སྨན་རི་དགོན་དུ་རྣམ་མཁྱེན་སྟོན་པ་རྒྱལ་གཤེན་རབ་མི་བོའི་འཁྲུངས་མཆོད་ཚོགས་པ།
༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་རྒྱལ་བ་སྨན་རི་དགོན་དུ་རྣམ་མཁྱེན་སྟོན་པ་རྒྱལ་གཤེན་རབ་མི་བོའི་འཁྲུངས་མཆོད་ཚོགས་པ།
གཤེན་གྱི་འབྱུང་ལྡན་ ༣༠༡ གི་བགྲང་བྱ་ལྕགས་ཡོས་ལོའི་བོད་ཟླ་དང་པོའི་ཚེས་བཅུ་བཞི་དང་བཅོ་ལྔ་གཉིས་སྟེ། ཕྱི་ལོ ༢༠༡༡ ཟླ་ ༣ ཚེས་ ༡༨དང་༡༩ཉིན། ༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་ཞེས་སྙན་པའི་གྲགས་པ་ས་གསུམ་ན་འབྲུག་བཞིན་ལྡིར་བའི་སྙིགས་དུས་གཡུང་དྲུང་བསྟན་སྲོག་འཚོ་བའི་ཞིང་ས། འཕགས་ཡུལ་བྱང་ཕྱོགས་ཧི་མ་ཅལ་གྱི་མངའ་སྡེ། བོན་གཞིས་ཐོབ་རྒྱལ་གསར་པའི་ལ་མགོ་རུ་གནས་ཆགས་པའི་གཡུང་དྲུང་བོན་གྱི་བསྟན་པའི་རྩ་ལག་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་རྣམ་འདྲེན་བརྒྱད་པ་གཤེན་རབ་མི་བོ་སྐུ་བལྟམས་ནས་མི་ལོ་༡༨༠༢༨འཁོར་བའི་དུས་ཆེན་ཁྱད་པར་ཅན་དེར་ཚོགས་ཡོད་པ་རེད། དང་པོ་ཚེས་བཅུ་བཞི་ཉིན་རྣམ་དག་དགེ་སྤྱོད་ཀྱི་གཞུང་གྲངས་བསགས་པ་དང་། ཚེས་བཅོ་ལྔའི་ཞོགས་པ་ནམ་ལངས་ཡོས་ཀྱི་ཆུ་ཚོད་ལ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མཁན་སློབ་རྣམ་པ་དབུ་བཞུགས་ཐོག་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་རྣམ་དག་འདུལ་བའི་གསོ་སྦྱོང་ལ་ཚོགས་པ་དང་། དེ་ནས་ཕྱེད་ཡོལ་བར་གཤེན་གྱི་དགེ་སྤྱོད་རྣམ་པར་དག་པའི་ཚུལ་ལ་རབ་ཏུ་གནས་ཏེ་གཤེགས་བསྐྱོད་བཀྲ་ཤིས་ཀྱི་ཆོ་ག་གྲུབ་མཚམས་ཐེག་པ་ཆེན་པོ་ཡུམ་གྱི་སྙིང་པོའི་མདོ་སྡེ་བསྒྲགས། ཕྱེད་ཡོལ་གྲྭ་ཚང་སེར་འཕྲེང་ལ་ཕེབས་མཚམས་ཁྲུས་གསོལ་དང་ལན་ཆགས་གླུད་གཏོར་བཏང་ཞིང་དགེ་སྤྱོད་གཞུང་གི་བསྔོ་སྨོན་རྣམ་པར་དག་པས་རྒྱས་གདབ་མཛད། དགོང་དྲོར་བོན་གཞིས་སྐྱ་སེར་མང་ཚོགས་རྣམས་ྋདཔལ་གཤེན་བསྟན་སྨན་རིའི་གླིང་དུ་འདུ་ཚོགས་གནང་སྟེ། སྣང་སྲིད་གསལ་བའི་མར་མེ་བསྣམས་གླིང་བསྐོར་དུ་ཕེབས། དེ་མཚམས་སྟོན་པ་བླ་ན་མེད་པའི་སྐུ་བརྙན་མཐོང་གྲོལ་རིན་པོ་ཆེ་མཇལ་ཁ་ཞུས་ཏེ་བོན་བསྟན་རྒྱས་པའི་སྨོན་ལམ་གསུངས་ནས་མཛད་སྒོ་འཇུག་གྲུབ་ཡོད་པ་བཅས་ཀྱི་གནས་ཚུལ་མདོར་བསྡུས་ཙམ་མོ།།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com