བྲག་དཀར་རྟ་སོ་ངོ་སྤྲོད་མདོར་བསྡུས།
མཚན་རྒྱས་པར་བྲག་དཀར་རྟ་སོ་དབུ་མ་རྫོང་ཞེས་ཞུ། བྲག་དཀར་རྟ་སོ་ཞེས་པ་ནི་བྲག་དཀར་པོ་རྟའི་སོ་འདྲ་བ་ཞིག་ཡོད་སྟབས་མཚན་དེ་ལྟར་ཐོགས། འོན་ཀྱང་ད་ལྟ་ཉམས་གསོ་ཞུ་ཐུབ་མེད། ད་ལྟ་ཉམས་གསོ་གནང་བ་ནི་བྲག་དམར་ཁྱུང་ལུང་ཞེས་པ་ཡིན།དེ་ནི་བྲག་དཀར་རྟ་སོའི་ལྟག་ཏུ་ཡོད། གནས་དེར་རྫོང་དཀར་ནས་སྤྱི་ལོ35ཙམ་མར་ཡོང་ན་ར་རྐྱང་ཞེས་པར་འབྱོར། དེ་ནས་འཁོར་ལམ་མེད་སྟབས་ཟམ་པ་ཐོན་ཏེ་རྐང་ཐང་མར་ཆུ་ཚོད་ཕྱེད་གཉིས་ཙམ་འཛེག་ན་དགོན་དེར་སླེབས་པ་ཡིན། དེའང་རྗེ་བཙུན་མི་ལར་བླ་མ་མར་པས་གནང་བའི་ཐོད་ཕོར་དང་རྫ་སྣོད། ཡུམ་བདག་མེད་པས་གནང་བའི་སྣམ་གདན་སོགས་བསྣམས་ཏེ་ཐོག་མར་འཁྲུངས་ཡུལ་སྐྱ་རྔ་རྩ་རུ་ཕེབས་པས་ངེས་འབྱུང་སྐྱོ་ཤས་དྲག་པོ་བྱུང་། དེ་ནས་བྲག་དཀར་རྟ་སོར་ཕེབས་ཏེ་རྩམ་ཁལ་དྲུག་གིས་ལོ་གསུམ་ལྡེང་པར་གནང་ནས་བཞུགས། དེ་ནས་གྲོང་དུ་བབས་ཏེ་སློང་མོའང་ཕྲན་ཙམ་གནང་བས་དེའང་དགོས་མེད་དུ་གཟིགས་ཏེ་སྤྱི་ལོའི་དུས་རབས་བཅུ་གཅིག་ཙམ་དུ་ད་ལྡའི་བྲག་ཕུག་དེར་ཕེབས་སྐབས་དེར་ཟྭ་ཚོད་མང་བ་དང་། ཉི་མ་དྲོ་བ།མཐོང་རྒྱ་ཆེ་བ་བཅས་ལ་དགོངས་ཏེ་ལོ་དྲུག་རིང་ཟྭ་ཚོད་ཁོ་ནར་ལོངས་སྤྱད་ནས་སྒྲུབ་པ་མཛད།དེའང་། “བྲག་དཀར་རྟ་སོ་བྲག་དམར་ཁྱུང་ལུང་དུ། ཕྱི་བྲེ་དྲུག་ལ་རྒྱགས་ཀྱི་བློ་ཕྲུག་གཏད། རང་ལོ་བཅོ་བརྒྱད་ཟྭ་ལ་བཀའ་ཐུབ་སྤྱད། དཀའ་སྤྱད་མཐར་ཕྱིན་ཁྱེད་ལ་གསོལ་བ་འདེབས།”ཞེས་པའང་དེ་ལྟར་བྱུང་། དེ་ནས་བླ་མའི་གདམས་ངག་ཁ་ཕྱེ་བའི་དུས་ལ་བབས་པ་དང་གཅིག་པེ་ཏ་དང་མཛེས་སེས་འཚོ་བ་ཕུལ་བ་དང་གཉིས། སྐུ་ལུས་ཀྱང་ཉམས་པ་ལས་གསོས་པ་དང་གསུམ་བཅས་བྱུང་བ་དང་སྒྲུབ་པ་བསྐྱོན་པའི་འབྲས་བུ་གཡུར་དུ་ཟ་བ་ཐོབ་སྟེ་མཐར་སྐད་ཅིག་ཉིད་ལ་ཚོགས་གཉིས་རྫོགས། སྒྲིབ་གཉིས་དག་ནས་བདུད་བཞིའི་གཡུལ་ལས་རྒྱལ་ཏེ་གནས་མཆོག་དེར་མངོན་པར་བྱང་ཆུབ་ལ་མངའ་བརྙེས་སོ།དེ་ནས་རྫུ་འཕྲུལ་གྱི་ཡང་ཕྱེ་སྟེ་གསུངས་པར་“དང་པོ་གཏུགས་ས་མ་ནོར་བ།བླ་མ་མར་པའི་ཞབས་ལ་གཏུགས། བར་དུ་འཕྲད་ས་མ་ནོར་བ། ནཱ་རོ་ཆོས་དྲུག་ཆོས་དང་འཕྲད། མཐའ་མ་སྒོམ་ས་མ་ནོར་བ། བྲག་དཀར་རྟ་སོའི་རི་ལ་སྒོམས།”ཞེས་གསུངས་པ་ལྟར་གནས་དེར་ལོ་དགུ་བཞུགས། དེ་ནས་ལ་ཕྱིར་ཕེབས་པའི་གྲབ་མཛད་དུས་རྫ་ཁོག་ཀྱང་ཆག། དེའི་ཤུལ་དུ་ད་ལྟའང་ཟྭ་སྔོ་ཁྱུར་རེད་སྐྱེས་ནས་ཡོད། དེ་ནས་ལ་ཕྱིར་ཕེབས་ཏེ་སློབ་མ་རྣམས་ལ་གསང་སྔགས་ཀྱི་གདམས་པ་ཅི་རིགས་གནང་སྟེ་སྙན་པའི་གྲགས་པ་ཀུན་དུ་ཁྱབ། ཐུགས་སྲས་ཉི་ཟླ་ལྟར་གྲགས་པ་དྭགས་པོ་ལྷ་རྗེའང་གནས་དེར་མཇལ། མཐར་དགུང་གྲངས་གྱ་བཞི་སྟེ་རབ་བྱུང་གཉིས་པའི་ཆུ་ཡོས་སྤྱི་ལོ1123ལོར་ལ་ཕྱི་ཆུ་དབར་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ་པ་བཅས་དང་། གཞན་ཡང་བྲག་དཀར་རྟ་སོའི་གནས་དེར་སྔ་རྗེས་སུ་གྲུབ་ཆེན་གླིང་རས་པ། འགྲོ་དགོན་གཙང་པ་རྒྱ་རས། རྒྱལ་བ་རྒོད་ཚང་པ། གྲུབ་ཐོབ་ཨོ་རྒྱན་པ། གྲུབ་ཐོབ་རྡོར་འཛིན་པ། གཡག་རུ་དཔལ་གྲགས། རྗེ་རེད་མདའ་བ། གྲུབ་ཐོབ་རྒྱན་མཚན་འབུམ། གཙང་སྨྱོན་ཧེ་རུ་ཀ། དབུས་སྨྱོན་ཀུན་དགའ་བཟང་པོ་སོགས་ཀྱང་གནས་དེར་བྱོན་བཞུགས་མཛད་ཀརྨ་པ་རང་བྱུང་རྡོ་རྗེ་དགུང་ལོ་གསུམ་དུ་གནས་དེར་ཕེབས་ཏེ་ཞབས་རྗེས་བཞག་གནང་བ་ད་ལྟའང་མཇལ་རྒྱུ་ཡོད་པ་བཅས་ཡིན།
དེ་རྗེས་བླ་རབས་ཐོག་མ་ལྷ་བཙུན་རིགས་འཛིན་རྣམ་རྒྱལ་གྱིས་བསྐྱངས།དེའི་དུས་བཞེངས་གནང་བའི་གསེར་ཟངས་ཀྱི་རྗེ་བཙུན་མི་ཚད་ཙམ་དང་། སྐུ་རྒྱུ་དེ་མཚུངས་ཀྱི་ཐུབ་དབང་། སྐུ་རྒྱུ་ལི་ལས་གྲུབ་པའི་རྒྱལ་བ་རྡོ་རྗེ་འཆང་སོགས་སྐུ་བརྙན་བཅུ་གསུམ་ཙམ། བླ་བྲང་གཟིམ་ཆུང་དུ་སྐུ་རྒྱུ་སྨན་འདམ་ལས་གྲུབ་པའི་ལྷ་བཙུན་གྱི་འདྲ་སྐུ་གསུང་བྱོན་མ། རྗེ་རེད་མདའ་བས་བཞེངས་གནང་བའི་སྒྲོལ་མ་གསུང་བྱོན་མ། དབུ་མ་རྫོང་དུ་རྟེན་གཙོ་མི་ལའི་སྐུ་བརྙན།ཕྱགརྫོགས་དབུ་གསུམ་གྱི་གསུང་རྟེན་ཁྲིད་དཔར་ཁག་དང་། གསོ་རིགས་རྒྱུད་བཞི་སོགས་གྲངས་མང་ཡོད།རྟ་སོའི་ལྷ་ཁང་དུ་རྗེ་བཙུན་གྱི་སྐུ་བརྙན་དང་བཀའ་རྒྱུད་ཀྱི་བླ་སྐུ་མང་པོ་པར་ཁང་དུ་ཏེ་ལོ། ནཱ་རོ། མི་ལ་སོགས་ཀྱི་རྣམ་མགུར་པར་ཤིང་དང་། བཀའ་རྒྱུད་གསེར་ཕྲེང་སོགས་ཀྱི་པར་ཤིང་ཆེ་ཆུང་བསྡོམས6000ཙམ་བཅས་བཞུགས། འདུ་ཁང་ཆེན་མོའི་ནང་རས་ཆེན་ཀརྨ་ཆོས་འཕེལ་གྱིས་བཞེངས་གནང་བའི་གསེར་ཟངས་ཀྱི་བྱམས་ཆེན་སོགས་རྟེན་སྐུ160ཙམ། གཞན་ཡང་དགོན་དེར་སྟག་སེང་འཁྲུང་འབྲུག་གི་རང་བྱོན་ཡོད་པ་ལས་སྟག་སེང་འབྲུག་བཅས་འོག་དང་། ཁྲུང་གི་རང་བྱོན་སྟེང་དུ་ཡོད་པ། དབུ་རྩེར་ཆོས་རྩེག་གི་རང་བྱོན། མཆོད་རྟེན་གྱི་རང་བྱོན། ཚེ་རིང་མཆེད་ལྔས་རྗེ་བཙུན་གྱི་བསྟན་པ་སྐྱོང་བར་ཞལ་བཞེས་པའི་རང་བྱོན། ཟྭ་ཁོག་སྒྲིལ་བའི་རང་བྱོན་བཅས་མཇལ་སྟེ་རྩེ་སྐོར་དུ་སོང་ན་ཉིན་གཅིག་འགོར་བ་ཡིན།
ད་ལྟ་ནི་སྔོན་གྱི་རྩིག་པའི་སྟེང་ཐོག་བཀབ་ནང་བའི་འདུ་ཁང་ནང་སྔར་གྱི་བཀའ་འགྱུར་ལྷ་ཁང་གི་རྟེན་གཙོ་གསེར་གསེར་ཟངས་ཀྱི་ཐུབ་དབང་མི་ཚད་མ་མཚལ་བུར་གྱུར་པར་ཉམས་གསོ་ཞུས་པ་དང་། རྗེ་བཙུན་གཟིམ་སྦུག་ཏུ་སྨན་འདམ་གྱི་རྗེ་བཙུན་གྱི་སྐུ་བརྙན་ལ་ཉམས་གསོ་ཞུས་པ། གཞན་ཡང་པར་ཤིང་ཁ་ཐོར་༢༠༠ལྷག་ཙམ་བཅས་མཇལ་རྒྱུ་ཡོད། དགོན་དེ་ནས་མར་ཡོང་དུས་བྲག་དཀར་རྟ་སོའི་སྒྲུབ་ཕུག་དང་དགོན་ཤུལ་བཅས་མཇལ་རྒྱུ་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com