྱད་དུ་བསད་དེ་འབད་པ་བྱ་དགོས་སོ།། ཡང་བྱིས་པ་མང་པོ་ཞིག་ནི་འབྲི་ཀློག་ཙམ་རེ་སློབ་ཀྱང་ཆུང་ངུའི་དུས་ནས་གྲོང་ཆོག་ལ་འགྲོ་བ་ཙམ་གྱི་ཕྱིར་དུ་འདོན་ཆ་ཁོ་ན་ལ་ཁ་བྱང་གཏོང་བ་ལས་གཞན་པའི་རིག་གནས་གང་ཡང་མ་སློབ། ཕ་མ་རྣམས་ཀྱིས་དེ་ག་ཁོ་ན་མནོག་པར་སེམས། ཀློག་སློབ་པར་བྱེད་པའི་གྲྭ་རྒན་རྣམས་ཀྱིས་ཀྱང་དེ་ཁོ་ན་བབས་ཏེ་འདོན་ཆ་རྣམས་མྱུར་མོར་ཀློག་ཐུབ་མ་ཐུབ་དང་། རྔ་རྡུང་ཤེས་མ་ཤེས་དང་། ཆོ་ག་ཀློག་པའི་གོ་རིམ་ཤེས་མ་ཤེས་ཀྱི་སྒོ་ནས་མཁས་བླུན་གྱི་དབྱེ་བ་འབྱེད་པར་བྱེད། དེ་ལས་གཞན་པའི་ཐོས་བསམ་སློབ་གཉེར་ནི་དགོས་མ་དགོས་ཀྱི་བསམ་བློ་ཙམ་ཡང་མ་གཏོང་། དེས་ན་བསམ་སྦྱོར་འདི་དག་ཅིས་ཀྱང་ལེགས་པར་བཅོས་དགོས་པ་ཡིན་ཏེ། ལོ་བཅུ་གཉིས་བཅུ་གསུམ་ཡར་མར་འདི་བྱིས་པ་རྣམས་ཀྱི་བློ་ལེན་ཤིན་ཏུ་བཟང་བའི་དུས་ཡིན། དུས་དེར་བློ་ལ་ལེགས་པར་ཟིན་པ་རྣམས་ཕལ་ཆེར་ཚེ་གང་པོར་མ་བརྗེད་པས།  གལ་ཆེ་བའི་རིག་གཞུང་རྣམས་ཀྱི་རྩ་ཚིག་བློ་ལ་འཛིན་པའི་དུས་མ་ནོར་བ་ཡིན། མི་གཅིག་གི་ཚེ་གང་པོར་བྱས་པའི་དུས་སྐབས་གཅིག་ལས་འོང་རྒྱུ་མེད། དེ་ག་གྲོང་ཆོག་ཙམ་གྱི་ཆེད་དུ་ཆུད་ཟོས་སུ་གཏོང་བ་འདི་ནི་ཤིན་ཏུ་མ་འོས་པས། འདོན་ཆ་རྣམས་ཤེས་མི་དགོས་པ་མ་ཡིན་ཡང་རན་ཙམ་བྱང་དུ་བཅུག་པས་ཆོགགཙོ་བོ་གཞུང་ཚིག་བློར་ལེན་དུ་འཇུག་པ་སོགས་དགོས་ཏེ། དེ་ལྟར་བྱས་ན་ཀློག་ཀྱང་དེའི་ཞོར་ལ་ཤེས་འོང་བ་ཡིན། དེ་དང་མཉམ་དུ་བྲིས་གཟུགས་དང་སུམ་རྟགས་དག་གསུམ་དང་། སྐར་རྩིས་དང་། སྙན་ངག་གི་གཞུང་སོགས་ཅུང་ཟད་སླ་བའི་རིགས་རྣམས་ལ་སྔོན་དུ་སློབ་སྦྱོང་བྱེད་དུ་འཇུག་དགོས། གཞན་ཡང་བྱིས་པའི་དུས་ཉིད་ནས་སྲོག་ཆགས་རྣམས་ལ་བྱམས་བརྩེ་བྱ་བ་དང་། གཞན་ཕན་སྒྲུབ་པ་ལྷུར་ལེན་པ། ལས་འབྲས་ལ་འཛེམས་ཏེ་སྤྱོད་ངན་རྣམས་སྤོང་བ། དཀོན་མཆོག་ལ་དད་པ་བྱ་བ་སོགས་ཡ་རབས་སྤྱོད་བཟང་རྣམས་ཀྱི་བག་ཆགས་ལེགས་པོ་འཇོག་པའི་སེམས་ཁམས་ཀྱི་སློབ་གསོ་དེ་ནི་དེ་བས་ཀྱང་ཤིན་ཏུ་གལ་ཆེ་བ་ཡིན། བྱིས་པའི་དུས་འདི་དཔྱིད་དུས་དྲོད་གཤེར་འཛོམས་པའི་ཞིང་ས་བཟང་པོ་ལྟ་བུ་ཡིན་པས་ས་བོན་བཟང་པོ་གདབ་རྒྱུར་འབད་པ་བྱ་དགོས། གཞན་དུ་དཔེར་ན། ལུག་ལྤགས་ཤིག་ཡིན་ཡང་དེ་ལེགས་པར་མ་མཉེད་ན་པགས་པ་དེས་གོ་ཅི་ཡང་མ་ཆོད།བྱིས་པ་རྣམས་ཀྱང་སེར་སྐྱ་གང་ཡིན་ཡང་རུང་སྟེ། ཆུང་ངུའི་དུས་ནས་སློབ་གཉེར་ལེགས་པོ་བྱས་ཏེ་རྒྱུད་ལས་སུ་རུང་བར་མ་བྱས་ན། དེའི་མི་ཚེ་གང་པོ་ཆུད་ཟོས་སུ་བཏང་བ་ཁོ་ན་ཡིན། རང་རེ་རྣམས་ལ་ཆོས་དང་འཇིག་རྟེན་གཉིས་ཀའི་ཕྱོགས་ནས་བྱས་པའི་སློབ་གསོའི་ཐད་འདིར་མ་འདང་བ་ཤིན་ཏུ་མང་བས་ཕ་མ་དང་དགེ་རྒན་རྣམས་ཀྱིས་རང་གི་བསམ་སྤྱོད་གཉིས་ཀ་མྱུར་དུ་སྒྱུར་བཅོས་མ་བྱེད་ཐབས་མེད་ཡིན་ནོ། ། དེས་ན་དགོན་པ་རྣམས་ཀྱིས་སོ་སོའི་ནུས་ཚོད་དང་བསྟུན་པའི་སློབ་གྲྭ་ཆུང་ངུ་རེ་བཙུགས་ཏེ། རྒྱལ་ཁབ་ཀྱི་སློབ་གྲྭར་ཞུགས་ཟིན་པའི་སློབ་མ་རྣམས་ལས་གཞན་པའི་བྱིས་པ་རྣམས་ལོ་རེའམ་ལོ་རེ་ཟུང་གི་མཚམས་ནས་ཐེངས་རེ་བསྡུས་ཏེ་གོང་དུ་བཤད་པ་བཞིན་འབྲི་ཀློག་ནས་བཟུང་རིག་གཞུང་ཆུང་ངུ་རྣམས་སློབ་པ་དང་། བསམ་པའི་སློབ་གསོ་ལེགས་པོ་བྱས་ནས་སྐྱེད་བསྲིང་བར་བྱ་ཞིང་། དེ་དག་ཆེན་པོར་གྱུར་པ་ནི་རང་རང་གི་མོས་པ་བཞིན་དུ་བྱ་སྟེ། ཁྱིམ་པ་བྱེད་པར་འདོད་ན་ལས་རྒྱུ་འབྲས་ལ་བག་ཡོད་བྱེད་པའི་ཁྱིམ་པ་དགེ་སེམས་ཅན་རེ་བྱེད་དུ་འཇུག་རྒྱུ་དང་། རབ་བྱུང་བྱེད་པར་འདོད་པ་རྣམས་དགོན་པའི་བཤད་གྲྭའི་ནང་དུ་ཞུགས་ནས་མུ་མཐུད་དེ་དམ་པའི་ཆོས་ལ་སློབ་གཉེར་བྱེད་དུ་འཇུག་དགོས།  དེ་ལྟར་བྱས་ན་དགོན་པ་རྣམས་ཀྱི་ནང་དུ་ཚུལ་ཁྲིམས་དང་ལྡན་ཞིང་སྤོང་ཀློག་ལ་བརྩོན་པའི་དགེ་འདུན་གྱི་སྡེ་གཙང་མ་ཞིག་བྲི་གང་མེད་པར་རྒྱུན་ཆགས་སུ་གནས་ཐུབ་པ་དང་། ཡུལ་མི་རྣམས་ཀྱང་དམ་པའི་ཆོས་ལ་རྒྱུ་མཚན་ཤེས་པའི་དད་པ་རྙེད་ནས་མ་དགེ་བའི་སྤྱོད་ངན་རྣམས་རང་ཤུགས་ཀྱིས་ཇེ་ཉུང་དུ་འགྲོ་བ་ཡིན། ད་སྔོན་རང་ཅག་གིས་འདིའི་ཐད་ལ་བཀོད་བསྒྲིག་ལེགས་པོ་བྱེད་མ་ཐུབ་པས་གྲྭ་པ་མང་པོ་ཞིག་གིས་གྲོང་ཆོག་ལ་འགྲོ་རྒྱུ་ཙམ་མ་གཏོགས་གཞན་ཅི་ཡང་མ་ཤེས་པར་གྱུར་ཏེ་རྒྱུད་ཆུད་ཟོས་སུ་སོང་མོད། ད་ཕྱིན་ཆད་ནི་གྲྭ་པ་ཞིག་ཡིན་ཕྱིན་དམ་པའི་ཆོས་ལ་སློབ་གཉེར་བཟང་ཙམ་རེ་བྱེད་ཐུབ་པའི་ཐབས་ལ་དགོན་པ་སོ་སོས་ནུས་པ་གང་ཡོད་ཀྱིས་འབད་པ་བྱ་བ་འདི་ཅིས་ཀྱང་གལ་ཆེའོ། །
      གཉིས་པ་ནི་གཞོན་གྱི་སློབ་གསོ་ནི། དེང་སང་ཁམས་ཀྱི་ཕྱོགས་འདིར་དགོན་པ་མང་པོའི་ནང་དུ་དུས་མཆོད་དག་གི་སྐབས་ཙམ་མ་གཏོགས་ནམ་རྒྱུན་གྲྭ་པ་བཞུགས་མཁན་ཆེར་མེད། དབུས་གཙང་གི་ཕྱོགས་སུ་ནི་དགོན་པ་ཆུང་འབྲིང་རྣམས་ཀྱི་ནང་དུ་གྲྭ་པ་བཅུ་ཉི་ཤུ་ཙམ་ལས་མེད་ལ། དགོན་པའི་ནང་དུ་བཤད་གྲྭ་དང་སྒྲུབ་གྲྭ་ཚད་ལྡན་འཛུགས་མ་ཐུབ་པས་གྲྭ་པ་ཉུང་ཤོས་རེ་བཞུགས་པ་དག་ཀྱང་བསྙེན་སྒྲུབ་ཕྲན་ཚེགས་ཙམ་རེ་བྱེད་པའམ་རང་དགར་བཞུགས་པ་ལས་སྤོང་ཀློག་ཆ་ཚང་ཞིག་ལ་བརྩོན་པའི་སྐལ་བ་མ་རྙེད། དེ་ལྟར་དམ་པའི་ཆོས་ཀྱི་སློབ་སྦྱོང་མ་ཐེབས་པས་གྲྭ་པའི་ཡོན་ཚད་ཞན། དེའི་དབང་གིས་ལུང་རྟོགས་ཀྱི་བསྟན་པ་ནི་གཟུགས་བརྙན་ཙམ་ཡང་དཀོན། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་མེད་ཕྱིན་སྐྱེ་འགྲོའི་བདེ་སྐྱིད་ཀྱང་མེད།ཅུང་ཟད་རེ་ཡོད་ཀྱང་མིག་རྒྱང་གང་ཙམ་ལས་མེད་པར་འགྱུར་བར་གདོན་མི་ཟ།དེས་ན་དགོན་པ་སོ་སོའི་རང་གི་ཆ་རྐྱེན་དང་བསྟུན་པའི་བཤད་གྲྭ་དང་སྒྲུབ་གྲྭ་རེ་འཛུགས་རྒྱུ་ནི་ཤིན་ཏུ་གལ་ཆེ་པས། དགོན་པའི་བླ་སྤྲུལ་དང་དགེ་སྐོས་སོགས་ཀྱིས་དོན་འདི་ལ་ཐུགས་ཁུར་ནན་བཞེས་ཤིག་ཅིས་ཀྱང་མི་བྱ་བར་མ་རུང་ངོ་། ། དགོན་པ་སོ་སོ་ལ་བཤད་སྒྲུབ་ཀྱི་བསྟན་པ་སྤུས་དག་རེ་ཡོད་ན། གྲྭ་པ་རྣམས་ཀྱིས་དམ་པའི་ཆོས་རྣལ་མའི་དགོངས་པ་ལེགས་པར་རྟོགས་ཤིང་ཅི་རིགས་པར་ཉམས་སུ་བླངས་པས་རང་མགོ་ཐོན་པར་མ་ཟད་སེམས་ཅན་གཞན་པ་རྣམས་ལའང་ཐར་བའི་ལམ་སྟོན་བྱེད་ནུས་ཤིང་། དེའི་དབང་གིས་བསྟན་པ་རིན་པོ་ཆེའང་ཡུན་དུ་གནས་པར་འགྱུར། སྐྱེ་འགྲོ་རྣམས་ལའང་དམ་པའི་ཆོས་ཀྱིས་སེམས་རྒྱུད་བཏུལ་བས་མ་གསོད་རྟ་སྒྱེལ་དང་། རྐུན་ཇག་དང་། མོ་གྱོད་ཁ་མཆུ། རྫུན་གྱིས་མགོ་སྐོར་བ་སོགས་མ་བདེ་བའི་རྒྱུ་རྣམས་ཇེ་ཉུང་དུ་སོང་ནས་འཕྲལ་དུ་བདེ་བར་འགྱུར་བ་དང་། ལས་རྒྱུ་འབྲས་ལ་འཇུག་ལྡོག་ཚུལ་བཞིན་དུ་བྱེད་ཤེས་པ་དང་། དགེ་བའི་ལས་ལ་འབད་པས་ཡུན་གྱི་བདེ་སྐྱིད་ཀྱང་མ་ཉམས་པར་གནས་པར་འགྱུར་བ་ལ་ཐེ་ཚོམ་མེད་དོ། །
      འོ་ན་སློབ་སྦྱོང་བྱ་ཚུལ་ཇི་ལྟར་ཞེ་ན། དགེ་ཚུལ་གྱི་བབ་བྱ་ཀཱ་ར་ཀཱ་ནས་སྔགས་བླ་མེད་ཀྱི་བར་སློབ་ཚན་སོ་སོར་བཅད་དེ། གོ་རིམ་བཞིན་དུ་སྦྱངས་ནས་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་བྱེ་བྲག་གི་ལྟ་སྒོམ་སྤྱོད་འབྲས་རྣམས་གང་ཡིན་ཉམས་འོག་ཏུ་ཚུད་པར་བྱ་རྒྱུ་ནི་གཙོ་བོའི་སྦྱང་བྱ་དང་། དེའི་ཞོར་ལ་ཐུན་མོང་གི་རིག་གནས་རྣམས་ལེགས་པར་སྦྱང་རྒྱུ་དང་། གཞན་ཡང་དུས་རབས་གསར་བའི་ཤེས་བྱ་རྣམས་ཀྱང་དགོས་མཁོ་དང་བསྟུན་ནས་རྒྱུས་ལོན་རན་ཙམ་རེ་བྱ་ལ། ཁྱད་པར་དུ་ཐོག་མཐའ་བར་གསུམ་དུ་མེད་མི་རུང་བ་ནི་བསམ་པའི་འཁྱེར་སོ་ཡང་དག་པའི་ལམ་དུ་འཁྲིད་པར་བྱེད་པའི་ཐེག་པ་ཆེན་པོའི་བློ་སྦྱོང་བའི་མན་ངག་ཟབ་མོ་རྣམས་ཡིན་པས་དེ་གནད་དུ་གཟུང་དགོས། དེ་ལྟར་བྱས་ཏེ་བསྟན་པ་དང་འགྲོ་བའི་དོན་ལ་ལྷག་བསམ་རྣམ་པར་དག་ཅིང་མང་ཐོས་ཚུལ་ལྡན་གྱི་གང་ཟག་སྐྱེད་སྲིང་བྱ་ཅི་ཐུབ་བྱ་བ་ལས་གནད་ཆེ་བ་དང་དེ་ལས་ལྷག་པའི་བྱ་བ་གང་ཡང་མེད། གལ་ཏེ་དགོན་པ་རང་ལ་བཤད་གྲྭ་འཛུགས་པའི་ཆ་རྐྱེན་ཅིས་ཀྱང་མ་ལྡན་ན་གྲྭ་པ་རྣམས་གྲྭ་ས་གཞན་དུ་བཏང་སྟེ་སློབ་སྦྱོང་བྱེད་དུ་འཇུག་དགོས། དེར་མ་ཟད་དམ་པ་གོང་མ་རྣམས་ཀྱིས་བཞག་པའི་འབུད་རྡུང་དཀྲོལ་བ་དང་གར་དབྱངས་ཐག་སོགས་ཀྱང་མཐོང་བ་བརྒྱུད་པའི་ཕྱག་བཞེས་གཙང་མ་ཇི་བཞིན་མ་ཉམས་པར་འཛིན་པ་གལ་ཆེ་བས་གནས་སྐབས་ཀྱི་ཆེད་སྦྱོང་འཛིན་གྲྭ་བཙུགས་ཏེ་ལེགས་པར་སྦྱང་དགོས་ཀྱི། དེ་དག་ལ་མཐོང་ཆུང་བྱས་ནས་ལག་ལེན་ཐམས་ཅད་རྟོག་བཟོ་དང་གཟུ་ལུམ་དུ་མ་སོང་བ་ཞིག་དགོས། ཡང་དགོན་པ་འགའ་རེས་ནི་དུས་མཆོད་སོགས་ཁོ་ན་ལ་མཐོང་ཆེན་བྱེད་པ་ལས་ཐོས་བསམ་སློབ་གཉེར་ལ་དོ་སྣང་ཡེ་མི་བྱེད། གྲྭ་པ་འགའ་རེ་གཞན་དུ་སློབ་གཉེར་ལ་སོང་སྟེ། དུས་མཆོད་རྣམས་སུ་འཚོགས་མ་ཐུབ་པ་དག་ལ་སློབ་གཉེར་དུ་ཕྱིན་པར་ངོ་སོ་མེད་པར་མ་ཟད་དངུལ་ཆད་གཅོད་པ་སོགས་བྱེད་པར་སྣང་སྟེ། དེ་ནི་བྱ་བ་ཐ་ཤལ་བ་ཡིན། དེས་ན་དེང་སང་དགོན་པ་སོ་སོར་སྔར་ཟིང་འཁྲུག་གི་སྐབས་སུ་གཏོར་བཤག་བཏང་བའི་འདུ་ཁང་དང་གྲྭ་ཁང་ཐམས་ཅད་གསར་སྐྲུན་བྱས་ཏེ། དགེ་འདུན་རྣམས་འཚོགས་ས་དང་བཞུགས་ས་ཙམ་རེ་ན་ཡོད་པས་དེས་མ་ཆོག་པ་ཆེར་མ་འདུགད་ནི་བཤད་སྒྲུབ་ཀྱི་གཞི་ཅུང་ཟད་རེ་འཛུགས་རྒྱུ་ཁོ་ན་ལ་འབད་དགོས་ཏེ། རང་རེའི་བསྟན་པའི་ལྷག་འཕྲོ་ཅུང་ཟད་ལུས་ཡོད་པ་འདི་རྒྱུན་མཐུད་དེ་གནས་ཐབས་ནི་འཆད་ཉན་དང་སྒོམ་སྒྲུབ་ཁོ་ན་ལ་རག་ལས་ཡོད་པའི་ཕྱིར་རོ།།
      གསུམ་པ་མང་ཚོགས་ཀྱི་སློབ་གསོ་ནི། དགོན་པ་དག་གིས་རང་གི་གྲྭ་པ་རྣམས་ཀྱི་སློབ་སྦྱོང་ལེགས་པོ་འོང་བར་བྱེད་དགོས་པར་མ་ཟད། རང་གི་ལྷ་སྡེའམ་རང་དང་འབྲེལ་བའི་དད་ལྡན་མང་ཚོགས་ལའང་དམ་པའི་ཆོས་ཀྱི་སློབ་སྦྱོང་ལེགས་པོ་ཡོང་བའི་ཐུགས་ཁུར་ངེས་པར་བཞེས་དགོས། འདི་ནི་ཤིན་ཏུ་དོན་ཆེ་སྟེ། དེང་སང་བོད་ཀྱི་མང་ཚོགས་རྣམས་ཀྱི་ཁྲོད་ན་ཆོས་ལ་མ་དད་པའང་དཀོན་ལ། ཆོས་ཡང་དག་པ་ཞིག་སྒྲུབ་ཤེས་མཁན་ཡང་དཀོན་པོར་སྣང་། བླ་མ་མང་པོས་ཁྲོམ་དབང་རེ་གནང་བ་དང་། མ་ཎི་དང་ས་ཏྭ་རེ་འདོན་དུ་འཇུག་པ་ཙམ་ལས་ཆོས་ཇི་ལྟར་སྒྲུབ་པའི་ཚུལ་གྱི་གོ་བརྡ་སྤྲོད་པ་ཤིན་ཏུ་ཉུང་། དེའི་དབང་གིས་མང་ཚོགས་རྣམས་ཀྱིས་ཆོས་སྒྲུབ་པར་འདོད་ཀྱང་སྒྲུབ་ཚུལ་མ་ཤེས་པས་ཡུལ་ཕྱོགས་ཤིན་ཏུ་མང་པོ་ཞིག་ལོང་བ་དམིགས་བུ་མེད་པ་ལྟ་བུར་གྱུར་ཏེ་གསོན་པའི་དུས་སུ་ཆོས་མེད་ཀྱིས་དུས་འདའ། དོན་ཕྲན་བུ་ཙམ་རེའི་ཕྱིར་དུ་མ་གསོད། ཚོ་བ་དང་ཚོ་བའི་བར་ལ་དམག་དྲངས། ཉམ་ཆུང་རྣམས་ལ་རྐུ་འཕྲོག་བཅོམ་གསུམ་བྱེད།ཉེས་མེད་ཀྱི་སེམས་ཅན་མང་པོའི་སྲོག་གཅོད་པ་སོགས་མ་དགེ་བའི་ལས་སྣ་ཚོགས་པ་བྱེད། ལྐོག་གྱུར་གྱི་དོན་ལུང་སྟོན་པར་བྱེད་པའི་མངོན་ཤེས་ཅན་ཡིན་ཁུལ་བྱེད་པ་དང་། གྲུབ་ཐོབ་ཀྱི་མཛད་སྤྱོད་དུ་གྲགས་པའི་བྱ་བ་ཡ་མ་ཟུང་གིས་འུར་ཟིང་བྱེད་པ་དག་བྱུང་བ་ན་བཟང་ངན་དང་བདེན་རྫུན་ཅི་ཡིན་གྱི་བསམ་བློ་གཏོང་ལོང་ཙམ་ཡང་མེད་པར་ཐམས་ཅད་ཀྱིས་འཚང་ག་བྱེད་ཅིང་། སྟོན་པ་སངས་རྒྱས་ཀྱི་ཆོས་རྣམ་པར་དག་པ་ཚེ་འདི་ཕྱི་གཉིས་ཀ་བདེ་ནས་བདེ་བར་འགྲོ་བར་བྱེད་པའི་ཐབས་སྟོན་པར་བྱེད་པ་རེ་བྱུང་ན་དེ་ལ་ཡིད་དང་རྣ་བ་གཏོད་པར་མ་འདོད་པ་དང་། མ་ཤི་བ་ནི་ཡུལ་ལ་ལར་བདུན་ཚིགས་གཅིག་ཙམ་ཡང་མེད་པར་ཁྱི་རོ་བཞིན་དུ་བོར་བ་དང་། ལ་ལར་མ་ཎི་འབྲུ་གཅིག་ཀྱང་འདོན་རྒྱུ་མེད་པར་མ་ཟད་ར་ཕག་སོགས་བསད་དེ་ཤ་བཟའ།ཆང་བཏུང་། ཐ་མག་འཐེན་པ་སོགས་མི་དགེ་བའི་སྤྱོད་པ་སྣ་ཚོགས་པ་བྱས་ཏེ་གཤིན་པོ་ངན་སོང་དུ་འཕེན་པའི་རྒྱུ་སྒྲུབ་པ་སོགས་ཡི་མུག་པའི་བྱ་བ་མང་པོ་འདུག་སྟེ། དེ་ཐམས་ཅད་མང་ཚོགས་ལ་དམ་པའི་ཆོས་འཆད་མཁན་མེད་པའི་ལན་པ་ཁོ་ནར་སྣང་། དེ་ལྟར་དུ་གྱུར་ཀྱང་ད་དུང་ཇི་མ་སྙམ་དུ་ཡལ་བར་འདོར་ན་ནི་ཡུལ་དེར་དགོན་པ་ཆེན་པོ་ཇི་ལྟ་བུ་ཞིག་ཡོད་ཀྱང་རུང་དེས་ཡུལ་མི་རྣམས་ལ་ཕན་པ་ཅི་ཡང་མེད་པར་འགྱུར་རོ། །
     དེས་ན་དགོན་པ་རྣམས་ཀྱིས་མ་མཐའ་ཡང་རང་གི་ཡུལ་སྡེའི་ཤི་གསོན་དེ་རྣམས་ཡལ་བར་མ་འདོར་བར་དགེ་སྒྲུབ་སྡིག་སྤང་ཇི་ལྟར་བྱ་བའི་ཚུལ་དག་སློབ་པར་མཛད་པའི་དགེ་བའི་བཤེས་གཉེན་རང་དགོན་ལ་ཡོད་ན་དེ་ཉིད་དམ་མེད་ཀྱང་ཡུལ་གཞན་ནས་བཙལ་ཏེ། དད་ལྡན་མང་ཚོགས་ལ་དམ་པའི་ཆོས་སློབ་སྦྱོང་བྱ་བའི་མཐུན་རྐྱེན་ལེགས་པོར་ཚང་བ་ཞིག་བྱས་ཏེ། ཐམས་ཅད་ཀྱི་རྒྱུད་ན་སྐྱབས་འགྲོའི་སྡོམ་པ་དང་སྣ་གཅིག་གམ་སྣ་འགའ་ཡན་ཆད་ཀྱི་དགེ་བསྙེན་གྱི་སྡོམ་པ་རེ་ཡོད་པ་དང་ཆོས་རྒྱ་ཆེན་པོ་མ་ཤེས་ཀྱང་དགེ་སྡུག་བླང་དོར་བྱ་ཚུལ་ཅུང་ཟད་ཞིབ་པ་རེ་དང་། རང་གི་རྒྱུན་པར་ཉམས་སུ་བླང་རྒྱུའི་ཆོས་དེ་མགོ་མཇུག་ཚང་བ་རེ་ཤེས་རྒྱུ་དང་། སྤྱིར་འཁོར་བའི་ཉེས་དམིགས་དང་ཐར་བའི་ཕན་ཡོན་དཀོན་མཆོག་གི་ཡོན་ཏན་སོགས་ཆོས་ཕྱོགས་ཀྱི་གོ་བ་ཅི་རིགས་པ་རེ་ཡོད་པར་བྱེད་པ་དང་། ཁོམ་ལོང་དང་བསྟུན་ཏེ་སྔོན་འགྲོའི་བློ་ལྡོག་རྣམ་བཞི་ནས་དངོས་གཞིའི་བར་གྱི་ཉམས་ལེན་རྣམས་ཐུན་དུ་བཅད་དེ་ཉམས་སུ་ལེན་པའི་ལུགས་སྲོལ་བཟང་པོ་རེ་འཛུགས་ཐུབ་པ་བྱུང་ན་སྙིགས་མའི་དུས་སུའང་སངས་རྒྱས་ཀྱི་བསྟན་པ་ལ་བརྟེན་ནས་སེམས་ཅན་མང་པོ་ལ་ཕན་པ་རྒྱ་ཆེན་པོ་ཐོགས་པར་འགྱུར་ཞིང་དེའི་མཐུས་སྟོན་པ་སངས་རྒྱས་ནས་རྩ་བའི་བླ་མའི་བར་གྱི་ཐུགས་དགོངས་རྫོགས་པར་འགྱུར་བས་མི་བརྩོན་དུ་མི་རུང་ངོ་།། ཞེས་པ་ནི་དམན་པ་རང་ལྟ་བུས་ཕྱོགས་ཀྱི་དགེ་འདུན་གྱི་སྡེ་རྣམས་ལ་འཆར་འགོད་བྱེད་པ་ནི་ཤིན་ཏུ་མ་འོས་པས་དེ་མིན་ཡང་བསམ་པ་དག་པའི་དྲན་གསོ་ཙམ་གྱི་ཕྱིར་དུ་བོད་རབ་རྒྱན་ཤིང་སྦྲེལ་ལོའི་ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན་ཚུལ་ཁྲིམས་བློ་གྲོས་ཀྱིས་གསེར་ལྗོངས་བླ་མ་རུང་དུ་བྲིས་པ་དགེ་བར་གྱུར་ཅིག། །།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།