ཁྲི་ཀ་རྫོང་མི་ཉག་བྱང་ཆུབ་མཆོད་རྟེན་ལ་རབ་གནས་མཛད་པ།
ལེགས་འགྲུབ་བྱུང་རྗེས་ཀྱི་མི་ཉག་བྱང་ཆུབ་མཆོད་རྟེན།
ཟླ4བའི་ཚེས28ཉིན་ཏེ་ལུགས་རྙིང་གི་ཟླ4བའི་ཚེས8ཀྱི་སྔ་དྲོ། ཁྲི་ཀ་རྫོང་མི་ཉག་བྱང་ཆུབ་མཆོད་རྟེན་བཞེངས་བ་ལེགས་འགྲུབ་བྱུང་བའི་ཁར་རབ་གནས་ཀྱི་མཛད་སྒོ་གནས་དེར་གཟབ་རྒྱས་ངང་སྤེལ།
མཆོད་རྟེན་ནང་དུ་བཞུགས་སུ་གསོལ་བའི་རྗེ་ཙོང་ཁ་པ།
གཅན་ཚའི་ལྷ་མོ་བདེ་ཆེན་དགོན་པ་དང་། མང་རྫོང་ཐར་ཤུལ་དགོན་པ། བྲག་དཀར་སྤྲེལ་རྫོང་དགོན་པ། འབའ་རྫོང་གཙང་དགོན་པ། འབའ་རྫོང་གསེར་ལག་དགོན་པ། གསེར་ཆེན་རྫོང་ཏང་ཀྱཱ་དགོན་པ། བ་ཡན་རྫོང་གི་བྱ་ཁྱུང་དགོན་པ་སོགས་དགོན་སྡེ30ལྷག་ནས་ཕེབས་པའི་བླ་མ་རྣམས་ཀྱིས་ཁྲི་ཀ་རྫོང་མི་ཉག་བྱང་ཆུབ་མཆོད་རྟེན་ལ་རབ་གནས་མཛད་པ་རེད།
བུམ་པ།
མཆོད་རྟེན་ནང་དུ་བཞུགས་སུ་གསོལ་བའི་འཇམ་པའི་དབྱངས་ཀྱི་ལྷ་སྐུ།
ཞར་བཀོད།
ས་གསུམ་ན་རྙེད་པར་དཀའ་བའི་མདོ་སྨད་ཁྲི་ཀའི་མི་ཉག་མཆོད་རྟེན་དཀར་པོ་ནི། སྔོན་ཆོས་རྗེ་མྱ་ངན་མེད་ཀྱིས་གནོད་སྦྱིན་རྣམས་ལས་ལ་བསྐུལ་ནས་རྒྱལ་བའི་རིང་བསྲེལ་སྙིང་བོར་བཞུགས་པའི་ཞག་གཅིག་ལ་མཆོད་རྟེན་བྱེ་བ་གཅིག་བཞེངས་པའི་གྲས་ཀྱི་གཅིག་ཡིན་ཟེར་བའི་ངག་རྒྱུན་ཡོད་ལ། ཁྲི་ཀའི་ཡུལ་འདི་བཙན་པོའི་དུས་ནས་བཟུང་མདོ་ཁམས་སྨད་ཀྱི་ཆབ་སྲིད་ཀྱི་གནས་ཡུལ་གལ་ཆེན་ཞིག་ཡིན་པས་ན། རིམ་བྱོན་བཙན་པོ་རྣམས་ཀྱི་དབུས་ན་རྒྱལ་བའི་བསྟན་པ་རིན་པོ་ཆེར་སྲི་ཞུ་བཀུར་བ་ལ་འགྲན་ཟླ་བྲལ་བའི་ཆོས་ཀྱི་རྒྱལ་བོ་རལ་བ་ཅན་མདོ་སྨད་དུ་དམག་ལ་བྱོན་ཏེ་ཁྲི་ཀའི་ཡུལ་འདིར་ཡུན་རིང་བཞུགས་སྐབས། སྔར་གྱི་མཆོད་རྟེན་དེར་ཉིད་ཀྱིས་དབུ་སྐྲ་སྙིང་བོར་བཞུགས་སུ་གསོལ་ནས་བོད་ལུགས་ལྟར་མི་ཉག་མཆོད་རྟེན་གསར་བཞེངས་མཛད། དེའི་རྗེས་གངས་ཅན་མཁས་པའི་ཁྱུ་མཆོག་འཇམ་མགོན་ས་པཎ་ཡབ་སྲས་ཧོར་རྒྱལ་བོའི་གདན་ཞུ་ལྟར་ཧོར་ཡུལ་དུ་ཕེབས་པའི་ལམ་བར་དུ་རྟེན་མཆོག་འདི་ཉིད་རྩད་ཆོད་དེ། ཁྲི་ཀའི་ཡུལ་དུ་ཞབས་པད་བསྒྱུར་ནས་མི་ཉག་དགུ་ཐོག་ཏུ་བཞུགས་གནངས་མཛད་པ་དང་། རྒྱུ་འབྱོར་བའི་མཐུན་རྐྱེན་སྤེལ་ནས་རྟེན་འདི་སླར་ཡང་ཉམས་གསོ་གནངས། དེ་ནས་བཟུང་རྗེ་མི་ཉག་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་དང་། རྗེ་ཞྭ་དམར་པ། སྙེ་རིན་པོ་ཆེ་རྣམས་ཀྱིས་སྔ་གཞུག་ཏུ་ཐེངས་འགའ་ལ་ཉམས་གསོ་མཛད། 1941ལོར་སྐྱབས་རྗེ་མི་ཉག་རྡོ་རྗེ་འཆང་ངག་དབང་ལེགས་བཤད་རྒྱ་མཚོས་འགྲོ་གྲོན་དཔག་པར་དཀའ་བ་བཏང་སྟེ་སླར་ཡང་ཉམས་གསོ་དང་རྒྱ་བསྐྱེད་གནང་། རིག་གསར་གྱི་དུས་སུ་རྟེན་འདི་འགས་སྨན་གྱིས་བཅོམས་ཏེ་རྡུལ་གྱི་ཕུང་བོ་ཞིག་ཏུ་བཏང་ན་ཡང་། 1987ལོར་སྐྱབས་རྗེ་མོ་ཡོག་སྤྲུལ་བའི་སྐུ་རིན་པོ་ཆེ་ངག་དབང་འོད་ཟེར་རྒྱ་མཚོས་ཐིག་བཏབ་ལྟར་མཆོད་རྟེན་གསར་བཞེངས་ཀྱི་དབུ་བརྩམས་པ་དང་། སྐྱེ་བོ་དམ་པ་དང་དད་ལྡན་རྣམས་ཀྱི་གཏོང་བ་ཡངས་པོའི་མཐུན་རྐྱེན་སྦྱར་འོག རྟེན་འདི་བསྐྱར་བཞེངས་མཛད། 2010ལོར་ཁྲི་ཀ་རྫོང་མི་དམངས་སྲིད་གཞུང་གིས་རིག་གནས་ཤུལ་ནོར་སྲུང་སྐྱོབ་དང་མི་རིགས་རིག་གནས་དར་སྤེལ་བྱེད་པའི་རྩ་དོན་གཞིར་བཟུང་སྟེ། དམངས་སྒོར་ས་ཡ་གཅིག་ལྷག་འགྲོ་གྲོན་བཏང་ནས་མཁྱེན་རབ་ཀྱི་དབང་ཕྱུག་སྐེ་བའི་སྔགས་རིམ་པ་མཆོག་སྤྲུལ་རིན་པོ་ཆེ་ངག་དབང་འཇམ་དབྱངས་རྒྱ་མཚོ་གཙོ་བྱས་ཏེ་སྔོན་གྱི་མཁས་ཆེན་དུ་མའི་གསེར་གྱི་བཀའ་ལུང་སྤྱི་བོར་ནང་བཞིན། ཡུལ་ཀུན་གྱི་དད་ལྡན་མང་ཚོགས་རྣམས་ཀྱིས་དད་པའི་མེ་ཏོག་རྣམ་པར་བཞད་ཆེད། རིང་བསྲེལ་རྣམ་བཞི་ལེགས་པོར་ཕུལ་ནས་བཀྲ་ཤིས་པའི་རྟགས་མཚན་དང་བཅས་པར་བསྐྱར་བཞེངས་མཛད་བཞིན་པའི་སྒང་ཡིན།
མཆོད་རྟེན་འདིའི་སྙིང་བོར་བཞུགས་པའི་རྟེན་དང་རིང་བསྲེལ་ལ་སྟོན་པ་བཅོམ་ལྡན་འདས་ཀྱི་མཛད་པ་བཅུ་གཉིས་ཀྱི་ཐང་ག་ཚོན་བཀྲ་ཅན་བཅུ་གཉིས། མངའ་བདག་ཁྲི་རལ་བ་ཅན་གྱི་རལ་བ། རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་དབུ་ཞྭ། གོང་ས་སྐྱབས་མགོན་ལྔ་པའི་ཚོགས་ཞྭའི་ཚལ་བུ། རྒྱལ་བ་སྐལ་བཟང་རྒྱ་མཚོའི་གདུང་ཚ། པཎ་ཆེན་སྐུ་ཕྲེང་བཅུ་བའི་གདུང་ཚ། རྗེ་གསེར་ཁང་བའི་དབུ་ལོ། འབྲུག་པ་ཀུན་ལེགས་ཀྱི་གདུང་རུས། པཎ་ཆེན་ཆོས་ཀྱི་ཉི་མའི་ན་བཟའི་ཚལ་བུ། མདོ་མཁྱེན་བརྩེ་དབང་བོའི་དབུ་སྐྲ་བཅས་བཀའ་བསྟན་སྐུ་གསུང་ཐུགས་རྟེན་བྱེ་ཕྲག་དུ་མའི་ནང་བཞུགས་གྱ་ནོམ་པ་འདུས་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com