སྐུ་འབུམ་དགོན་གྱི་ཚོགས་ཆེན་འདུ་ཁང་ངོ་སྤྲོད་མདོར་བསྡུས།
སྐུ་འབུམ་དགོན་གྱི་ཚོགས་ཆེན་འདུ་ཁང་།
ཚོགས་ཆེན་འདུ་ཁང་ཆེན་མོ་ནི་དགོན་པའི་གྲྭ་མང་ཡོངས་ཀྱི་ཚོགས་འཚོགས་ས་དང་ཆོས་སྒོ་ཆེན་པོ་སྤེལ་ས་ཡིན་པར་མ་ཟད། གྲྭ་ཚང་བཞི་ལས་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཛེས་པའི་དཔལ་ལྡན་བཤད་སྒྲུབ་གླིང་གི་འདུ་ཁང་ཡང་ཡིན་ནོ།། རབ་ཕྱོགས་ཆུ་བྱི་ལོ་སྟེ1612ལོར(མིང་བན་ཁྲི་ལོ32)ཐོག་མར་བཞེངས། རྗེས་སུ་བསྐྱར་བཞེངས་དང་ཞིག་གསོ་སོགས་ཀྱིས་རྒྱ་བསྐྱེད་དེ། ད་ལྟའི་ཀ་བ168དང་། མངོན་གསལ་གྱི་ཀ་བ108ཅན་གྱི་བོད་ལུགས་ལྟར་ཉིས་ཐོག་ཅན་གྱི་འདུ་ཁང་ཆེས་ཆེན་པོ་ཞིག་ཏུ་གྱུར། སྟེང་དུ་ཟངས་གསེར་གྱི་གཛྙིར་དང་། རྒྱལ་མཚན། ཆོས་འཁོར། རི་དྭགས་ཕོ་མོ་བཅས་ཀྱིས་མཛེས་པར་སྤྲས་ཡོད།
འདུ་ཁང་གི་དབུས་ཕུགས་སུ་མཁན་པོ་རིམ་བྱོན་གྱི་བཞུགས་ཁྲི་དང་། གཡས་སུ་རྒྱལ་དབང་ཐམས་ཅད་མཁྱེན་པ་དང་པཎ་ཆེན་སྣང་བ་མཐའ་ཡས་ཀྱི་བཞུགས་ཁྲི་དང་། གཡས་གཡོན་དུ་རྒྱལ་བ་ཤཱཀྱ་ཐུབ་པ། དུས་གསུམ་སངས་རྒྱས། རྗེ་རིན་པོ་ཆེ། འཕགས་པ་སྤྱན་རས་གཟིགས་བཅུ་གཅིག་ཞལ། རྗེ་བཙུན་བྱམས་པ། ཇོ་རིན་པོ་ཆེ། པཎ་ཆེན་སྐུ་ཕྲེང་བཅུ་བ། ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་། སྨན་བླའི་བློས་བསླངས། ཀུན་དགའ་ར་བ། སྒོ་ཁྱིམ་ཆུང་བར་རྗེ་སེམས་དཔའ་སུམ་བརྩེགས་ཀྱི་སྟོང་སྐུ་བཅས་བྱིན་ཅན་ཁྱད་པར་ཅན་མང་པོ་བཞུགས། ད་དུང་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་ཆོས་སྐྱོང་མཐུ་རྩལ་དྲེགས་པ་ཅན་བག་ཙེ་ལྕམ་སྲིང་གི་རྟེན་ཐང་། སྐུ་འབུམ་དགོན་པའི་ཕུལ་བྱུང་སྒྱུ་རྩལ་གསུམ་དུ་གྲགས་པའི་ནང་ཚན་ཐང་ག་དང་། དྲས་སྒྲུབ། གཙགས་དྲུབ། ལོགས་རིས་སོགས་བྱིན་རླབས་ཅན་གྱི་ཚན་ཁ་འབར་བའི་རྟེན་ཁ་མང་པོ་བཞུགས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com