ཨ་སྐྱབས་རྒྱལ་སྲས་ཀྱིས་ལྷ་ལྡན་སྨོན་ལམ་ཆེན་མོའི་སྐོར་བཤད་པ།

རྩོམ་པ་པོ།:ཨ་སྐྱབས་རྒྱལ་སྲས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-03-12 09:17:00 ཀློག་གྲངས།:
      དེ་ཡང་སྔོན་རྒྱ་གར་འཕགས་པའི་ཡུལ་གྱི་གྲོང་ཁྱེར་ཁྱད་པར་དུ་འཕགས་པ་མཉན་ཡོད་ཀྱི་གནས་སུ་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་བོས་སྤྱི་ལོ་སྔོན་གྱི་ལོ༥༡༡མེ་འབྲུག་ཟླ༡ཚེས༡ནས༡༥བར་མུ་སྟེགས་ཀྱི་སྟོན་པ་རྫོགས་བྱེད་དང་། ཀུན་ཏུ་རྒྱུ་གནག་ལྷས་ཀྱི་བུ། སྨྲ་འདོད་ཀྱི་བུ་མོའི་བུ་ཡན་ལག་རྒྱལ་བ་ཅན། མི་ཕམ་སྐྲའི་ལྭ་བ་ཅན། ཀྱཏྱའི་བུ་ནོག་ཅན། གཅེར་བུ་བ་གཉེན་གྱི་བུ་སྟེ་མུ་སྟེགས་སྟོན་པ་དྲུག་འཁོར་དང་བཅས་ནག་ཕྱོགས་ཀྱི་སྡེར་གཏོགས་ཐམས་ཅད་ཆོ་འཕྲུལ་ཆེན་པོས་ཚེས་བརྒྱད་ཉིན་བར་ཚར་བཅད་ཅིང་ཕམ་པར་མཛད་པ་དྲན་གསོ་བྱེད་ཆེད་མཉན་ཡོད་ཆོ་འཕྲུལ་ཆེན་པོའི་དུས་ཆེན་འཛུགས་པར་མཛད་ཅིང་། འཕགས་ཡུལ་ཆོས་རྒྱལ་རྣམས་ཀྱི་སྐུ་རིང་དུ་བདེ་བར་གཤེགས་པའི་རྟེན་གསུམ་ཁྱད་པར་ཅན་དང་དགེ་འདུན་གྱི་སྡེ་རྣམས་ལ་ཟང་ཟིང་གི་བསྙེན་བཀུར་རྒྱ་ཆེན་པོ་བྱ་སྲོལ་ཡོད་པ། དེ་བཞིན་དུ་བོད་ཡུལ་འདིར་ཡང་རྗེ་བདག་ཉིད་ཆེན་པོ་ནས་འཇིག་རྟེན་གྱི་ཁམས་ཀུན་ཕན་པ་དང་བདེ་བའི་སྣང་བ་དཀར་བོས་ཡུག་གཅིག་ཏུ་ཁྱབ་པར་འགྱུར་བ་སོགས་ཀྱི་ཐུགས་བསྐྱེད་ཚད་མེད་པས་ཀུན་ནས་བསླངས་ཏེ་ལོ་ལྟར་གར་བཞུགས་ཀྱི་གནས་སུ་ཆོ་འཕྲུལ་སྨོན་ལམ་ དུས་ཀྱི་མཆོད་པ་རྒྱ་ཆེན་ཆག་མེད་དུ་མཛད། རབ་བྱུང་བཅུ་བདུན་པའི་ནང་ཚན་ས་མོ་གླང་རྗེ་ཙོང་ཁ་བ་དགུང་ལོ་ང་གསུམ་ཕེབས་པ་སྤྱི་ལོ༡༤༠༩ལ་ལྷ་ལྡན་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་གསར་འཛུགས་ཐོག་ཇོ་བོ་ཤཱཀྱ་མུ་ནེའི་སྣང་བརྙན་ལ་གསེར་ཟངས་བཙོ་མ་ལས་གྲུབ་པའི་དབུ་རྒྱན། ཇོ་བོ་མི་བསྐྱོད་རྡོ་རྗེ་དང་བཅུ་གཅིག་ཞལ་ལ་དངུལ་ལས་གྲུབ་པའི་དབུ་རྒྱན་གོང་མཚུངས་ཕུལ་བས་མཚོན་རྟེན་མཆོག་རྣམས་ཀྱི་སྤྱན་སྔར་མཆོད་སྤྲིན་དང་། དགེ་འདུན་ཁྲི་ཕྲག་བརྒལ་བར་ཉིན་ཞག་བཅོ་ལྔའི་རིང་བསྙེན་བཀུར་རྒྱ་ཆེར་མཛད་ནས་ལྷ་ལྡན་སྨོན་ལམ་ཆེན་མོའི་སྲོལ་བཏོད། སྐབས་དེར་འཕགས་པའི་ཡུལ་གྱི་བྱུང་བ་དང་མཐུན་པར་བོད་ཀྱི་ཡུལ་དུའང་དུས་ཁྱད་པར་བ་ལ་སྦྱིན་པའི་བདག་པོ་ཁྱད་པར་པ་གང་དག་བྱུང་བ་རགས་ཙམ་ངོ་སྤྲོད་ཞུ་བ་ལ།
༡.དེ་ཡང་སྔོན་འཕགས་པའི་ཡུལ་དུ་གྲོང་ཁྱེར་ཁྱད་དུ་འཕགས་མཉན་ཡོད་ཅེས་བྱ་བར་དུས་ཁྱད་དུ་འཕགས་པ་ཆོ་འཕྲུལ་ཟླ་བའི་ཚེས་གཅིག་གི་དུས་སུ། སྦྱིན་བདག་ཁྱད་དུ་འཕགས་པ་ཐེག་པ་ཆེན་པོ་ལ་རིང་ནས་ཞུགས་པའི་རྒྱལ་བོ་གསལ་རྒྱལ་གྱིས་མཛད་པའི་ཚེ། བཅོམ་ལྡན་འདས་ཀྱི་ཚེམས་ཤིང་ས་ལ་བཙུགས་ཏེ་ཆོ་འཕྲུལ་དང་བོ་བསྟན་ཏོ།། དེ་མཐུན་ཆོས་འཁོར་དཔལ་གྱི་ལྷ་སར་ས་མོ་གླིང་གི་ཧོར་ཟླ་དང་བོའི་ཚེས་གཅིག་གི་དུས་སུ། འཇམ་མགོན་བླ་མ་དཔལ་བཟང་བོའི་ཞལ་སྔ་ནས་དཔོན་སློབ་རྣམས་ཀྱིས་ལྷ་མཆོད་མི་མཆོད་ཀྱི་སྦྱིན་བདག་མཛད་དེ། ཇོ་ཤཱཀ་རྣམ་གཉིས་སོགས་ལ་རྒྱན་དང་། ན་བཟའ། མཆོད་རྫས་སོགས་ཕུལ་བ་དང་སྦྱིན་གཏོང་གི་མཆོད་སྦྱིན་རྒྱ་ཆེན་པོ་བྱས།
༢.སྔོན་གྱི་དུས་ཆོ་འཕྲུལ་ཟླ་བའི་ཚེས་གཉིས་ཀྱི་དུས་སུ་སྦྱིན་བདག་ཁྱད་པར་དུ་འཕགས་པ་གྲོང་ཁྱེར་སྟོང་ཡངས་པའི་ཆོས་ཀྱི་རྒྱལ་བོ་ཨུ་ཏྲ་ཡ་ནས་མཛད་པའི་ཚེ། བཅོམ་ལྡན་འདས་ཀྱིས་སྐུའི་གཡས་གཡོན་དུ་རིན་པོ་ཆེའི་རི་གཉིས་སྤྲུལ་ཏེ་ཆོ་འཕྲུལ་གཉིས་པ་བསྟན་ཏོ།། དེ་དང་མཐུན་པར་ས་གླང་ཧོར་ཟླ་དང་བོའི་ཚེས་གཉིས་ཀྱི་དུས་སུ་འབྲི་གུང་རྫོང་ནས་མི་དབང་རིན་པོ་ཆེ་གྲགས་པ་རྒྱལ་མཚན་པས་སྦྱིན་བདག་མཛད་དེ་དུས་ཀྱི་མཆོད་པ་རྒྱ་ཆེན་བསྒྲུབས།
༣.སྔོན་ཆོ་འཕྲུལ་ཟླ་བའི་ཚེས་གསུམ་གྱི་དུས་སུ་སྦྱིན་བདག་ཁྱད་པར་དུ་འཕགས་པ་རྒྱལ་བོ་ཤུན་རྩི་ཏ་ལས་མཛད་པའི་ཚེ། བཅོམ་ལྡན་འདས་ཀྱི་ཞལ་གྱི་ཆུ་ས་ལ་འཕོ་བ་རིན་པོ་ཆེའི་རྫིང་བུར་གྱུར་པའི་ཆོ་འཕྲུལ་གསུམ་པ་བསྟན་ཏོ།། དེ་དང་མཐུན་པར་ས་གླང་ཧོར་ཟླ་དང་བོའི་ཚེས་གསུམ་གྱི་དུས་སུ་རྒྱལ་བུ་ལྷུན་འགྲུབ་རྒྱལ་མཚན་སྐུ་མཆེད་ཡུམ་སྲས་ཀྱིས་སྦྱིན་བདག་མཛད་དེ་དུས་ཀྱི་མཆོད་པ་རྒྱ་ཆེན་བསྒྲུབས།
༤.སྔོན་ཆོ་འཕྲུལ་ཟླ་བའི་ཚེས་བཞིའི་དུས་སུ་སྦྱིན་བདག་ཁྱད་དུ་འཕགས་པ་རྒྱལ་བོ་ཨིན་དྲ་ཝར་མས་མཛད་པའི་ཚེ། བཅོམ་ལྡན་འདས་ཀྱིས་རིན་པོ་ཆེའི་རྫིང་དེ་ཡི་ངོས་བཞིར་ཡུར་བ་ཆེན་པོ་བརྒྱད་བརྒྱད་ཡོད་པ་ཆུ་ཕྱིར་ཡང་འཁོར་ཞིང་རྫིང་དེ་ཉིད་དུ་འབབ་པར་མཛད་པའི་ཆོ་འཕྲུལ་བཞི་བ་བསྟན་ཏོ།། དེ་དང་མཐུན་པར་ས་གླང་ཆོ་འཕྲུལ་ཟླ་བའི་ཚེས་བཞིའི་དུས་སུ་བྲག་དཀར་ནང་སོས་སྦྱིན་བདག་བྱས་ནས་དུས་ཀྱི་མཆོད་པ་རྒྱ་ཆེན་བསྒྲུབས།
༥.སྔོན་ཆོ་འཕྲུལ་ཟླ་བའི་ཚེས་ལྔའི་དུས་སུ་སྦྱིན་བདག་ཁྱད་པར་དུ་འཕགས་པ་རྒྱལ་བོ་ཚངས་བྱིན་གྱི་མཛད་པའི་ཚེ། བཅོམ་ལྡན་འདས་ཀྱིས་ཞལ་གྱི་སྒོ་ནས་གསེར་གྱི་ཁ་དོག་ལྟ་བུའི་འོད་ཟེར་བཀྱེས་ནས་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀུན་ཏུ་སྣང་བར་བྱས་ཏེ་ཆོ་འཕྲུལ་ལྔ་བ་བསྟན་ཏོ།། དེ་དང་མཐུན་པར་ས་གླང་ཧོར་ ཟླ་དང་བོའི་ཚེས་ལྔའི་དུས་སུ་སྦྱིན་བདག་དཔོན་མཛེས་པ་ཡབ་སྲས་ནས་དུས་ཀྱི་མཆོད་པ་རྒྱ་ཆེན་བསྒྲུབས།
༦.སྔོན་ཆོ་འཕྲུལ་ཟླ་བའི་ཚེས་དྲུག་གི་དུས་སུ་སྦྱིན་བདག་ཁྱད་དུ་འཕགས་པ་ལི་ཙ་བྱི་རྣམས་ཀྱིས་མཛད་པའི་ཚེ། བཅོམ་ལྡན་འདས་ཀྱིས་འཁོར་མང་བོ་དེ་དག་ཐམས་ཅད་གཅིག་གིས་བསམ་པ་གཅིག་གིས་ཤེས་པར་བྱས་ཏེ་སོ་སོའི་དགེ་བའི་ལས་ཀྱང་རྟོགས་པར་མཛད་པའི་ཆོ་འཕྲུལ་དྲུག་པ་བསྟན་ཏོ།། དེ་དང་མཐུན་པར་ས་གླང་ཆོ་འཕྲུལ་ཟླ་བའི་ཚེས་དྲུག་གི་དུས་སུ་སྦྱིན་བདག་ཇོ་བོ་ས་ལ་ཡབ་སྲས་དང་། བྲང་ཕུ་མདའ། སྣོན་གསང་རྒྱལ། གྲིབ་པ་རྣམས་ནས་དུས་ཀྱི་མཆོད་པ་རྒྱ་ཆེན་བསྒྲུབས།
༧.སྔོན་ཆོ་འཕྲུལ་ཟླ་བའི་ཚེས་བདུན་གྱི་དུས་སུ་སྦྱིན་བདག་ཁྱད་པར་དུ་འཕགས་པ་ཤཱཀྱའི་རིགས་རྣམས་ཀྱིས་མཛད་པའི་ཚེ། བཅོམ་ལྡན་འདས་ཀྱིས་འཁོར་ཐམསཅད་སོ་སོ་ནས་འཁོར་ལོས་བསྒྱུར་བའི་རྒྱལ་བོར་བསྒྱུར་ཏེ། རིན་པོ་ཆེ་སྣ་བདུན་དང་། བུ་སྟོང་དུ་ལྡན་པར་སྤྲུལ་ཏེ་ཆོ་འཕྲུལ་བདུན་པ་བསྟན་ཏོ།། དེ་དང་མཐུན་པར་ས་གླང་ཧོར་ཟླ་དང་བོའི་ཚེས་བདུན་གྱི་དུས་སུ་བཀྲ་ཤིས་ཆའུ་དའོ་ནས་སྦྱིན་བདག་བྱས་ཏེ་དུས་ཀྱི་མཆོད་པ་རྒྱ་ཆེན་བསྒྲུབས།
༨.སྔོན་ཆོ་འཕྲུལ་ཟླ་བའི་ཚེས་བརྒྱད་ཀྱི་དུས་སུ་སྦྱིན་བདག་ཁྱད་པར་དུ་འཕགས་པ་ལྷའི་དབང་བོ་བརྒྱ་བྱིན་གྱིས་མཛད་དེ་སེང་གེའི་ཁྲི་བཤམས་པ་ལ་བཅོམ་ལྡན་འདས་བཞུགས། གཡས་གཡོན་ནས་ཚངས་པ་དང་བརྒྱ་བྱིན་གྱིས་མཆོད་པ་བྱེད་སྐབས་ཕྱག་གིས་ཁྲི་མནན་པས་གླང་པོ་ཆེའི་སྐད་ལྟ་བུའི་སྒྲ་ཆེན་པོ་བྱུང་། དེ་མ་ཐག་སྲིན་པོ་ལྔ་བྱུང་ནས་མུ་སྟེགས་སྟོན་པ་དྲུག་གི་ཁྲི་བཤིག་པས་དེ་དག་ཆུར་མཆོངས་ནས་ཚེ་འཕོས་སོ།། དེ་བས་འཁོར་དགུ་བརྒྱ་སངས་རྒྱས་ལ་སྐྱབས་སུ་སོང་བ་དང་། བཅོམ་ལྡན་འདས་ཀྱི་སྐུའི་བུ་ག་བརྒྱད་ཁྲི་ལས་འོད་ཟེར་བཀྱེས་པས་ཆོ་འཕྲུལ་བརྒྱད་པ་བསྟན་ཏོ།། དེས་ན་ཚེས་བདུན་ཡན་ཆོད་དུ་སྟོན་པ་དྲུག་པོས་ཀྱང་རྫུ་འཕྲུལ་འགྲན་པའི་ཟོལ་གྱིས་ཁྲི་བཤམས་ནས་གནས་པ་ལས་ཚེས་བརྒྱད་ནས་སྤྲུལ་བ་སྟོན་པ་ཕྱག་ན་རྡོ་རྗེས་ཚར་བཅད་དེ་འདི་མན་ཆད་ཀྱི་ཆོ་འཕྲུལ་ལ་འགྲན་ཟླ་མེད་པའི་ཆོ་འཕྲུལ་དུ་གྲགས་སོ།། དེ་མཐུན་ས་གླང་ཧོར་ཟླ་དང་བོའི་ཚེས་བརྒྱད་ཀྱི་དུས་སུ། སྦྱིན་བདག་དཔོན་ནམ་མཁའ་བཟང་བོ་ཡབ་ཡུམ་གྱིས་མཛད་དེ་དུས་ཀྱི་མཆོད་པ་རྒྱ་ཆེན་བསྒྲུབས།
༩.སྔོན་ཆོ་འཕྲུལ་ཟླ་བའི་ཚེས་དགུའི་དུས་སུ་སྦྱིན་བདག་ཁྱད་པར་དུ་འཕགས་པ་ཚངས་པའི་རྒྱལ་བོས་སྦྱིན་བདག་མཛད་པའི་ཚེ། བཅོམ་ལྡན་འདས་ཀྱི་སྐུ་ཚངས་པའི་ལྷ་ལ་ཐུག་གི་བར་ཤིན་ཏུ་མཐོ་བ་ལྷང་ངེ་ལྷམ་མེར་བཞུགས་པ་སྤྲུལ་ནས་འོད་ཟེར་ཆེན་པོས་ཀུན་ཏུ་སྣང་བར་མཛད་པའི་ཆོ་འཕྲུལ་དགུ་བ་བསྟན་ཏོ།། དེ་མཐུན་ས་གླང་ཧོར་ཟླ་དང་བོའི་ཚེས་དགུའི་དུས་སུ་གཟིམ་གཡོག་རྣམས་ཀྱིས་སྦྱིན་བདག་བྱས་ནས་དུས་མཆོད་རྒྱ་ཆེན་བསྒྲུབས།
༡༠.སྔོན་ཆོ་འཕྲུལ་ཟླ་བའི་ཚེས་བཅུའི་དུས་སུ་སྦྱིན་བདག་ཁྱད་དུ་འཕགས་པ་རྒྱལ་བོ་ཆེན་པོ་བཞིས་མཛད་པའི་ཚེ། བཅོམ་ལྡན་འདས་ཀྱི་སྐུས་རྒྱལ་བོ་ཆེན་པོ་བཞིའི་རིགས་ནས་སྲིད་པའི་རྩེ་མོ་ལ་ཐུག་གི་བར་དུ་ཡོངས་སུ་གང་བར་མཛད་ཅིང་སྐུ་ལས་འོད་ཟེར་བྱུང་བའི་ཆོ་འཕྲུལ་བཅུ་བ་བསྟན་ཏོ།། དེ་མཐུན་ས་གླང་ཧོར་ཟླ་དང་བོའི་ཚེས་བཅུའི་དུས་སུ་ཡོན་བདག་བསོད་ནམས་འཕེལ་གྱིས་མགོ་བྱས་པའི་གཉེར་བ་རྣམས་ནས་སྦྱིན་བདག་བྱས་ཏེ་དུས་མཆོད་རྒྱ་ཆེན་བསྒྲུབས།
༡༡.སྔོན་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་གཅིག་གི་དུས་སུ་སྦྱིན་བདག་ཁྱད་པར་དུ་འཕགས་པ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་མཛད་པའི་ཚེ། བཅོམ་ལྡན་འདས་སེང་ཁྲི་ལས་སྐུ་མི་སྣང་བར་འོད་ཟེར་ཆེན་པོ་བཀྱེས་ཏེ་གསུང་འཇམ་པོའི་དམ་ཆོས་འཁོར་གྱིས་ཐོས་པར་མཛད་དེ། ཆོ་འཕྲུལ་བཅུ་གཅིག་པ་བསྟན་ཏོ།། དེ་མཐུན་ས་གླང་ཧོར་ཟླ་བཅུ་གཅིག་གི་དུས་སུ་གཉེར་ཆེན་དགེ་འདུན་འཕེལ་གྱིས་སྦྱིན་བདག་མཛད་ནས་དུས་མཆོད་རྒྱ་ཆེན་བསྒྲུབས།
༡༢.སྔོན་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་གཉིས་ཀྱི་དུས་སུ་སྦྱིན་བདག་ཁྱད་པར་དུ་འཕགས་པ་ཁྱིམ་བདག་ཙི་ཏས་མཛད་པའི་ཚེ། བཅོམ་ལྡན་འདས་བྱམས་པའི་ཏིང་འཛིན་ལ་བཞུགས་ནས་གསེར་གྱི་མདོག་ལྟ་བུའི་འོད་ཟེར་བཀྱེས་ནས་སྟོང་ཆེན་པོར་བྱས་ཏེ་ཆོ་འཕྲུལ་བཅུ་གཉིས་པ་བསྟན་ཏོ།། དེ་མཐུན་ས་གླང་ཧོར་ཟླ་དང་བོའི་ཚེས་བཅུ་གཉིས་ཀྱི་དུས་སུ་སྐྱོར་མོ་ལུང་བས་སྦྱིན་བདག་བྱས་ཏེ་དུས་ཀྱི་མཆོད་པ་རྒྱ་ཆེན་བསྒྲུབས།
༡༣.སྔོན་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་གསུམ་གྱི་དུས་སུ་སྦྱིན་བདག་ཁྱད་པར་དུ་འཕགས་པ་རྒྱལ་བོ་ཤུན་རྩི་ད་ལས་མཛད་པའི་ཚེ། བཅོམ་ལྡན་འདས་སེང་ཁྲིར་བཞུགས་ཏེ་སྐུའི་ལྟེ་བ་ནས་འོད་ཟེར་གཉིས་བྱུང་ནས་འདོམ་བདུན་ཙམ་འཕགས། དེའི་སྟེང་པདྨ་རེ་རེ་སྤྲུལ་ཞིང་། སངས་རྒྱས་དེ་དག་གི་ལྟེ་བའི་འོད་ཟེར་གཉིས་བཀྱེས་ནས་འདོམ་གང་ཙམ་དུ་ཡང་པདྨ་རེ་རེ་ལ་སྤྲུལ་བའི་སངས་རྒྱས་རེ་རེ་བཅས་སྟོང་ཆེན་པོར་བཀང་བའི་ཆོ་འཕྲུལ་བཅུ་གསུམ་ པ་བསྟན་ཏོ།། དེ་མཐུན་ས་གླང་ཧོར་ཟླ་དང་བོའི་ཚེས་བཅུ་གསུམ་གྱི་དུས་སུ་ཏྲེ་ཧོར་པ་རྣམས་ནས་དུས་མཆོད་རྒྱ་ཆེན་བསྒྲུབས།
༡༤.སྔོན་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་བཞིའི་དུས་སུ་སྦྱིན་བདག་ཁྱད་པར་དུ་འཕགས་པ་རྒྱལ་བོ་ཨུ་ཏྲ་ཡ་ནས་མཛད་པའི་ཚེ་བཅོམ་ལྡན་འདས་པ་རྒྱལ་བོས་མེ་ཏོག་གཏོར་བ་དེ་མ་ཐག་རིན་པོ་ཆེའི་ཤིང་རྟ་སྟོང་ཉིས་བརྒྱ་ལྔ་བཅུས་སྟོང་གསུམ་དུ་བཀང་བར་བྱས་ཏེ་ཆོ་འཕྲུལ་བཅུ་བཞི་བ་བསྟན་ཏོ།། དེ་མཐུན་ས་གླང་ཧོར་ཟླ་དང་བོའི་ཚེས་བཅུ་བཞིའི་དུས་སུ་བུ་ཚལ་བ་དང་ལས་ཆེན་རྡོར་རྒྱལ་བས་སྦྱིན་བདག་ཞུས་ཏེ་དུས་མཆོད་རྒྱ་ཆེན་བསྒྲུབས།
༡༥.སྔོན་ཆོ་འཕྲུལ་ཟླ་བའི་ཚེས་བཅོ་ལྔའི་དུས་སུ་སྦྱིན་བདག་ཁྱད་པར་དུ་འཕགས་པ་རྒྱལ་བོ་གཟུགས་ཅན་སྙིང་བོའི་མཛད་པའི་ཚེ། བཅོམ་ལྡན་འདས་ཀྱིས་ཞལ་ཟས་ཀྱི་སྣོད་སྦྱར་བས་འཁོར་མང་པོ་ཚིམས་པར་མཛད་པ་དང་། ཕྱག་ས་ལ་བརྟེན་ནས་དམྱལ་གནས་བཅོ་བརྒྱད་ཀྱི་སེམས་ཅན་འཁོར་མང་བོས་མཐོང་བ་དང་སྐད་ཐོས་པར་གྱུར་བའི་ཆོ་འཕྲུལ་བཅོ་ལྔ་བ་བསྟན་ཏོ།། དེ་མཐུན་ས་གླང་ཧོར་ཟླ་དང་བོའི་ཚེས་བཅོ་ལྔའི་དུས་སུ་ཐོར་བུ་བ་རྣམས་ནས་སྦྱིན་བདག་བྱས་ཏེ་དུས་མཆོད་རྒྱ་ཆེན་བསྒྲུབས།
      ལྷ་ལྡན་སྨོན་ལམ་དང་ཐོག་ཟླ་དང་བོའི་ཚེས༡༥བར་ཡིན་པ་དང་། དུས་མཆོད་བཙུགས་པ་ནས་བཟུང་སྤྱི་ལོ༡༤༩༧བར་ལོ་ངོ་བརྒྱད་ཅུ་རྩ་བརྒྱད་རིང་གཙོ་བོ་སེ་འབྲས་གཉིས་འཚོགས། དགའ་ལྡན་གྲྭ་བཙུན་རྣམས་དགའ་ལྡན་ཟུར་དུ་སྨོན་ལམ་འཚོགས། རྗེས་སུ་རྒྱལ་དབང་སྐུ་ཕྲེང་བདུན་པ་ཆེན་མོས་དགའ་ལྡན་པ་ལྷ་སར་སྨོན་ལམ་འཚོགས་པར་ཡོང་དགོས་པའི་གཏན་འབེབས་གནང་། བོད་རབ་བྱུང་བརྒྱད་པའི་ལྕགས་ཕག་སྟེ་སྤྱི་ལོ༡༤༩༡ལོར་སྡེ་སྲིད་ཕག་གྲུ་ངག་དབང་བཀྲ་ཤིས་གྲགས་པ་ལོ་ན་ཕྲ་བའི་དབང་གིས་ཀརྨ་ཞྭ་ནག་པ་སྐྱེ་ཕྲེང་བདུན་པ་ཆོས་གྲགས་རྒྱ་མཚོས་ངན་སྐུལ་འོག་ས་རྟ་སྤྱི་ལོ༡༤༩༨ལོ་ནས་ལྷ་ས་སྨོན་ལམ་ཆེན་མོར་སེ་འབྲས་གཉིས་ཡོང་མི་ཆོག་པ་བཟོས་ཏེ་ལོ་བཅུ་དགུའི་རིང་ལྷ་སའི་ཉེ་འདབས་ཀྱི་བཀའ་རྒྱུད་པ་དང་ས་སྐྱ་བ་ཡོང་ནས་སྨོན་ལམ་འཚོགས། དེ་རྗེས་སྡེ་སྲིད་ཕག་གྲུ་ངག་དབང་བཀྲ་ཤིས་ཀྱིས་སྲིད་དབང་དངོས་སུ་བཟུང་སྟེ་རབ་བྱུང་དགུ་བའི་ས་རྟ་སྟེ་སྤྱི་ལོ༡༥༡༨ལོ་ནས་སླར་ཡང་སེ་འབྲས་གཉིས་ལྷ་སར་འཚོགས་རྒྱུ་བསྐྱར་གསོ་བྱས། དུས་དེ་ཙམ་ནས་རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོས་ལོ་ལྟར་སྨོན་ལམ་གྱི་ཚོགས་དབུ་གནང་ཐོག་ཚོགས་ཆེན་གྱི་འདོན་དབྱངས་དང་སྒྲིག་ལམ་གསར་བ་འགའ་ཞིག་གཏན་ལ་ཕབས། དེ་ནས་བོད་རབ་བྱུང་བཅུ་བའི་ས་གླང་སྟེ་སྤྱི་ལོ༡༦༡༤ལོ་ནས་བཟུང༧པཎ་ཆེན་སྐུ་ཕྲེང་བཞི་བ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་ལོ་དྲུག་རིང་ལྷ་ལྡན་སྨོན་ལམ་ཆེན་མོའི་ཚོགས་དབུ་གནང་ཞིང་། གདན་ས་ཆེན་པོ་གསུམ་གྱི་དགེ་བཤེས་མཁས་པ་རྣམས་སྨོན་ལམ་ཚོགས་དབུས་སུ་མཚན་ཉིད་དམ་བཅའ་བཞག་སྟེ་སྔ་དྲོ་ཚད་མ་རྣམ་འགྲེལ། ཉིན་གུང་དབུ་མ་དང་ཕར་ཕྱིན། དགུང་དྲོ་འདུལ་བ་དང་མཛོད་བཅས་མཚན་ཉིད་རིག་པའི་གཞུང་པོད་ལྔར་བགྲོ་གླེང་བྱས་ཏེ་མཚན་ཉིད་བཟང་རིམ་ཨང་ཀི་བསྒྲིགས་ནས་བྱ་དགའི་དངོས་པོ་སྤྲོད་པའི་ལམ་ལུགས་ཆགས་པ་དེ་ནི་དགེ་བཤེས་ལྷ་རམས་པ་མཚན་རྟགས་གཏོང་བའི་ཐོག་མ་ཡིན་པར་མངོན།
      ཚེས་བཅོ་ལྔའི་ཉིན་དུས་ཆེན་དངོས་གཞི་བཅོ་ལྔ་མཆོད་པ་སྟེ་ལྷ་ས་གཙུག་ལག་ཁང་གི་ཕྱིའི་སྐོར་ལམ་ཆེན་མོའི་ནང་ཐོག་ཚད་གསུམ་ཙམ་གྱི་ཚད་ལོངས་པའི་མཆོད་པ་བསྒྲིགས་ཏེ་མཆོད་མེའི་དུས་སྟོན་དང་། ཚེས་བཅུ་དྲུག་ཉིན་སྐྱེ་རྒུ་རྣམས་མ་འོངས་པ་ན་རྒྱལ་བ་བྱམས་པ་འཇིག་རྟེན་དུ་བྱོན་པའི་ཚེ་འདུས་པ་དང་བོར་སྐྱེ་བའི་རྟེན་འབྲེལ་དུ་བྱམས་པའི་སྣང་བརྙན་མཆོད་ཚོགས་དུ་མ་དང་བཅས་ཏེ་ཕྱི་སྐོར་ལ་གདན་འདྲེན་པ་དང་། རྟ་རྒྱུག་མི་རྒྱུག་གི་རྩལ་སྣ་འགྲན་བསྡུར་བཅས་སྨོན་ལམ་གྲོལ་བའི་དགའ་སྟོན་མཛད་ཅིང་། ཡང་ལྔ་བ་ཆེན་པོ་སྤྱི་ལོ༡༦༨༣ལོ་དགོངས་པ་རྫོགས་རྗེས་རབ་བྱུང་བཅུ་གཉིས་པའི་ཤིང་ཁྱི་སྟེ་སྤྱི་ལོ༡༦༩༤ནས་སྐུ་ཕྲེང་ལྔ་བའི་འདས་མཆོད་མགོ་ཚུགས་ཏེ་རྒྱལ་དབང་སྐུ་ཕྲེང་རིམ་པའི་དགོངས་རྫོགས་མཆོད་སྤྲིན་ལ་ལྷ་ལྡན་སྨོན་ལམ་ཉིན་ཞག་རིམ་འཕར་དབང་གིས་མཐར་ཧོར་ཟླ་དང་བོའི་ཚེས་བཞི་ནས་མགོ་ཚུགས་ཏེ་ཚེས་ཉེར་བཞི་ལ་སྨོན་ལམ་གཏོར་རྒྱག་དང་། ཚེས་ཉེར་ལྔ་ལ་བྱམས་པ་གདན་འདྲེན་བཅས་བྱས་པས་ཉིན་ཞག་ཉི་ཤུ་རྩ་གཅིག་ཏུ་འཕར་བའོ།།
      ཉེ་རབས་ཀྱི་སྨོན་ལམ་ཆེན་མོའི་མཆོད་སྤྲིན་བྱེད་སྒོ་ཁག་ནི་བོད་ཟླ་དང་བོའི་ཚེས་བཞི་ཉིན་གྱི་ཕྱི་དྲོར་སེ་འབྲས་དགའ་གསུམ་སོགས་ཀྱི་དགེ་འདུན་པ་རྣམས་གཙུག་ལག་ཁང་དུ་གྲལ་འཛིན་མཛད། ཚེས་ལྔ་ཉིན་ནས་ཚེས་ཉེར་བཞི་ཉིན་ལྟར་སྐམ་ཚོགས་གསུམ་དང་། རློན་ཚོགས་གསུམ། ཞོགས་པ་ཐོ་རངས་ནས་དགོང་མོ་མཚན་ཕྱེད་བར་ཚོགས་འཚོགས་དགོས་ཀྱི་ཡོད།
      ཞོགས་ཚོགས་ལ་གསོལ་ཇ་གཉིས་དང་བཞེས་ཐུག་གཅིག་ཡོད། ཞལ་འདོན་སྐྱབས་སེམས་དང་། ཚེ་ལྷ་རྣམ་གསུམ། སངས་རྒྱས་བྱང་སེམས་ཀྱི་བསྟོད་པ། གདུགས་ཤེར་སེང་གསུམ། སྨོན་ལམ་སོགས་དང་། སྦྱིན་བདག་གིས་ཕུལ་བའི་འདོན་སྐུལ་རྣམས་མཛད། ཞོགས་ཚོགས་གྲོལ་རྗེས་གསུང་ཆོས་ར་བའི་སྐམ་ཚོགས་ལ་ཉིན་དེའི་དགེ་བཤེས་དམ་བཅའ་བར་ཚད་མའི་སྐོར་བགྲོ་གླེང་མཛད། དགེ་བཤེས་ཀྱི་ཕྱག་དཔེའི་ཆུ་ཚད་ལ་གཟིགས་ཞིབ་གནང་མཁན་བླ་མ་གཞུང་ལས་པ་ཞེས་དགེ་བཤེས་གཅིག་དང་འབྲས་སྤུངས་ཀྱི་མཁན་པོ་གཉིས་ཡོད། དགའ་ལྡན་ཁྲི་རིན་པོ་ཆེ་གསུང་ཆོས་ར་བར་ཕེབས་སྐབས་མཚན་ཉིད་རྩོད་མཚམས་བཞག ཁྲི་རིན་པོ་ཆེ་བཞུགས་ཁྲིར་བཞུགས་རྗེས་ཤེས་རབ་སྙིང་བོ་དབུ་སྐུལ་མཛད། དེ་གྲུབ་རྗེས་འབྲས་སྤུངས་ཚོགས་ཆེན་དབུ་མཛད་ཀྱིས་མཎྜལ་འབུལ། ཁྲི་རིན་པོ་ཆེས་སྐྱེས་རབས་སོ་བཞི་བ་ཐུན་རེ་གསུངས། གུང་ཚོགས་གསོལ་ཇ་སོགས་ཞོགས་ཚོགས་དང་མཚུངས། གུང་ཚོགས་སུ་དད་ལྡན་སྐྱེ་བོ་གྲངས་ལས་འདས་པ་རྣམས་ཀྱིས་གཙུག་ལག་ཁང་གི་ཐོག་སྟེང་ནས་ཚོགས་མཇལ་ཞུ་བ་དང་འདོན་སྐུལ་ཤོག་ཆག་དང་མཇལ་དར་བསྐྱུར། གུང་ཚོགས་གྲོལ་རྗེས་ཁྱམས་རའི་ནང་ཉིན་དེའི་དགེ་བཤེས་དམ་བཅའ་བར་དབུ་མ་དང་ཕར་ཕྱིན་གྱི་སྐོར་བགྲོ་གླེང་མཛད། ཁྲི་རིན་པོ་ཆེ་ཇོ་བོ་ལ་ཞལ་ཕྱོགས་ནས་བཞུགས་པ་དང་དབུ་མཛད་རྣམས་ཁྲི་བར་ཞལ་བསྟན་ནས་བཞུགས། འབྲས་སྤུངས་ཚོགས་ཆེན་དབུ་མཛད་ཀྱིས་ཞལ་འདོན་བསྐུལ་བ་ལྟར་འདོན་བཞིན་དུ་ཁྲི་པའི་མཇལ་ཁ་ཞུ། འབྲས་སྤུངས་གྲྭ་ཚང་བཞིའི་དབུ་མཛད་ཀྱིས་སྤྱན་འདྲེན་དང་། ཁྲུས་གསོལ། ཡན་ལག་བདུན་པ། མཎྜལ་སྨོན་ལམ་བཅས་དབྱངས་དང་ལྡན་པའི་སྒོ་ནས་གསུང་། ཚོགས་ཆེན་དབུ་མཛད་ཀྱིས་རྗེ་ཙོང་ཁ་པ་ཆེན་པོའི་གསང་རྣམ་དབུ་སྐུལ་མཛད་པ་དང་། ཡོན་ཏན་གཞི་གྱུར་མ་གསུངས་པ་དང་ཁྲི་རིན་པོ་ཆེས་བསྔོ་བ་དང་། བདེ་སྨོན། བསྟན་འབར་མ་སོགས་གསུངས། དབུ་མཛད་ཡར་བཞེངས་ནས་བཀྲ་ཤིས་མཆོད་བརྗོད་ཀྱིས་མཚམས་བཞག་གོ། དགོང་ཚོགས་ནི་གོང་དང་འདྲ། དགོང་ཚོགས་གྲོལ་རྗེས་ཉིན་དེའི་དགེ་བཤེས་དམ་བཅའ་བར་གདན་ས་གསུམ་གྱི་དཔེ་ཆ་བ་དང་རྒྱུད་གྲྭ་སྟོད་སྨད་ཀྱི་དགེ་བཤེས་ཀྱིས་འདུལ་བ་དང་མཛོད་ཀྱི་སྐོར་བགྲོ་གླེང་མཛད། མཚན་ཕྱེད་ཙམ་ལ་བླ་མ་གཞུང་ལས་པས་ཚོད་གནང་བ་དང་མཚམས་བཞག་གོ།
      དེ་ལྟར་སྨོན་ལམ་གྱི་ཚོགས་མཆོད་རྒྱ་ཆེན་པོ་འདི་ང་བརྒྱད་བར་ཡོད་པ་དང་། དེ་ནས་བོད་རབ་བྱུང་བཅུ་དྲུག་པའི་མེ་སྟག་ལོའི་ཟླ་དང་བོའི་ཚེས་བདུན་ཉིན། སྤྱི་ལོ༡༩༨༦ཟླ༢ཚེས༡༦ཉིན་གྱི་ཕྱི་དྲོར་གདན་ས་ཆེན་པོ་སེ་འབྲས་དགའ་གསུམ་དང་། ལྷ་སའི་རྒྱུད་གྲྭ་སྟོད་སྨད་གཉིས། གནས་ཆུང་དགོན་ པ། ར་སྟོད་དགོན་པ་བཅས་ནས་ཕེབས་པའི་དགེ་འདུན་ཆིག་སྟོང་ལྷག་ཙམ་འདུ་འཛོམས་ཀྱིས་གཙུག་ལག་ཁང་གི་ཁྱམས་རའི་ནང་གྲལ་འཛིན་གནང་ཞིང་། བོད་ཟླ་དང་བོའི་ཚེས་བརྒྱད་ནས་ཚེས་བཅུ་དྲུག་པར༡༩༨༦ལོའི་ཟླ༢པའི་ཚེས༡༧ནས་ཟླ༢ཚེས༢༦ཞག་བཅུའི་རིང་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དུས་སྟོན་མཆོད་པ་དངོས་སུ་མཛད། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོ་པཎ་ཆེན་སྐུ་ཕྲེང་བཅུ་བ༧བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་མཆོག་པེ་ཅིང་ནས་ལྷ་སར་ཆེད་ཕེབས་ཀྱིས་དེ་སྔོན་ལོ་འགའི་ནང་དུས་ཀྱི་འགྱུར་བ་སྣ་ཚོགས་པས་བསྟར་ཆགས་སུ་ཚོགས་ཐུབ་མེད་པའི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་སླར་གསོ་དང་འབྲེལ་གཙོ་འགན་བཞེས། སྨོན་ལམ་ཆེན་མོའི་རིང་སྔར་རྒྱུན་གྱི་སྐམ་ཚོགས་དང་རློན་ཚོགས་ཚུགས། མང་ཇ་བཞེས་ཐུག་དང་སྐུ་འགྱེད་འབུལ་མཁན་སྦྱིན་བདག་ཤིན་ཏུ་མང་བོ་བྱུང་། དགའ་ལྡན་ཁྲི་བའི་སྐུ་ཚབ་གནང་སྟེ་གསུང་ཆོས་ར་བར་སྐྱེས་རབས་སོ་བཞི་བ་གསུངས། ཚེས་བཅུ་ཉིན་གྱི་དགོང་དྲོ་པཎ་ཆེན་རིན་པོ་ཆེས་གསུང་ཆོས་ར་བར་ཕེབས་ནས་ཉིན་དེའི་དགེ་བཤེས་ལྷ་རམས་པའི་དམ་བཅའ་བར་རྟགས་གསལ་གཏོང་ཚུལ་ལ་གསན་གཟིགས་མཛད། ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོར་པཎ་ཆེན་རིན་པོ་ཆེ་ཁྲི་ཐོག་ཏུ་འཁོད་དེ་བར་སྐོར་དང་གཙུག་ལག་ཁང་མདུན་ངོས་ཀྱི་ཐང་ཆེན་དུ་སེར་སྐྱ་མི་གྲངས་ཁྲི་ཚོ་བཅུ་ལྷག་ཙམ་ལ་སྐྱེས་རབས་སོ་བཞི་བ་གསུངས་པ་དང་གསུང་ཆོས་གྲུབ་རྗེས་གལ་ཆེའི་བཀའ་སློབ་ཀྱང་གནང་། ཕྱི་དྲོའི་ཆུ་ཚོད་གསུམ་པར་པཎ་ཆེན་རིན་པོ་ཆེས་ཁྱམས་རའི་ནང་གི་སྐམ་ཚོགས་ཀྱི་གཙོ་མགོན་བཞེས་པ་དང་སྦྲགས་དགེ་འདུན་པ་དམངས་དང་མཉམ་དུ་ཇོ་བོ་ཤཱཀྱ་མུ་ནེར་ཞལ་གཟིགས་ཏེ་དབུ་མཛད་ཀྱི་འདོན་སྐུལ་འོག་མཎྜལ་ཕུལ་བ་དང་རྗེ་ཙོང་ཁ་བའི་གསང་བའི་རྣམ་ཐར་དང་ལྟུང་བཤགས་སོགས་ཞལ་འདོན་མཛད། དེའི་ཉིན་མོར་དགེ་འདུན་དམངས་ལ་མང་ཇ་བཞེས་ཐུག་དང་སྐུ་འགྱེད་གནང་།བོད་རིགས་དད་ལྡན་པ་ཁྲི་སྟོང་མང་བོས་ཚོགས་མཇལ་ཞུས་པ་མ་ཟད་ལྷ་སར་ཡུལ་སྐོར་སྤྲོ་འཆམ་དང་ལྟ་སྐོར་བྱེད་མཁན་སྐུ་མགྲོན་ཕྱི་རྒྱལ་བ་བརྒྱད་ཅུ་ལྷག་ཙམ་གྱིས་ཀྱང་དགའ་སྤྲོའི་ངང་ནས་ཚོགས་མཇལ་ཞུས། དུས་དེ་ནས་བཟུང་ལྷ་ལྡན་སྨོན་ལམ་ཆེན་མོ་རེ་ཞིག་སྔར་རྒྱུན་ལྟར་ཚོགས་ཐུབ་པ་བྱུང་ཡང་ད་ལྟ་མཚམས་ཆད་ཡོད་དོ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།