སངས་རྒྱས་ཆོས་ལུགས་ཀྱི་སྤྱི་དོན་གསར་དཔྱད་ཀྱི་མཇུག་བྱང་གཉིས་པ།
སངས་རྒྱས་ཆོས་ལུགས་ཀྱི་སྤྱི་དོན་གསར་དཔྱད་ཀྱི་མཇུག་བྱང་གཉིས་པ།
དུས་རབས་ཉེར་གཅིག་པའི་ནང་འདིར་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་ཡར་རྒྱས་གོང་འཕེལ་ཉིན་རེ་ལས་ཇེ་མགྱོགས་འགྲོ་བཞིན་པ་དང་མཉམ་དུ་མི་རྣམས་ཀྱི་འཚོ་བའི་ཆུ་ཚད་དེ་ཡང་ཉིན་རེར་ཇེ་མཐོར་གྱུར་དང་འགྱུར་བཞིན་པ་ལ། དེའི་ཤུགས་ལ་མི་རྣམས་ཀྱི་བསམ་སྤྱོད་ཀྱི་ཐད་ནས་ཀྱང་རབ་དང་རིམ་པའི་འགྱུར་ལྡོག་ཅི་རིགས་བྱུང་དང་འབྱུང་གིན་འདུག་པ་ནི་ཚང་མས་ཤེས་ཐུབ་བོ། །
སྤྱིར་ན་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་ཡར་རྒྱས་གོང་འཕེལ་བྱུང་བ་དང་ལྷན་ཅིག་མི་མང་ཕྱོགས་ཀྱི་བསམ་པའི་གོ་རྟོགས་ཇེ་མཐོ་དང་། སྤྱོད་པ་ཇེ་བཟང་དུ་གྱུར་དང་འགྱུར་བཞིན་པ་སྨོས་མ་དགོས། འོན་ཀྱང་མི་ཉུང་ཕྱོགས་ཤིག་གི་བསམ་པ་དང་སྤྱོད་པ་སོགས་ཇེ་ངན་དུ་གྱུར་ནས་གཡོ་སྒྱུ་ཁྲམ་གསུམ་དང་། རྐུ་འཕྲོག་བཅོམ་གསུམ་སོགས་ཆོས་འཇིག་རྟེན་གང་གི་ལུགས་དང་འགལ་བ་དང་། སྒོས་རྒྱལ་ཁབ་སྤྱི་དང་བྱེ་བྲག་གི་ཡུལ་ཁམས་ཀྱི་སྒྲིག་ཁྲིམས་སོགས་དང་འགལ་བའི་གནད་དོན་གང་མང་ཞིག་བྱུང་དང་འབྱུང་བཞིན་པའང་ང་ཚོས་ཁས་མི་ལེན་ཐབས་མེད་ཅིག་ཏུ་གྱུར་དང་འགྱུར་བའི་དུས་ཚད་ཅིག་ཏུ་ཐུག་ལ། དེ་འདྲའི་བསམ་སྤྱོད་ངན་པ་དག་སེལ་ཐབས་མ་བྱས་ན་མི་ཐམས་ཅད་ལ་བདེ་བ་འབྱུང་ཐབས་མེད་ཅིང་། གལ་སྲིད་དེ་འདྲའི་བསམ་པ་ངན་པ་དང་སྤྱོད་པ་ངན་པ་དག་སེལ་དགོས་ན་འགྲོ་བ་མིའི་རིགས་སྤྱི་དང་ཁྱད་པར་དུ་མི་རིགས་སོ་སོ་རང་གི་ཆོས་དང་རིག་གནས་ལས་བྱུང་བའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཆོས་དང་འཇིག་རྟེན་གྱི་མི་ཆོས་ཀྱི་བསམ་པ་དང་སྤྱོད་པ་བཟང་པོའི་སྲོལ་རྣམས་ཉམས་པ་སྐྱར་གསོ་དང་མ་ཉམས་པ་གོང་འཕེལ་གཏོང་བའི་བསམ་སྤྱོད་ཀྱི་སློབ་གསོ་དམ་འཛིན་དགོས་པ་ནི་ཤིན་ཏུ་གལ་ཆེ། དེང་སང་འཛམ་བུ་གླིང་གི་སྲིད་འབྱོར་རིག་གསུམ་སོགས་ཤིན་ཏུ་སྔོན་ཐོན་གྱི་རྒྱལ་ཁབ་དག་གིས་ཀྱང་རང་རང་གི་སྲོལ་རྒྱུན་གྱི་བསམ་པ་དང་སྤྱོད་པ་བཟང་པོའི་རྒྱུན་ལ་མཐོང་ཆེན་དང་། ཁྱད་པར་དུ་མིའི་ནང་རྒྱུད་ཀྱི་བསམ་སྤྱོད་ཀྱི་སློབ་གསོའི་ནང་དོན་དང་ཁ་ཕྱོགས་གཉིས་ཀྱི་ཆ་ནས་རང་རང་གི་མེས་པོ་ནས་བརྒྱུད་པའི་བསམ་སྤྱོད་བཟང་པོའི་སྲོལ་མི་ཉམས་རྒྱུན་འཛིན་བྱས་དང་བྱེད་ཀྱིན་ཡོད་པའང་གོང་གི་རྒྱུ་མཚན་གྱིས་ཡིན་པར་སེམས་སོ། །
རང་རེའི་བོད་ལ་མཚོན་ནས་བཤད་ན། དུས་རབས་ཉེར་གཅིག་པར་བོད་མིའི་བསམ་སྤྱོད་གཉིས་ཀྱི་ཐད་ནས་གང་ལྟར་དུ་འགྱུར་བ་དང་ཇི་ལྟར་བྱ་དགོས་སྙམ་ན། དེ་ནི་ཚོད་དཔག་ཧ་ཅང་དཀའ་བ་ཞིག་ཡིན་ནའང་བོད་རང་གི་རིག་གནས་ཀྱི་ཁྱད་ཆོསེ་གཞིར་བཟུང་སྟེ་དུས་རབས་ཉེར་གཅིག་པར་འཚམ་པའི་བསམ་སྤྱོད་ཇེ་བཟང་དང་ཇེ་ལེགས་གཏོང་དགོས་པ་ནི་སྨོས་མ་དགོས་པ་ཞིག་ཏུ་གྲུབ། བོད་ཀྱི་རིག་གནས་ཕུལ་དུ་བྱུང་བ་ལས་འཕྲོས་པའི་ཁྱད་ཆོས་ཆེས་གཙོ་བོ་ཞིག་ནི་བསམ་པ་བཟང་པོ་ཞིག་ལྡན་དགོས་པ་ཡིན་ཏེ། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །བསམ་པ་ངན་ན་ས་དང་ལམ་ཡང་ངན། །དེ་ཕྱིར་བསམ་པ་དག་ལ་རག་ལས་པས། །རྟག་ཏུ་བསམ་པ་བཟང་ལ་བརྩོན་པར་བྱ། །ཞེས་གསུངས་པ་ལྟར་གྱི་བོད་ཀྱི་ཆོས་དང་རིག་གནས་མཆོག་གི་ལེགས་ཆ་ལས་འཕྲོས་པའི་སེམས་ཅན་ཐམས་ཅད་ལ་བརྩེ་བའི་སེམས་བཟང་པོ་དེས་ལུས་ཅན་ཡོངས་ལ་འདྲ་མཉམ་དུ་ཁྱབ་པར་བྱ་དགོས་པ་དང་། སྤྱོད་པའི་ཕྱོགས་ནས་ཆོས་དང་འཇིག་རྟེན་གྱི་ལས་རྒྱུ་འབྲས་ཚུལ་བཞིན་དུ་སྒྲུབ་པའི་ངང་ནས་ཡ་རབས་ཀྱི་བྱ་བ་ལ་ཕྱོགས་པ་ནི་རང་འཇིག་རྟེན་འདིར་འཚོ་བ་ནི་རང་གཅིག་པུ་ཁོ་ནའི་དོན་མིན་པར་སེམས་ཅན་གཞན་ལ་ཕན་པའི་ལས་སྒྲུབ་པ་གཙོ་བོར་འཛིན་པ་ནི་བོད་ཀྱི་ཆོས་དང་རིག་གནས་ལས་བྱུང་བའི་མི་ཚེའི་ལྟ་བ་ཡང་དག་པ་ཞིག་ཡིན་པར་སེམས་སོ། །
རྒྱུ་མཚན་ཅིའི་ཕྱིར་ཞེ་ན། འགྲོ་བ་སེམས་ཅན་ཐམས་ཅད་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་སྒོ་ཀུན་ནས་མཚུངས་ཀྱང་། སེམས་ཅན་མང་ཕྱོགས་ཞིག་ནི་མ་རིག་པའི་དབང་གིས་རང་དོན་ཁོ་ན་བསྒྲུབས་ནས་སེམས་ཅན་རང་གཞན་ཐམས་ཅད་སྡུག་བསྔལ་ལ་སྦྱོར་བ་ནི། རྒྱལ་སྲས་ཞི་བ་ལྷས། སྡུག་བསྔལ་འདོར་འདོད་བློ་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །ཞེས་གསུངས་པ་ལྟར། འཇིག་རྟེན་ཐམས་ཅད་རྒུད་པའི་རྩ་བ་ནི་མ་རིག་པ་ལ་ཐུག་ཡོད་པས་སྡུག་བསྔལ་ཅི་རིགས་པ་འབྱུང་བ་ཡིན་ཞིང་། དེ་ལས་ལྡོག་སྟེ་རང་ཁོ་ན་མི་སེམས་པར་རང་དོན་སྒྲུབ་པ་རྩྭ་བཞིན་དོར་ནས་དུས་ནམ་ཀུན་གཞན་གྱི་དོན་ལ་བསམ་བློ་བཏང་ནས་གཞན་ལ་ཕན་པའི་ལས་སུ་བརྩོན་པར་བྱ་བ་ནི་ཚེ་འདི་ཕྱི་གཉིས་ལ་བདེ་བ་འབྱུང་བའི་རྩ་བར་ཐུག་ཡོད་ཅིང་། ཁྱད་པར་དུ་འཇིག་རྟེན་འདིའི་བདེ་བ་ཐམས་ཅད་ཀྱི་འབྱུང་ཁུངས་ནི་སེམས་ཅན་གཞན་གྱི་དོན་སྒྲུབ་པ་ལ་ཐུག་ཡོད་པའི་ཚུལ་ནི་བོད་ཀྱི་ཆོས་དང་རིག་གནས་ཀྱི་གཞུང་ལུགས་གང་དུའང་ལུང་དང་རིགས་པས་གྲུབ་པའི་མ་ཚད་འཚོ་བ་དངོས་ལས་ཀྱང་མྱོང་ཚོར་ཐུབ་པ་ཞིག་ཡིན་ནོ། །
བོད་ཀྱི་ཆོས་དང་རིག་གནས་ལས་བྱུང་བའི་བདག་གཞན་མཉམ་བརྗེས་ཀྱི་བསམ་པ་དང་སྤྱོད་པ་ལ་ཡང་དག་པར་གོམས་ནས་འདྲིས་པར་བྱས་ན་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པའང་དེ་ལས་མ་འདས་པར་སེམས་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་གང་ཡིན་པ་དེ་ནི་སྤྱོད་པས་མཚོན་ཏེ། སྤྱོད་པའི་མཆོག་སྟེ་བྱང་ཆུབ་སེམས་དཔའི་སྤྱོད་པ་གང་ཡིན་པ་དེ་ལ་ནི་འཇིག་རྟེན་དང་འགལ་བ་དང་མི་འགལ་བ་ཡང་རུང་། རྣམ་པ་གང་དང་གང་གིས་སེམས་ཅན་གྱི་དོན་རྫོགས་པར་འགྱུར་བའི་རྣམ་པ་དེ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཁོ་ན་ཡིན་པར་སྙམ་མོ། །
བོད་མི་ཞིག་ཏུ་སྐྱེས་པ་ལ་ང་ཚོས་རང་གི་ཚེ་ཚད་ད་རུང་ཅི་ཙམ་ཡོད་པ་མི་ཤེས་ཚེ། མི་ལུས་རིན་པོ་ཆེ་ཐེངས་གཅིག་ཐོབ་པ་དེ་དོན་དང་ལྡན་པ་ཞིག་དགོས་པ་ཧ་ཅང་གལ་ཆེ་ཚུལ་སྨོས་མ་དགོས། འོན་ཀྱང་མི་མང་པོ་ཞིག་གིས་མི་ལུས་དོན་ལྡན་བྱ་བའི་རིན་ཐང་དང་མི་ལུས་དོན་ལྡན་ཇི་ལྟར་བྱ་ཚུལ་སོགས་ཡང་དག་པ་ཞིག་ཤེས་མེད་ཚེ་ནང་ཆོས་ཀྱི་གཞུང་ལུགས་དང་ལྟ་སྤྱོད་ལ་སློབ་སྦྱོང་དང་ཞིབ་འཇུག་དགོས་པ་ནི་ཤིན་ཏུ་གལ་ཆེ་བར་སེམས་སོ། །
སྤྱིར་མི་རིགས་སོ་སོའི་རིག་གནས་དང་། ཆོས་ལུགས། ཡུལ་སྲོལ་གོམས་གཤིས་སོགས་མི་འདྲ་བའི་དབང་གིས་བསམ་པ་དང་སྤྱོད་པའི་ངོས་འཛིན་སྟངས་ཀྱི་ལྟ་བའང་འདྲ་མིན་སྣ་ཚོགས་པ་ཞིག་ཆགས་ཡོད་ནའང་། གོང་དུ་ཞུས་པ་བཞིན་སེམས་ཅན་ཐམས་ཅད་ཀྱིས་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་ཡིན་ཚེ། སེམས་ཅན་ཐམས་ཅད་ལ་ཕན་བདེ་བསྐྱེད་པའི་རྒྱུ་རུ་གྱུར་དང་འགྱུར་བ་ཡིན་ན་མི་རིགས་རང་རང་གི་ཐུན་མོང་མ་ཡིན་པའི་བསམ་སྤྱོད་བཟང་ཕྱོགས་དག་རྒྱུན་འཁྱོངས་བྱས་ན་ཆོག་ལ་མཐའ་གཅིག་ཏུ་མི་རིགས་གཞན་པ་ཞིག་གིས་གང་འདྲ་བྱེད་ཀྱིན་འདུག་པ་སོགས་ལ་ལད་མོ་དགོས་པ་མ་མཆིས་མོད། མི་རིགས་རང་ལ་དེ་འདྲའི་བསམ་པ་དང་སྤྱོད་པ་བཟང་པོའི་སྲོལ་རྒྱུན་གྱི་སློབ་གསོ་མེད་ན་མི་རིགས་གཞན་པའི་ལེགས་ཆ་རྣམས་དང་ལེན་མི་བྱ་ཐབས་མེད་ཀྱི་གནས་སུ་གྱུར་དང་འགྱུར་བཞིན་པ་ཡོད་པ་ནི་ཤེས་དགོས་སོ། །
བོད་ཀྱི་ཆོས་དང་རིག་གནས་ལ་གཅིག་ཕྱོགས་ནས་རང་གི་བཟང་ཕྱོགས་མུ་མཐུད་དུ་རྒྱུན་འཁྱོངས་དགོས་པ་དང་ངན་ཕྱོགས་འདོར་ཐུབ་པ། གཉིས་ཕྱོགས་ནས་རང་མཆོག་འཛིན་ཁོ་ནའི་རྗེས་སུ་མི་འབྲང་བར་མི་རིགས་གཞན་གྱི་བཟང་ཕྱོགས་ཐམས་ཅད་ཕྱོགས་རིས་མེད་པའི་སྒོ་ནས་ཇི་བཞིན་ལེན་ཐུབ་པ་བྱ་རྒྱུ་ཤིན་ཏུ་གནད་ཆེ་ལ། དེ་ལྟར་བྱས་ན་རང་ཀྱང་ལེགས་ཕྱོགས་སུ་བསྒྱུར་ནས་འགྱུར་ཐུབ་པར་མ་ཚད་གཞན་ཡང་ལེགས་ཕྱོགས་སུ་བསྒྱུར་ཐུབ་པར་སྙམ། དུས་རབས་གསར་བའི་ནང་དུ་འགྲོ་བ་མིའི་རིགས་ཀྱི་རིག་གནས་ལེགས་ཆ་ཕན་ཚུན་བརྗེ་སྤེལ་ཞེས་པའང་དེ་འདྲ་ཞིག་ལ་ཟེར་བར་སྣང་ངོ་། །
བོད་ཀྱི་རིག་གནས་ཀྱི་ནང་བཅུད་ནི་སེམས་ཅན་ཐམས་ཅད་ལ་རིས་མེད་དུ་ཁྱབ་པའི་བྱམས་དང་སྙིང་རྗེས་དྲངས་པའི་གཞན་ཕན་གྱི་ཆོས་དང་རིག་གནས་དང་། སེམས་ཅན་གཞན་གྱི་དོན་བསམས་ནས་ལས་རྒྱུ་འབྲས་ཀྱི་དོན་ཚུལ་བཞིན་སྒྲུབ་པའི་དམིགས་ཡུལ་དང་དགོས་པའི་མཐར་གཏུགས་ནའང་འབྱུང་འགྱུར་ལ་ཁ་ཕྱོགས་པའི་རིག་གནས་ཤིག་ཡིད་པའི་ཕྱིར་ན། འབྱུང་འགྱུར་གྱི་ཞི་བདེ་དང་འདྲ་མཉམ། དམངས་གཙོ། མཐུན་སྒྲིལ། ཡར་རྒྱས་གོང་འཕེལ་སོགས་ཀྱི་ལམ་ཆེན་དུ་ཕྱོགས་པའི་གནམ་འོག་ས་བདེ་དུས་འཇམ་དང་འགྲོ་བ་མིའི་རིགས་ཀྱི་བདེ་སྐྱིད་ཀྱི་འཚོ་བ་ཞིག་ལ་བརྩོན་པར་སེམས་ཅན་ཀུན་ལ་ཁྱབ་པའི་སྙིང་རྗེ་དང་གཞན་ཕན་སྒྲུབ་པ་སོགས་ནི་མེད་ཐབས་མེད་པ་ཞིག་ཡིན་པ་ཀུན་གྱིས་ཤེས་པར་མ་ཚད། བོད་ཀྱི་ཆོས་དང་རིག་གནས་ཕུལ་དུ་བྱུང་བའི་ལེགས་ཆ་ལས་འཕྲོས་པའི་གཟི་བྱིན་གྱིས་འབྱུང་འགྱུར་འཛམ་གླིང་གི་རྒྱལ་ཁབ་དང་ཡུལ་གྲུ་མཐའ་དག་ལ་ཁྱབ་པར་འགྱུར་བའི་ཚོད་དཔག་ཐུབ་པས་བོད་མིའི་བསམ་སྤྱོད་བཟང་པོ་མུ་མཐུད་དུ་རྒྱུན་འཁྱོངས་བྱས་ནས་དར་ཁྱབ་གཏོང་དགོས་པ་ནི་ཧ་ཅང་གལ་ཆེ་ཞིང་འབྱུང་འགྱུར་གྱི་འགྲོ་བ་མིའི་རིགས་ཀྱི་བདེ་སྐྱིད་ཀྱི་མདུན་ལམ་སྤྱི་ལ་ཕན་ཐོགས་པར་འགྱུར་བའི་རིན་ཐང་ལྡན་པའི་རིག་གནས་ཤིག་ཏུ་གྱུར་དང་འགྱུར་བ་ནི་སྨོས་མ་དགོས་སོ། །
ད་ཐེངས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་དེབ་ཀྱི་དགོས་པར་སངས་རྒྱས་ཆོས་ལུགས་ཀྱི་སྤྱི་དོན་གསར་དཔྱད་བློ་གསལ་འཇུག་ངོགས་ཞེས་བྱ་བ་བཞུགས་སོ། །ཞེས་པའི་ས་བཅད་རེ་རེའི་འགོར་ནང་དོན་གནད་བསྡུས་རེ་བཀོད་ཅིང་། ས་བཅད་རེ་རེའི་མཇུག་གི་ནང་ཆོས་ཀྱི་བརྗོད་བྱ་ལས་འཕྲོས་པའི་བསམ་གཞིགས་དང་མཐའ་དཔྱོད་སོགས་ནི་སློབ་མ་རྣམས་ཀྱིས་སློབ་ཁྲིད་ཀྱི་སྐབས་སུ་ནང་ཆོས་ཀྱི་གཞུང་ལུགས་དང་ཁྱད་པར་དུ་ནང་ཆོས་ཀྱི་ལྟ་སྤྱོད་སོགས་ལས་འཕྲོས་པའི་དོགས་སློང་དང་། དྲི་བ་སོགས་ཞུས་པའི་སྐོར་ཞིག་དཔྱད་གཞིར་བཟུང་སྟེ་རྦུང་བྱའི་དོན་ཚན་གྱི་ཁ་བྱང་འགའ་རེ་བཏོན། གཞན་ཡང་ས་བཅད་རེ་རེའི་བརྗོད་བྱ་ལ་ཐོས་བསམ་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་སློབ་སྦྱོང་དང་ཞིབ་འཇུག་བྱ་བ་སོགས་ཀྱི་ཆེད་དུ་ས་བཅད་རེ་རེའི་བརྗོད་བྱ་དང་འབྲེལ་བའི་ཟུར་ལྟའི་དཔེ་ཆ་གལ་ཆེ་ཤོས་ཁ་ཤས་མཚམས་སྦྱོར་བྱས་ཏེ་དཔྱད་གཞིའི་གཟིགས་རྟེན་དུ་ཕུལ་བ་སོགས་ལགས་སོ། །
སྨྲས་པ།
གངས་ཅན་ཡང་མེས་ལུས་སྲོག་སོགས་བཏང་བས། །
ཡོངས་སུ་དྲངས་པའི་ཕྱི་ནང་རིག་པའི་ནོར། །
འདོད་རྒུ་འབྱུང་བའི་དཔལ་དུ་ཤར་བ་འདི། །
མི་དགོས་མ་ཟེར་གངས་ཅན་གཞོན་རབས་རྣམས། །
ཕ་མེས་བསགས་པའི་ལོངས་སྤྱོད་ཞིང་ས་ས། །
ཡོངས་སུ་སྨིན་པའི་འབྱོར་བའི་ཕུན་ཚོགས་རྣམས། །
གངས་ཅན་འགྲོ་བ་འཚོ་བའི་རྟེན་མཆོག་རྣམས། །
མི་དགོས་མ་ཟེར་གངས་ཅན་གཞོན་རབས་རྣམས། །
ཕ་མེས་ནས་བརྒྱུད་ནང་རྒྱུད་བསམ་བློ་ཡི། །
བྱམས་དང་སྙིང་རྗེའི་ཀུན་སྤྱོད་སློབ་གསོ་ཡི། །
དགེ་བའི་དཔལ་གྱི་སྲོལ་རྒྱུན་བཟང་བོ་རྣམས། །
མི་དགོས་མ་ཟེར་གངས་ཅན་གཞོན་རབས་རྣམས། །
ཡར་ལ་མཆོད་ཅིང་དམན་ལ་སྦྱིན་པ་དང་། །
རྒན་ལ་བཀུར་ཞིང་གཞོན་ལ་བྱམས་པ་སོགས། །
མེས་པོའི་བསམ་སྤྱོད་མཆོག་ཏུ་གྱུར་པ་རྣམས། །
མི་དགོས་མ་ཟེར་གངས་ཅན་གཞོན་རབས་རྣམས། །
འཚེ་བྲལ་གཞན་དོན་ལྷུར་ལེན་སྤྱོད་པ་དང་། །
ཆོས་རྣམས་རྟེན་འབྱུང་ལྟ་གྲུབ་གནས་ལུགས་ཀྱི། །
སྟོང་ཉིད་སྙིང་རྗེའི་བདག་ཉིད་བསྟན་པའི་དཔལ། །
མི་དགོས་མ་ཟེར་གངས་ཅན་གཞོན་རབས་རྣམས། །
མེས་པོས་བསྐྲུན་པའི་ཕྱི་ནང་རིག་གནས་རྣམས། །
སྔོན་ཐོན་དང་ནི་རྗེས་ལུས་ཇི་ལྟར་ཀྱང་། །
མེས་པོའི་ཤུལ་བཞག་གཅེས་པའི་ནོར་ཡིན་པས། །
མི་དགོས་མ་ཟེར་གངས་ཅན་གཞོན་རབས་རྣམས། །
ཞེས་པ་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་མིང་བ་སྟུག་རྒྱའི་བཀའ་སྲུང་མགོན་པོའམ། བརྡ་སྤྲོད་ཀུན་ཏུ་བཤད་པའི་བཏགས་མིང་དུ་མི་འཇིགས་དབྱངས་ཅན་དགའ་བའི་གོ་ཆ་ཞེས་པའམ། གངས་ཅན་རིག་པ་སྨྲ་བའི་ཁྲོད་དུ་རིག་པའི་ཁུ་བྱུག་རྣམ་དཔྱོད་མཆོག་གི་སྡེར་འབོད་པས་རབ་བྱུང་བཅུ་བདུན་པའི་ལྕགས་སྟག་ལོའི་ཟླ་ལྔ་པའི་ཚེ་བཅོ་བརྒྱད་དེ་སྤྱི་ལོ༢༠༡༠ལོའི་ཟླ༦པའི་ཚེས༢༩ལ་སངས་རྒྱས་ཆོས་ལུགས་ཀྱི་སྤྱི་དོན་གསར་དཔྱད་བློ་གསལ་འཇུག་ངོགས་ཞེས་བྱ་བ་བཞུགས་སོ། །ཞེས་པ་པར་དུ་འགོད་པའི་མཇུག་བྱང་གཉིས་པའི་ཚུལ་དུ་ཀྲུང་གོའི་མི་རིགས་གཙུག་ལག་སློབ་གྲྭ་ཆེན་མོའི་རང་ཤག་རིག་པའི་ཁུ་བྱུག་རྩེན་པའི་ལྡིང་ཁང་ནས་བྲིས་པ་དགེ་བར་གྱུར་ཅིག་གོ།
གསལ་བཤད་མདོར་བསྡུས།
འདི་ནི་ཁུ་བྱུག་གིས་བརྩམས། སངས་རྒྱས་ཆོས་ལུགས་ཀྱི་སྤྱི་དོན་གསར་དཔྱད་བློ་གསལ་འཇུག་ངོགས་ཞེས་བྱ་བ་བཞུགས་སོ། ། ཤོག་ངོས༤༧༦ནས༤༨༢བར་བཞུགས་སོ། ། མི་རིགས་དཔེ་སྐྲུན་ཁང་། ༢༠༡༠ལོའི་ཟླ༡༢པར་པར་གཞི་དང་པོ་ཐེངས་དང་པོར་དཔར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com