ལོ་བ་གོང་མའི་མ་ཎི་ཁང་ངོ་སྤྲོད་མདོར་བསྡུས།
དེ་ཡང་ལོ་བ་གཡང་སྡེ་ཕྱུག་མོ་འདི་ཇི་ལྟར་བྱུང་བ་མདོར་ཙམ་བརྗོད་ན། སྔོན་ལོ་བའི་ཇོ་མོ་ཚེ་རིང་ཁོང་ནི་སྐུ་ཞབས་གསེར་ཁང་ཚང་གི་སྐུ་སྲིང་ཡིན་ལ། འཇིག་རྟེན་གྱི་ལུགས་དང་ཆོས་ཀྱི་མཐིལ་ཕྱིན་པ་ཞིག་ཀྱང་ཡིན། ཁོང་ལ་སྐུ་སྲས་གཉིས་ཡོད་པ་ལས་ཆེ་བའི་མིང་ལ་དགེ་འདུན་དང་ཆུང་བའི་མིང་ལ་མགོན་པོ་ཟེར། སྤྱི་ལོ1890ལོའི་ཡས་མས་སུ་འཇིག་རྟེན་གྱི་ཟང་ཟིང་ལས་ཉེ་འབྲེལ་བར་ལ་འགལ་ཟླ་བྱུང་བས་དགེ་འདུན་ཕུ་ནུ་གཉིས་གཅན་ཚའི་ལོ་བ་གཞུང་དང་ཁ་བྲལ་ཏེ་རྨ་ཆུའི་ཕ་རོལ་གྱི་སྒོ་མེ་རྒྱ་རར་འཁྱམ་མྱུལ་བྱས་ཏེ་ལོ་ངོ་གཉིས་ཙམ་ལ་བསྡད། འཚོ་གཞིས་དང་བྱེད་ཕྱོགས་སོགས་ཀྱི་ཐད་ནས་རྒྱ་ར་སྡེ་བ་དང་ཁ་མ་འཆམ་པར་དགེ་འདུན་ཁྱིམ་ཁ་གཉིས་པོ་རྨ་ཀླུང་རིང་མོའི་ཚུར་རོལ་མང་གཞུང་ལྕང་སྡོང་སོགས་སུ་གནས་ངེས་མེད་དུ་འཁྱམ་ནས་བསྡད། སྐབས་དེར་མང་རའི་ལུང་ཁོག་འདིར་རབ་རྒན་དང་ཧོར་རན་གྱི་དུད་ཁྱིམ་ཁ་ཤས་ལས་ཡུལ་ཁོག་འདི་སྟོང་བའི་གནས་སུ་ལུས་ཡོད། དེ་ནི་འཁྱམ་པོའི་ལས་དབང་ལ་རྫོགས་ཚིག་བཀོལ་ནས་རང་ཉིད་ལ་དབང་བའི་ཁྱིམ་གཞི་གསར་བ་ཞིག་གི་བརྒྱུད་རིམ་ལ་དབུ་ཁྱུད་འབྲི་བའི་དུས་ལ་བབས།
སྤྱི་ལོ1913ལོའི་དཔྱིད་ཀར་ཤེལ་ལུང་བཞུགས་ཁྲི་ཞོལ་མར་གྲགས་པའི་གནས་གཞི། གནས་རི་མཁའ་འགྲོ་མའི་མདུན་ཕྱོགས་ད་ལྟ་ལོ་བ་ཞོལ་མར་འབོད་པའི་གནས་དེ་ནས་ཁྱིམ་གཞི་ཆགས་ཤིང་སྔོན་གྱི་དགེ་འདུན་སྤུན་གཉིས་ཀྱི་ཁྱིམ་ཁ་གཉིས་པོ་དུས་དེར་དུད་ཁྱིམ་བརྒྱུད་དུ་གྲུབ་ལ་ཕྱུགས་ལས་ཀྱི་འཚོ་བའི་ཆ་རྐྱེན་སྟེང་ལ་ཞིང་ལས་ཐོན་སྐྱེད་ཀྱི་ནུས་ཤུགས་ལའང་རྨང་གཞི་ལེགས་པོ་བཏང་། དུས་ཚོད་ཀྱི་གོམ་འགྲོས་བར་ནས་དུད་ཁྱིམ་བརྒྱད་པོ་འདི་ཡང་ར་སྒོ་གོང་འོག་གཉིས་སུ་གྱེས་ནས་རིམ་གྱིས་ཁྱིམ་ཚང་ཇེ་མང་ནས་ཇེ་མང་དུ་གྱུར། སྤྱི་ཚོགས་ཀྱི་གནས་བབས་དང་དུས་ཚིགས་ཀྱི་འཕོ་འགྱུར་ཁྲོད་འཁྱམ་པོའང་ཡུལ་གྱར་བ་གོང་མ་དང་ཞོལ་མ། རྒྱ་མ་ཎི་ཞེས་སྡེ་བ་གསུམ་དུ་གྲུབ་ལ་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས་སྡེ་བ་འདི་གསུམ་པོར་ཡང་སྤྱི་ལ་དབང་བའི་སྡེ་དཔོན་ཞིག་འདེམས་དགོས་བྱུང་། སྡེ་དཔོན་གྱི་འགན་ཐོག་མ་ཨ་བྷི་རྒྱལ་གྱིས་ཁུར་ཞིང་དེ་འཕྲོར་ཁོའི་བུ་གནས་བརྟན་ཞེས་པའི་འགན་བཞེས། འདི་ལྟར་ཀྱག་ཀྱོག་གི་ལམ་བུ་མང་པོ་ཞིག་བརྒྱུད་མཐར། ད་ལྟ་མཐུན་སྒྲིལ་དང་གསོན་ཤུགས་ཀྱིས་ཕྱུག་པའི་ལྗང་མདོག་གི་ཕ་ས་དྲོན་མོ་འདི་བསྐྲུན་པ་ལགས། ལོ་བ་གོང་མ་སྡེ་བ་ནི་འཚོ་བ་སོགས་ཕྱོགས་གང་གི་ཐད་ནས་ཅུང་འཛོམས་པོ་ཞིག་ཡིན་ཏེ། ཚོ་བ་ཆེ་ཤོས་གཉིས(ལོ་བ་དང་དོ་རྒྱ)ཀྱིས་གྲུབ། ད་ལྟ་སྡེ་བ་འདིར་དུད་ཁྱིམ་བརྒྱ་ལྷག་དང་མི་གྲངས་བདུན་བརྒྱ་ཙམ་འཕར་ཤིང་མཐུན་སྒྲིལ་གྱི་ལག་ཟུང་དམ་པོར་སྦྲེལ་ནས་མ་འོངས་པའི་བདེ་སྐྱིད་ཀྱི་དོན་དུ་འབད་བཞིན་མཆིས། འདས་ཟིན་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ཚོ་བ་འདིར་མི་སྣ་མིང་གྲགས་ཅན་ཡང་རེ་འགའ་བྱུང་མྱོང་ལ་ཁོང་རྣམ་པའི་སྙན་པའི་གྲགས་པ་ད་ལྟའང་ད་དུང་ཡུལ་མི་ཀུན་གྱིས་གླེང་གཞིར་གྱུར་ཡོད།
སྤྱི་ལོ1990ལོར་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བྱམས་པ་འཕྲིན་ལས་མཆོག་གིས་ལོ་བའི་རྒད་པོ་བཀྲ་ཤིས་ཚེ་རིང་དང་རིན་ཆེན་གཉིས་ལ་སྡེ་བར་མ་ཎི་ཁང་ཞིག་ཡོད་ན་དགེ་མཚན་ཆེན་པོ་ཡོད་རབས་གསུངས་པ་བཞིན་ཁོ་གཉིས་ཀྱིས་གྲོས་མགོ་བཏོན་ནས་སྡེ་བར་གྲོས་བྱས་ཏེ་མ་ཎི་ཁང་བཞེངས་རྒྱུའི་གྲོས་ཐག་བཅད། སྐབས་དེར་སྡེ་བ་སྤྱི་ན་སྒོར་མོ་མེད་པས་ཧྲུའུ་ཅི་རྡོ་ཕྲུག་དང་སྡེ་དཔོན་རིན་ཆེན་གཉིས་ཀྱིས་འགན་ཁུར་ཏེ་དངུལ་བུན་བླངས་ནས་འདུ་ཁང་གྱན་བདུན་བརྒྱད་ཡས་མས་ཤིག་བཞེངས། སྤྱི་ལོ1992ལོར་མ་ཎི་ཁང་གི་རྟེན་བཞེངས་ཀྱི་གཙོ་འགན་དེ་ཨ་ཁུ་ལྷ་རྒྱལ་དོན་གྲུབ་དང་ཕག་མོ་ཚེ་རིང་རྣམ་གཉིས་ཀྱིས་འཁུར་ཏེ་བཞེངས་མགོ་བརྩམས། གཙོ་སྐུ་སྡེ་བས་སྦྱིན་བདག་བྱས་ཏེ་བཞེངས་པའི་སྤྱན་རས་གཟིགས་བཅུ་གཅིག་ཞལ་དང་གཡས་གཡོན་དུ་ལ་མོ་ཡོངས་འཛིན་རིན་པོ་ཆེ། ཞབས་དྲུང་དཀར་པོ་ལུང་རིགས་རྒྱ་མཚོ། གསང་བདག འཇམ་པའི་དབྱངས་བཅས་ཀྱི་སྨན་སྐུ་བཅས་ཁོང་ཡོངས་འཛིན་རིན་པོ་ཆེ་མཆོག་གི་ཐུགས་བཀོད་ལྟར་རེབ་གོང་གི་ལྷ་བཟོ་དགའ་ཤོས་ཤིག་གདན་དྲངས་ནས་བཞེངས་སུ་བཅུག འཕྲོ་མའི་སྨན་སྐུ་དག་ཁྱིམ་ཚང་སོ་སོ་སྦྱིན་བདག་ལ་བུད་དེ་བཞེངས་པ་ལགས། རྒྱལ་བའི་སྐུ་གསུང་ཐུགས་རྟེན་བཅས་བཞེངས་ནས་ལེགས་གྲུབ་བྱུང་རྗེས། ལ་མོ་ཡོངས་འཛིན་རིན་པོ་ཆེ་མཆོག་གདན་ཞུ་བྱས་ཏེ་ཉིན་ཁ་ཤས་ལ་བཞུགས་ནས་རབ་གནས་མཛད་དེ་ཐུགས་རྗེ་ཆེན་པོའི་དབང་དང་། མདོ་གདུགས་སྒྲོལ་གསུམ་གྱི་ལུང་། བསྙེན་གནས་ཀྱི་ལུང་སོགས་གནང་སྟེ་རྟེན་བཞེངས་ལེགས་གྲུབ་ཀྱི་དགའ་སྟོན་ཡང་རྒྱ་ཆེན་པོ་སྤེལ། ལོ་དེ་ནས་བཟུང་ཟླ་རེ་རེའི་ཚེས་བཅོ་ལྔར་སྒྲོལ་མའི་ཆོས་ཐོག་དང་ལོ་རེ་བཞིན་ཟླ་བཞི་བ་དང་དྲུག་པར་སྨྱུང་གནས་ཆོས་ཐོག འོད་དཔག་མེད་ཀྱི་སྟོང་མཆོད། བཅུ་བའི་ལྔ་མཆོད་སྐབས་ཉིན་བདུན་གྱི་རིང་ལ་མ་ཎིའི་ཆོས་ཐོག་བཅས་དང་། དེ་མིན་ཡོངས་འཛིན་རིན་པོ་ཆེ་མཆོག་དགོངས་པ་ཆོས་དབྱིངས་སུ་འཐིམ་པའི་ཚུལ་བསྟན་པ་ནས་བཟུང་ལོ་རེ་རེའི་ཟླ་ལྔ་བའི་ཚེས་བཅོ་ལྔ་ནས་བཅུ་བདུན་བར་ལ་ཁོང་རིན་པོ་ཆེའི་གདུང་མཆོད་དུ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཚོགས་མཆོད་བཅས་ད་ལྟའི་བར་ཆག་མེད་སྒྲུབ་བཞིན་ཡོད། དེར་མ་ཟད་མ་ཎི་ཁང་འདིའི་ནང་དུ་སངས་རྒྱས་ཀྱི་གསུང་རབ་བཀའ་འགྱུར་དང་བསྟན་འགྱུར། རྗེས་ཡབ་སྲས་གསུམ་གྱི་གསུང་འབུམ། ཡུམ་དུམ་པ། ཏིང་འཕགས་བསྐལ་གསུམ། པཎ་ཆེན་རིན་པོ་ཆེའི་གསུང་འབུམ་བཅས་དང་། དེ་མིན། ལ་མོ་ཡོངས་འཛིན་རིན་པོ་ཆེའི་སྐུ་གདུང་མཆོད་རྟེན་དང་རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་གི་ན་བཟའ་དང་རྟེན་འདུས་རིལ་བུ་སོགས་སྐུ་གསུང་ཐུགས་རྟེན་གྱིས་བྱུར་བུར་གཏམས་པ་ལགས་སོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com