གདན་ས་ཆེན་པོ་ཁག་ཏུ་ཚད་མའི་རྟག་གསལ་རྩོད་སྒྲུབ་གཏོང་ཚུལ།
སེ་ར་དགོན་པར་ཚད་མའི་རྟག་གསལ་རྩོད་སྒྲུབ་ཀྱི་བྱེད་སྒོ་སྤེལ་ཚུལ།
(པར་རིས་ཡོངས་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ)
སེ་ར་དགོན་པར་ཚད་མའི་རྟག་གསལ་རྩོད་སྒྲུབ་ཀྱི་བྱེད་སྒོ་སྤེལ་ཚུལ།
(པར་རིས་ཡོངས་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ)
དེ་ཡང་གདན་ས་ཆེན་པོ་ཁག་ཏུ་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་གནང་ཚུལ་དང༌། འཛིན་གྲྭ་ཕྱེ་ཚུལ་སོགས་ལ་ཅུང་ཟད་མི་འདྲ་བ་རེ་ཡོད་པ་སྟེ། དཔེར་ན་གདན་ས་ཆེན་པོ་སེར་བྱེས་མཁས་སྙན་གྲྭ་ཚང་འདི་ཉིད་ཀྱིས་གཞུང་ཆེན་མོར་སློབ་གཉེར་གནང་ཚུལ་ནི། ཐོག་མ་བསྡུས་གྲྭ་ལོ་གསུམ་གྱི་རིང་ཡོངས་འཛིན་བསྡུས་གྲྭ་དང་རྗེ་བཙུན་པའི་གྲུབ་མཐའ། དོན་བདུན་བཅུ། ས་ལམ་བཅས་ལ་སློབ་གཉེར་གནང་དགོས། དེ་ནས་ཕར་ཕྱིན་ལོ་དྲུག་གི་རིང་ལ་ཕར་ཕྱིན་གྱི་རྩ་བ་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་དང་དེའི་འགྲེལ་བ་རྒྱ་གར་གྱི་སློབ་དཔོན་སེངྒེ་བཟང་པོས་མཛད་པའི་བསྟན་བཅོས་འགྲེལ་བ་དོན་གསལ་གཉིས་གཙོ་བོ་དང༌། དེ་ནས་འཇམ་མགོན་བླ་མ་ཡབ་སྲས་ཀྱི་ཕར་ཕྱིན་གྱི་འགྲེལ་ཆེན་ཁག་དང་གྲྭ་ཚང་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཡིག་ཆའི་སྟེང་ནས་སློབ་གཉེར་གནང་དགོས། དེ་རྗེས་དབུ་མ་གསར་རྙིང་གཉིས་ལོ་བཞིའི་རིང་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་སྤྱི་དང་ལྷག་པར་དུ་རྒྱ་གར་གྱི་སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་དབུ་མ་རྩ་འཇུག་གི་འགྲེལ་བ་དང༌། འཇམ་མགོན་བླ་མ་ཡབ་སྲས་ཀྱི་དབུ་མའི་གཞུང་རྩ་འཇུག་གི་རྣམ་བཤད་ཆེན་མོ་ཁག་དང་གྲྭ་ཚང་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཡིག་ཆ་དབུ་མའི་སྤྱི་དོན་སྐལ་བཟང་མགུལ་རྒྱན་བཅས་ཀྱི་ཐོག་ནས་སློབ་གཉེར་གནང་དགོས། འདུལ་བ་འཛིན་གྲྭ་ལོ་བཞིའི་རིང་ཀུན་མཁྱེན་མཚོ་སྣ་བ་ཤེས་རབ་བཟང་པོས་མཛད་པའི་མདོ་རྩ་བའི་འགྲེལ་ཆེན་མཚོ་ཊིཀ་ཉི་མའི་འོད་ཟེར་དང་གྲྭ་ཚང་རང་ཉིད་ཀྱི་ཡིག་ཆ་པཎ་ཆེན་བདེ་ལེགས་ཉི་མས་མཛད་པའི་འདུལ་བའི་སྤྱི་དོན་བཅས་ཀྱི་ཐོག་ནས་སློབ་གཉེར་གནང་དགོས། ཀུན་མཁྱེན་མཚོ་སྣ་བ་འདི་ཉིད་རྗེ་ཙོང་ཁ་པའི་ཡང་སྲིད་ཡིན་ཞེས་མཁན་ཆེན་ཆོས་སྐྱབས་བཟང་པོས་གསུངས་སོ།།
སེ་ར་དགོན་པར་ཚད་མའི་རྟག་གསལ་རྩོད་སྒྲུབ་ཀྱི་བྱེད་སྒོ་སྤེལ་ཚུལ།
(པར་རིས་ཡོངས་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ)
སེ་ར་དགོན་པར་ཚད་མའི་རྟག་གསལ་རྩོད་སྒྲུབ་ཀྱི་བྱེད་སྒོ་སྤེལ་ཚུལ།
(པར་རིས་ཡོངས་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ)
རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐབས་མདོ་རྩ་མཆན་འགྲེལ་དང་མདོ་བ་མཚོ་ཊིཀ་ཤིང་པར་གསར་བརྐོས་ཀྱིས་གདན་ས་ཁག་ནས་འདུལ་བའི་སློབ་གཉེར་གནང་སྐབས་མཚོ་ཊིཀ་འདི་ཉིད་གཙོ་བོ་བྱེད་དགོས་པའི་བཀའ་ནན་ཕེབས་པའི་ལོ་རྒྱུས་ཡོད། དེ་ནས་མཛོད་ཀྱི་འཛིན་གྲྭ་ལོ་གཉིས་ཀྱི་རིང་རྒྱ་གར་གྱི་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་བསྟན་བཅོས་མངོན་པ་མཛོད་ཀྱི་རྩ་བ་དང་མཆིམས་ནམ་མཁའ་གྲགས་སམ་ཡོངས་གྲགས་སུ་མཆིམས་འཇམ་དཔལ་དབྱངས་ཀྱིས་མཛད་པའི་མཆིམས་མཛོད་དམ་འགྲེལ་བ་མངོན་པའི་རྒྱན་དང་གྲྭ་ཚང་རང་ཉིད་ཀྱི་ཡིག་ཆ་རྗེ་བཙུན་པའི་མཛོད་ཊིཀ་ཐར་ལམ་གསལ་བྱེད་གཉིས་ཀྱི་སྟེང་ནས་སློབ་གཉེར་གནང་དགོས།
ཚད་མ་རྣམ་འགྲེལ་ལ་སློབ་གཉེར་གནང་སྟངས་ནི་ལོ་རེའི་ཟླ་བ་གཅིག་གི་རིང་འཛིན་གྲྭ་གོང་འོག་ཡོངས་ནས་རྣམ་འགྲེལ་གྱི་རྩོད་པ་ཚུགས་དགོས་པ་དང་དེའང་རྒྱ་གར་གྱི་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མ་ཀུན་བཏུས་དང་སློབ་དཔོན་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་སྡེ་བདུན་གྱི་ནང་ཚན་གཙོ་བོ་ལུས་ལྟ་བུའི་བསྟན་བཅོས་གསུམ་ནས་རྒྱས་པར་སྟོན་པ་ཚད་མ་རྣམ་འགྲེལ་ལེའུ་བཞིའི་བདག་ཉིད་ཅན་གྱི་གཞུང་འདི་ཉིད་གཞིར་བཞག་སྟེང་འཇམ་མགོན་བླ་མ་ཡབ་སྲས་རྣམས་ཀྱི་ཚད་མའི་གཞུང་དང་གྲྭ་ཚང་རང་ཉིད་ཀྱི་ཡིག་ཆ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་ཚད་མའི་ལེགས་བཤད་རྣམ་འགྲེལ་ཐར་ལམ་གསལ་བྱེད་བཅས་ཀྱི་སྟེང་ནས་སློབ་གཉེར་གནང་དགོས། དེ་ནས་འཛིན་གྲྭ་བཅུ་གསུམ་གྱི་ཡང་རྩེ་ལྷ་རམས་འཛིན་གྲྭའི་ནང་དུས་ཚོད་ངེས་མེད་རིང་འདུལ་མཛོད་གཉིས་ལ་མུ་མཐུད་སློབ་གཉེར་གནང་སྟེ་དགེ་བཤེས་གཏོང་མཚམས་ཀྱི་རེས་འཁོར་ངང་བསྒུག་གནང་མཐར་ལྷ་ལྡན་སྨོན་ལམ་ཆེན་མོའི་སྐབས་གདན་ས་གསུམ་གྱི་མཁས་དབང་སྟོང་ཕྲག་མང་པོའི་དབུས་སུ་གཞུང་ཆེན་བཀའ་པོད་ལྔ་ལ་དམ་བཅའ་འཇོག་དགོས་པ་སོགས་མདོར་ན་གཞུང་ཆེན་མོར་སློབ་གཉེར་དབུ་འཛུགས་གནང་ནས་དགེ་བཤེས་མ་བཏང་བར་མི་ལོ་ཉི་ཤུ་རྩ་གྲངས་རིང་ཉིན་མཚན་ཀུན་ཏུ་དཀའ་སྤྱད་ཆེན་པོས་སློབ་གཉེར་གནང་དགོས་པ་བཅས་སོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com