བོད་རང་སྐྱོང་ལྗོངས་ཀྱི་ལོ་རེ་རེའི་ས་ག་ཟླ་བ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2011-06-18 06:04:00 ཀློག་གྲངས།:


དད་ལྡན་པ་རྣམས་ཀྱིས་སྐོར་བ་རྒྱག་བཞིན་པ། 

            2011ལོའི་ཟླ6པའི་ཚེས15ཉིན་ནི་བོད་ཟླ4བའི་ཚེས15ཉིན་ཏེ་ས་ག་ཟླ་བའི་ཉིན་གཙོ་བོ་དེ་ཡིན་ཞིང་། དད་ལྡན་མང་ཚོགས་ཀྱིས་རྣམ་དཀར་དགེ་བའི་ལས་མང་པོ་སྒྲུབ་བཞིན་ཡོད་པ་རེད།


དད་ལྡན་པ་རྣམས་ཀྱིས་སྐོར་བ་རྒྱག་བཞིན་པ།
  

དད་ལྡན་པ་རྣམས་ཀྱིས་ཇོ་ཁང་གི་མདུན་དུ་བསང་གཏོང་བཞིན་པ།   
 

            བོད་ཟླ་བཞི་པར་ས་ག་ཟླ་བའམ་འབུམ་འགྱུར་ཟླ་བ་ཟེར་ཞིང་། ས་ཟླའི་ཚེས་བཅོ་ལྔ་ཉིན་ཤཀྱཱ་མུ་ནེ་ལྷུངས་སུ་ཞུགས་པ་དང་། སངས་རྒྱས་པ། མྱ་ངན་ལས་འདས་པ་བཅས་ཀྱི་དུས་ཆེན་གསུམ་འཛོམས་པའི་ཁྱད་འཕགས་ལ་བརྟེན་ལྷ་ལྡན་ཇོ་བོ་ཤཀྱཱ་རྣམ་གཉིས་ཀྱི་མཚོན་རྩེ་ཤོད་རྟེན་གཙོ་ཁག་དང་གདན་ས་ཆེན་པོ་རྣམ་པ་གསུམ་གྱིས་མཚོན་དབུས་གཙང་ཁམས་སོགས་ཀྱི་དགོན་སྡེ་དང་ལྷ་ཁང་གི་རྟེན་མཆོག་རྣམས་ལ་ས་ཟླའི་མཆོད་སྤྲིན་ཞེས་དེ་སྔའི་ས་གནས་སྲིད་གཞུང་ནས་རྩིས་ཕྲུག་པ་སོགས་མི་སྣ་ཆེད་གཏོང་གིས་མཆོད་འབུལ་ཞུ་བ་དང་། ཇོ་ཤག་རྣམ་གཉིས་ཀྱི་གཙོ་རྟེན་གཙོ་ཁག་ལ་གཞུང་དང་། དད་ལྡན་ཁག་ནས་ཞལ་གསེར་སྤྱན་འབྱེད་ཞུ་བ་སོགས་རང་རང་གི་འཁོས་དཔག་ལ་གཞིགས་ཏེ་རྣམ་དཀར་གྱི་ལས་ལ་བརྩོན་པ་དང་། ས་ཟླའི་རིང་དགེ་སྡིག་ཇི་བྱས་འབུམ་འགྱུར་རེད་ཅེས་པའི་ཆོས་ལུགས་ཀྱི་ཤོད་རྒྱུན་དེར་ཡིད་ཆེས་ཀྱིས་གཤན་པ་ཚོས་ཀྱང་སྲོག་གཅོད་སྤངས་པ་དང་ཤ་ཁྲིམས་བསྡམས་ཏེ་བོད་རིགས་ཀྱི་ཤ་ཚོང་མཁན་ཡང་མཐོང་རྒྱུ་མེད་ལ་ཟླ་བ་དེའི་ཚེས་བཅུ་དྲུག་བར་ཤ་ཟ་མཁན་ཡང་ཧ་ཅང་ཉུང་ཉུང་ཡིན། ལྷག་པར་དུ་ཚེས་བཅོ་ལྔ་ཉིན་སྲིན་བུས་ཀྱང་ཤ་མི་ཟ་བའི་ཤོད་རྒྱུན་ལ་གཞིགས་ཏེ་ཉིན་དེར་ཤ་རིགས་ཟ་མཁན་མེད་པ་རེད།  སངས་རྒྱས་ཆོས་ལུགས་ལས་སྦྱིན་པ་ནི་ལོངས་སྤྱོད་ཀྱི་འབྱུང་རྩ་ཡིན་ཟེར་བ་དང་ལྷག་པར་དུ་ས་ག་ཟླ་བ་ནང་སྦྱིན་པ་བཏང་ན་དེའི་འབྲས་བུ་འབུམ་འགྱུར་གྱི་ཆེ་བ་ཡོད་པའི་ཤོད་སྲོལ་ལ་ཡིད་ཆེས་ཀྱིས་སློང་བ་པོར་སྦྱིན་གཏོང་མཁན་ཡང་ཧ་ཅང་མང་པོ་ཡོད་པས།  སྤྲང་པོ་རྣམས་ལ་ཡང་ས་ག་ཟླ་བའི་ཉིན་མོ་དངུལ་མང་པོ་ཡོང་གི་ཡོད་པར་བརྟེན་ནམ་རྒྱུན་སྤྲང་པོ་མིན་པའི་མི་འགའ་ཞིག་ཀྱང་ཚེས་བཅོ་ལྔའི་ཉིན་གླིང་བསྐོར་གྱི་ལམ་དུ་སྤྲང་པོར་བརྫུས་ཏེ་སྡོད་ཀྱི་ཡོད་པ་རེད།  


དད་ལྡན་པ་རྣམས་ཀྱིས་ཕྱག་འཚལ་བཞིན་པ། 


ཉ་ཚེ་ཐར་དུ་གཏོང་བཞིན་པ།  

   
            ཉིན་དེར་དེ་སྔའི་ས་གནས་སྲིད་གཞུང་གི་བཀའ་ཤག་གི་གཙོས་ཤོད་སྐོར་དཔོན་རིགས་རྣམས་གླིང་སྐོར་དུ་ཕྱིན་ཏེ་རྫོང་རྒྱབ་ཀླུ་ཁང་དུ་སླེབས་རྗེས་སྤྲོ་སྐྱིད་དུ་རོལ་བ་དང་།  དེ་བཞིན་ལྷ་ས་དང་ཉེ་འཁོར་གྱི་མང་ཚོགས་སྟོང་ཁྲག་མང་པོ་ཡང་རྒན་སྐྱོར་གཞོན་འཁྲིད་ཀྱིས་གླིང་སྐོར་དང་རྩེ་སྐོར་དུ་འགྲོ་བའི་སྐབས་དང་བསྟུན་ནས་རྫོང་རྒྱབ་ཀླུ་ཁང་དུ་ཀོ་གྲུར་བསྡད་ནས་གཞས་དང་རྣམ་ཐར་གཏོང་བ།ཇ་ཆང་དང་།   ཁ་ཟས་སྣ་ཚོགས་འཁྱེར་ནས་དགའ་སྤྲོའི་རྣམ་པའི་ཁྲོད་དུ་དུས་ཆེན་གཏོང་སྲོལ་ཡོད་པ་རེད། ས་ག་ཟླ་བའི་ཉིན་མོ་དེར་དེ་སྔའི་སྲིད་གཞུང་ནས་ཀྱང་བཙོན་པ་རེ་བཟུང་གློད་འགྲོལ་གཏོང་གི་ཡོད་པ་རེད། མི་དམངས་ཀྱི་ཁྲོད་དུ་ཡང་སྲོག་ཆགས་ཚེ་ཐར་གཏོང་བ་སོགས་བྱེད་ཀྱི་ཡོད། ས་ག་ཟླ་བའི་དུས་ཆེན་ནི་ལྷ་ས་ཙམ་མ་ཡིན་ལ་བོད་རང་སྐྱོངས་ལྗོངས་ཀྱི་ས་ཁུལ་ཙམ་ཡང་མ་ཡིན་པར་བོད་རིགས་གནས་པའི་ས་ཁུལ་ཚང་མར་དུས་ཆེན་སྲུང་འཛིན་བྱེད་པ་སྟེ།     ལྷ་ཁང་དང་དགོན་སྡེ།     གནས་རི་ཁག་བཅས་ལ་ཕྱག་དང་སྐོར་བ་བྱེད་པ་སོགས་ཀྱི་རྣམ་དཀར་དགེ་བའི་ལས་སྒྲུབ་པ་དང་ཆབས་ཅིག་ཟ་བཏུང་དང་གླུ་གར་སོགས་དགའ་སྐྱིད་ཀྱི་དཔལ་ལ་ཡང་ཅི་དགར་རོལ་བ་བྱེད་དོ།། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།