བཅོ་ལྔ་མཆོད་པ།
ལོ་རེའི་སྨོན་ལམ་ཆེན་མོའི་ཚེས་བཅོ་ལྔའི་དགོང་མོ་བར་སྐོར་ཁོར་ཡུག་ཡོངས་རྫོགས་ལ་མཆོད་པ་སྣེ་མང་བཤམ་པ།
བོད་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་སྟོན་པ་ཤཱཀྱ་ཐུབ་པ་མཉན་ཡོད་དུ་ཆོ་འཕྲུལ་བསྟན་པའི་ཉིན་ཐ་མ་དེ་ཡིན། ལྷ་སའི་ཆོ་འཕྲུལ་སྨོན་ལམ་ཐོག་མར་གསར་འཛུགས་གནང་སྐབས་ཚེས་བཅོ་ལྔའི་ནུབ་མོ་བར་སྐོར་ཁོར་ཡུག་ཏུ་མཆོད་པ་སྣ་ལྔ་ཟབ་རྒྱས་སྒྲིག་གཤོམ་མཛད་ནས་རིམ་བཞིན་དར་རྒྱས་སུ་སོང་བ་དང་། མཆོད་པ་ཆེ་ཚད་ལ་ཐོག་ས་གསུམ་བརྒལ་བ་དང་། ཆུང་ཚད་ཐོག་ས་གཉིས་ཙམ་ཡོད། མཆོད་སྒྲོམ་ཞེས་རྒྱུག་རིལ་བླངས་པའི་གཡས་གཡོན་དུ་སྐས་འཛེག་རིང་པོ་ཞེང་ཆེ་རེ་བླང་པའི་བར་པང་ལེབ་བཏང་བའི་མདུན་ངོས་མཆོད་པའི་མཛེས་རིས་བྲི་གཞི་ཀོ་བར་བསྐོས་པའི་སྟེང་དུ་མར་ཚོན་གྱི་མེ་ཏོག་དང་། ཤིང་ལོ། ཁང་རྩེགས། སྐུ་བརྙན། འདོད་ཡོན་སྣ་ལྔ། བཀྲ་ཤིས་རྟགས་བརྒྱད། རྫས་བརྒྱད། མཐུན་པ་སྤུན་བཞི། ཚེ་རིང་དྲུག་འཁོར་སོགས་བཟོ་དབྱིབས་སྣ་ཚོགས་མཛེས་པར་བཟོས་ནས་ཀོ་བའི་སྒྲོམ་མཐའི་ཤིང་ལ་ལྕགས་ཀྱི་ཨ་ལོང་ཐག་པ་བཏག་པའི་སྣེ་མོ་མཆོད་སྒྲོམ་ཤིང་གི་ཐོག་དམ་པོར་བསྡོམས་པ་དང་། མཆོད་པའི་རྩེ་མོར་གདུགས་དང་། དེ་འོག་རྩེ་རྒྱན་ནོར་བུ་མེ་འབར་གྱི་རི་མོ་བྲིས་པ་ཕུད། དེ་བྱིངས་ཕལ་ཆེར་མར་ཚོན་ལས་བཟོས་པ་ཡིན། ཚེས་བཅོ་ལྔ་ཉིན་གྱི་ཉི་མ་ནུབ་མཚམས་མཆོད་པ་རྣམས་སྒྲིག་གཤོམ་བྱས་ཏེ་ས་མ་རུབ་གོང་བཤམ་ཚར་བ་དགོས་པ་ཡིན། མར་ཚོན་ལ་གཟུགས་བརྙན་བཟོ་སྲོལ་དེ་ནི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་སོ་སོའི་དམིགས་བསལ་གྱི་ལག་རྩལ་ཞིག་ཡིན། བར་སྐོར་གྱི་ཁྱོན་འཁོར་བའི་མཆོད་པ་དེ་དག་༡༩༥༩ལོ་བར་གྱི་བཅོ་ལྔ་མཆོད་པ་ནི་དགའ་ལྡན་ཁྲི་པ་དང་། བཀའ་བློན་ལས་ཐོག གདན་ས་གསུམ་གྱི་གྲྭ་ཚང་ཁག རྒྱུད་གྲྭ་སྟོད་སྨད། རྩེ་རྣམ་རྒྱལ་གྲྭ་ཚང་། གནས་ཆུང་གྲྭ་ཚང་། རྒྱལ་སྤྲུལ་ཧོ་ཐོག་ཐུའི་བླ་བྲང་ཁག སྐུ་དྲག་ཆེ་ཁག་སྡེ་དཔོན་བཞི། ཡབ་གཞིས་ཁག དེ་བཞིན་དཔོན་རིགས་ལས་གནས་ཐོག་ཡོད་པ་ཁག་གཅིག་སོགས་ལ་ཁྲལ་འཁྲིའི་རང་བཞིན་གྱི་གཏན་འཁེལ་ཡོད་པ་རྣམས་ནས་བཅོ་ལྔ་མཆོད་པ་བཞེངས་སྒྲིག་དགོས་ཀྱི་ཡོད། མར་ཚོན་གྱི་མཆོད་པ་དེ་དག་སོ་སོའི་མདུན་ཞལ་བཟས་༼རྩམ་པས་བཞེངས་༽མར་ཚོན་གྱི་དཀར་རྒྱན་ཅན་ཆེ་ལེགས་ལྔ་མཚན་སོགས་མཆོད་པ་སྣ་ལྔ་དང་། མཆོད་པའི་ལྷ་མོ་༼མར་ལས་བཟོས་པ་༽སོགས་གཤོམ་སྒྲིག་བྱེད། དེ་ནུབ་དད་མཇལ་བས་ཚང་ཁ་ཤིན་ཏུ་ཆེ་སྟབས་དམངས་ཁྲོད་ཤོད་རྒྱུན་དུ་བཅོ་ལྔ་མཆོད་པ་ཕར་ཚད་རེད། རང་མགོ་ཐོན་ན་ལྷ་རྒྱལ་རེད། ཟེར་སྲོལ་ཡོད། དེ་ནུབ་གྲིབ་དང་ར་མ་སྒང་གྲོང་ཚོའི་ཕོ་མོ་ཚོས་སྒོར་གཞས་རྒྱག་སྲོལ་ཡོད་པ་དང་། ཚེས་བཅུ་དྲུག་ཉིན་གྱི་ཉི་མ་མ་ཤར་གོང་མཆོད་པ་མཆོད་སྒྲོམ་དང་བཅས་པ་བསྡུས་ཚར་བ་དགོས་ལ། མཆོད་སྒྲོམ་གནོན་བྱེད་ཀྱི་རྡོ་རྣམས་སྨོན་ལམ་གྱི་ཚོགས་ལ་ཕེབས་པའི་དགེ་འདུན་པ་ཚོས་ཉོས་ཏེ་དེ་ཉིན་སྔ་དྲོ་ལྷ་སའི་ཤར་ངོས་ཇོ་བོ་རག་ཁར་རྡོ་རྣམས་བསྐྱལ་བར་ཇོ་བོ་རག་རྒྱག་ཅེས་བརྗོད། དེ་གར་དགའ་ལྡན་ཁྲི་པ་ཕེབས་ནས་རབ་གནས་གནང་སྲོལ་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com