སྡོམ་བརྩོན་དམ་པའི་མཚོན་དོན།
ཇི་སྐད་དུ། སྡོམ་བརྩོན་དམ་པ་དཔལ་ལྡན་ཞི་བ་འཚོ། ། བརྟུལ་ཞུགས་གྲུབ་པ་པདྨ་འབྱུང་གནས་ཉིད། ། ཅེས་གསུངས་པ་བཞིན་སྡོམ་བརྩོན་དམ་པ(圣僧图)ཞེས་བྱ་བ་ནི་སངས་རྒྱས་བསྟན་པའི་རྗེས་སུ་ཞུགས་པའི་སྐྱེས་བུ་ཚུལ་ཁྲིམས་ཀྱི་ཡོན་ཏན་ཡོངས་སུ་ཚང་བ་དཔལ་ཞི་བ་འཚོ་ལྟ་བུར་བརྗོད་པ་སྨོས་མེད་ཡིན། དེ་དག་རྒྱུ་མཚན་དུ་བྱས་ནས་སངས་རྒྱས་ཀྱི་བསྟན་པ་ཁ་བའི་ལྗོངས་སུ་ས་ཁྱབ་རྡོ་ཁྱབ་ཏུ་མཛད་པའི་མཁན་སློབ་ཆོས་གསུམ། སྤྲུལ་པའི་ལོ་ཙཱ་བ་ཆེན་པོ་པཎ་གྲུབ་དང་བཅས་པ་རྣམས་ཀྱི་འཕྲིན་ལས་རླབས་པོ་ཆེ་རྗེས་དྲན་གྱི་ཆེད་དུ་ས་སྐྱ་པཎྟི་ཏ་ཀུན་དགའ་རྒྱལ་མཚན་གྱིས་སྡོམ་བརྩོན་དམ་པ་རི་མོའི་ཚུལ་དུ་བྱས་ཏེ་བསམ་ཡས་སུ་ལྡེབས་རིས་ལ་བཀོད་པར་གྲགས། དེ་རྗེས་གངས་ལྗོངས་སུ་དགོན་སྡེ་དང་། ལྷ་ཁང་། ཕོ་བྲང་སོགས་ཀྱི་ནང་སྡོམ་བརྩོན་དམ་པའི་འབྲི་བྱ་རྒྱུན་གཏན་ལྟ་བུར་སྣང་།
རི་མོ་དེའི་གཙོ་བོའི་མཚོན་དོན་འདི་ལྟར་ཏེ། རྩ་བའམ་བརྩམ་གཞིར་གྱུར་པ་པངྨའི་སྡོང་པོས་སློབ་དཔོན་ཆེན་པོ་པངྨ་འབྱུང་གནས་མཚོན་ཏེ་སློབ་དཔོན་གྱི་མཚན་དང་ཆོས་མཚུངས། པངྨའི་ལྟེ་བར་གྱེན་དུ་ལངས་ཏེ་གནས་པའི་རལ་གྲི་དེས་འཇམ་དབྱངས་ཀྱི་སྤྲུལ་པ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་མཚོན། དེ་ཡང་སློབ་དཔོན་ལ་མཆོག་ཏུ་གྱུར་པའི་འཕྲིན་ལས་ཀྱི་སློབ་མ་རྗེ་འབངས་ཉེར་ལྔ་བྱོན་པའི་ནང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ནི་དེ་དག་གི་ཡང་གཙོ་བོར་གྱུར་པ་སློབ་དཔོན་གྱི་ཐུགས་ལས་འཁྲུངས་པའི་སྲས་ཡིན་པས་པངྨའི་ཟེའུ་འབྲུ་ལས་ཐོན་པའི་ཚུལ་དུ་བཀོད། པད་སྡོང་གི་གཡས་ཕྱོགས་སུ་འཁོད་པའི་ངང་སེར་མགོ་གཉིས་ཅན་དེས་དཔལ་ལྡན་ཞི་བ་འཚོ་དང་ཉིད་ཀྱི་ལྟ་དགོངས་གཅིག་ཏུ་གྱུར་པའི་ཐུགས་སྲས་ཀ་མ་ལ་ཤཱི་ལ་གཉིས་ལྟ་གྲུབ་གཅིག་ལ་ཆོས་ཚུལ་སོ་སོར་སྟོན་པ་མ་ཟད་ཀུན་ཀྱང་སྡོམ་བརྩོན་གྱི་མཆོག་ཡིན་པས་མཚོན་མདོག་གི་ཆ་ནས་ངང་སེར་གྱི་ཚུལ་དུ་བཀོད། གཡོན་ཕྱོགས་སུ་ནེ་ཙོ་མགོ་གཉིས་ཅན་ནི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང་ཅོག་རོ་ཀླུའི་རྒྱལ་མཚན་གཉིས་མཚོན་ཏེ་ནེ་ཙོས་བྱ་སྐད་དང་མི་སྐད་གཉིས་སྨྲ་བ་ལྟར་ལོ་ཙཱ་བས་ནི་རྒྱ་བོད་ཀྱི་སྐད་གཉིས་ཤེས་པའོ། དེ་དག་ཀྱང་མཚོ་ཆེན་པོའི་དབུས་སུ་གནས་པ་ནི་བསམ་ཡས་གཙུག་ལག་ཁང་ལ་མེ་ཡི་གནོད་པ་འབྱུང་བའི་ལུང་བསྟན་ལ་དམིགས་ནས་དེ་ཞི་བའི་རྟེན་འབྲེལ་གྱི་ཆེད་དུ་ཡིན་པ་བསམ་ཡས་སུ་འཁོད་པའི་ཞལ་བྱང་གི་གཤམ་དུ་གསལ་ལོ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com