སྟོན་པས་ལོ་དྲུག་ལ་དཀའ་བ་སྤྱད་ཚུལ་གྱི་སྐུ་བརྙན་ཁྱད་འཕགས།

རྩོམ་པ་པོ།:རྩེ་སྐར། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2010-12-16 15:32:00 ཀློག་གྲངས།:


སྟོན་པས་ལོ་དྲུག་ལ་དཀའ་བ་སྤྱད་ཚུལ་གྱི་སྐུ་བརྙན་ཁྱད་འཕགས།

        སྤྱིར་ལོ་རྒྱུས་སོགས་ཀྱི་ཡིག་ཆ་རྣམས་སུ་སྟོན་པའི་སྐུ་བརྙན་སོགས་འབུར་བཟོ་རྟེན་བཞེངས་ཀྱི་བཟོ་རིག་ལག་རྩལ་གྱི་ཐོག་མ་ནི་རྒྱ་གར་འཕགས་ཡུལ་ནས་དར་བ་ཞིག་ཡིན་ཟེར། དེ་ལ་མདོ་རྒྱུད་བསྟན་བཅོས་དག་ལས་གསུངས་པ་ལྟར་ན།  སྔར་མགོན་མེད་ཟས་སྦྱིན་གྱིས་དགེ་སློང་རྣམས་གདུགས་ཚོད་དུ་སྤྱན་དྲངས་པ་ལ་སྟོན་པ་མ་ཕེབས་པའི་སྐབས་སུ། གྲལ་གྱི་གོང་མི་བརྗིད་པར་མཐོང་ནས་སྟོན་པ་ལ་ཉིད་ཀྱི་སྐུ་འདྲ་ཞིག་བཞེངས་རྒྱུའི་གནང་བ་ཞུས་ཏེ། སྐུ་རྒྱུ་རིན་པོ་ཆེ་དུ་མ་ལས་གྲུབ་ཅིང་མཚན་ཉིད་ཡོངས་སུ་རྫོགས་པའི་སྟོན་པའི་སྐུ་བརྙན་རིན་ཆེན་སྟོན་པ་ཞེས་པ་ཞིག་བཞེངས་པར་གྲགས།  ཡང་སྟོན་པ་ལྷ་ཡུལ་དུ་ཕེབས་སྐབས་གསལ་རྒྱལ་གྱི་རྒྱལ་པོས་རང་ཉིད་ཀྱི་མཆོད་ཡུལ་དུ་ཙན་དན་ལས་གྲུབ་པའི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་བཞེངས་པར་གསུངས། ཕྱིས་རྒྱ་ནག་ཏུ་འབུར་བཟོའི་ལག་རྩལ་ཡང་སྐུ་འདྲ་དེ་ཉིད་ལས་བརྒྱུད་དེ་དར་བ་ཡིན་པར་བཤད།
       གཞན་ལོ་རྒྱུས་རྒྱལ་རབས་འགར་བརྗོད་པ་ལྟར་ན། ཁྱབ་འཇུག་གིས་སྟོན་པའི་ལོངས་སྤྱོད་རྫོགས་པའི་སྐུ་རྟེན་བཞེངས་པའི་རྒྱུ་རིིན་པོ་ཆེ་ཨིནྡྲ་ནྰི་ལའི་ཕུང་པོ་གཅིག མརྒད་ཞུན་མའི་ཕུང་པོ་གཅིག ཆུ་ཤེལ་ཞུན་མའི་ཕུང་པོ་གཅིག་བཅས་བསྡུས་པར། ལྷའི་བཟོ་བོ་བི་ཤྭ་ཀརྨས་རིན་པོ་ཆེ་དག་འདུལ་སྦྱོང་གིས་སངས་རྒྱས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་རྟེན་ཆུ་ཞེང་གབ་པ་ཞེས་པ་དཔག་ཚད་བརྒྱད་ཅུའི་ཚད་ཅན། ཕྱག་གཉིས་མཉམ་བཞག་ཏུ་བཞུགས་པ། སྐུ་མདོག་མཐིང་ག དབུའི་གཙུག་ཏོར་ན་ཆུ་ཤེལ་བུམ་པ་ཙམ་ཞིག་ཡོད་པ། བཞུགས་གནས་ཕྱིའི་རྒྱ་མཚོ་ཆེན་པོའི་ནང་བྱས་ཤིང་། སྐུའི་ལྟེ་བ་མན་ཆད་རྒྱ་མཚོའི་ནང་ནུབ་ནས་ཆུ་གནས་སེམས་ཅན་གྱི་དོན་མཛད་པ། སྐུའི་ལྟེ་བ་ཡན་ཆད་རྒྱ་མཚོའི་སྟེང་དུ་བུད་དེ་སྐམ་སར་གནས་པའི་སེམས་ཅན་གྱི་དོན་མཛད་པ་ཞིག་བཞེངས་པར་གྲགས། འོན་ཏང་སྟོན་པའི་སྐུ་དེ་དག་དོན་དངོས་སུ་བཞེངས་ཡོད་མེད་སུས་ཀྱང་ཁ་ཚོན་བཅད་ནས་བརྗོད་ཧ་ཅང་གི་དཀའ་བའི་གནས་ཤིག་རེད། གལ་སྲིད་བཞེངས་ཡོད་པའི་དབང་དུ་བཏང་ནའང་སྐུ་རྟེན་དེ་དག་གི་བཞེངས་ལུགས་ཀྱི་བཟོ་རྒྱུན་དེང་མ་ཉམས་པར་ཡོད་མེད་ནི་དེ་བས་ཀྱང་བརྗོད་མི་ཐུབ་པ་ཞིག་རེད།
       གཞན་ཡང་ཤོད་སྟངས་ཤིག་ལ་སྟོན་པ་སྐུ་མྱ་ངན་ལས་འདས་ནས་རིང་པོར་མ་ལོན་པ་ན། རྒྱ་གར་གྱི་ཡུལ་མ་ངྷ་ན་བྲམ་ཟེའི་རིགས་ཀྱི་ཁྱིམ་བདག་མ་ཧ་པ་ལ་ཞེས་པར་ཇོ་མོ་ཡེ་ཤེས་མཁའ་འགྲོ་མ་གཅིག་ཡོད་པ་དེར། བུ་ཆེ་ཆུང་གསུམ་ཡོད་པས་ཚང་མ་ནང་པའི་བསྟན་པར་ཞུགས་ནས་གཙུག་ལག་ཁང་རེ་བཞེངས། བུ་ཆུང་བས་རྒྱ་གར་རྡོ་རྗེ་གདན་གྱི་ལྷ་ཁང་བཞེངས་ཤིང་། ལྷ་ཁང་ནང་སྟོན་པ་དགུང་ལོ་སུམ་ཅུའི་ལོ་ཚད་ཅན་གྱི་སྐུ་བརྙན་ཞིག་བཞེངས་དགོས་དགོངས་ཏེ། སྟོན་པའི་ཞལ་མཇལ་མྱོང་བའི་རང་གི་ཨ་མས་སྟོན་པའི་ཞལ་གཟུགས་སོགས་ཇི་འདྲ་ཡིན་ཚུལ་གང་གསུངས་བཀོད་གདམས་ལྟར། སྐུ་རྒྱུ་ཙན་དན་བདར་བའི་འཇིམ་པའི་ཕུང་པོ་ལས་བྱས་ཤིང་། སྤྲུལ་བའི་ལྷ་བཟོས་གྲུབ་པར་མཛད་པའི་སངས་རྒྱས་ཀྱི་སྐུ་བརྙན་ཁྱད་དུ་འཕགས་པ་ཞིག་བཞེངས། དེ་ནི་དེང་སང་རྒྱ་གར་རྡོ་རྗེ་གདན་དུ་བཞུགས་སུ་གསོལ་བའི་སངས་རྒྱས་ཀྱི་སྐུ་བརྙན་དེ་ཡིན་པར་བཤད།
       གང་ལྟར་སྟོན་པའི་སྐུ་བརྙན་འབུར་བཞེངས་ཀྱི་སྲོལ་རྒྱ་གར་ནང་དར་ཞིང་རིམ་པས་རང་རེ་བོད་དང་། རྒྱ་ནག བལ་ཡུལ་སོགས་ཡུལ་གྲུ་ཁག་མང་པོ་ཞིག་ཏུ་དར་བ་ནི་དོན་དངོས་ཐོག་ལོ་རྒྱུས་ཀྱི་དུས་ཡུན་ཆེས་རིང་པོ་ཞིག་བརྒྱུད་ཡོང་ཡོད་སྟབས། དེང་སྐབས་མི་རིགས་སོ་སོའི་མི་གཤིས་དང་འཚོ་བའི་གོམས་སྲོལ་སོགས་ཀྱི་ཤན་ཤུགས་ཐེབས་ཏེ་སྟོན་པའི་སྐུའི་ཞལ་གཟུགས་ཆ་བྱད་རྣམས་ཕན་ཚུན་མི་མཚུངས་པའི་ཚུལ་དུ་སྟོན་པའི་སྐུ་བརྙན་རྣམ་པ་སྣ་ཚོགས་ཤིག་བཞེངས་སྲོལ་ཡོད་པས། དོན་དངོས་སྟོན་པ་འདི་ལྟ་བུ་ཞིག་ཡིན་རྒྱུ་རེད་བསམ་པའི་ཀུན་སློང་སྐྱེ་མི་ཐུབ་པའི་ཚུལ་དུ་ཡོད། 
       ཅི་སྟེ་སྟོན་པ་ཤྰཀྱ་ཐུབ་པ་ནི་རྒྱ་གར་གྱི་མི་རིགས་ཤིག་ཡིན་པའི་ཆ་ནས་ཞལ་གཟུགས་དང་ཆ་བྱད་རྣམས་ལ་རྒྱ་གར་གྱི་མིའི་གཤིས་གཟུགས་ཀྱི་ཆ་ནི་ངེས་པར་ལྡན་དགོས་པར་སྙམ་མོད། འོན་ཀྱང་དེང་ཞིབ་ཏུ་བལྟས་ན་སྟོན་པའི་སྐུ་གཟུགས་རྣམ་པ་སྣ་ཚོགས་སུ་འགྱུར་ནས་འདུག་པ་འདི་ནི་དུས་རབས་ཀྱི་འཁོར་འགྲོས་དང་མིའི་རིགས་ཀྱི་སྤྱི་ཚོགས་འདྲ་མིན་ནང་ལྷ་བཟོ་དག་གིས་བབ་ཅོལ་གྱིས་གང་དྲན་རྟོག་བཟོ་བྱས་པའི་བརྒྱུད་རིམ་ལས་བྱུང་བའི་དོན་གནད་ཅིག་རེད།
        སངས་རྒྱས་ལ་སྤྲུལ་བ་སྣ་ཚོགས་ཡོད་པས་སྐུ་ལའང་མི་རིགས་སོ་སོའི་མི་གཤིས་སྲོལ་ལུགས་དང་བསྟུན་འདྲ་མིན་སྣ་ཚོགས་སུ་བཞེངས་ཆོག་པར་མདོ་རྒྱུད་བསྟན་བཅོས་སོགས་ནས་གསུངས་པའི་ཞལ་གདམས་ཤིག་ཡོད་ན་མི་ཤེས་མོད། འོན་ཀྱང་བདེན་པ་དང་དོན་དངོས་ཀྱི་བབ་ལ་བརྟེན་ན་སྟོན་པ་གང་དེ་འཁྲུངས་སའི་མི་གཤིས་སྲོལ་ལུགས་དང་བསྟུན་ཆ་བྱད་དང་ན་བཟའ་སོགས་ཇི་བཞིན་བཞེངས་རྒྱུ་ནི་སྒྱུ་རྩལ་རིག་གནས་ཀྱི་རིན་ཐང་དང་ལོ་རྒྱུས་ཀྱི་ངོ་གདོང་གསལ་བའི་དཔང་རྟགས་བླ་ན་མེད་པ་ཞིག་རེད་སྙམ་མོ།།
        དེ་ལ་གོང་གསལ་གྱི་སྟོན་པའི་སྐུ་བརྙན་འདི་ནི་སྟོན་པས་ལོ་དྲུག་ལ་དཀའ་བ་སྤྱད་པའི་ཚུལ་ཀྱི་སྐུ་བརྙན་ཁྱད་འཕགས་ཤིག་ཡིན་པས། འདི་ལ་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཀྱི་རིན་ཐང་ལྡན་ཞིང་། དེང་སྐབས་པ་ཀི་སི་ཐན་གྱི་ལྰ་ཧོར་འགྲེམ་སྟོན་ཁང་དུ་ཉར་ཚགས་བྱས་ཡོད། ང་ཚོས་སྐུ་བརྙན་འདི་མཐོང་བ་དང་ཞལ་གཟུགས་སོགས་ལས་སྟོན་པ་ནི་རྒྱ་གར་གྱི་མིའི་ཁྱད་གཤིས་བྱད་གཟུགས་མངའ་བ་འདི་ལྟ་བུ་ཞིག་ཡིན་རྒྱུ་རེད་བསམ་པའི་ཚོར་སྣང་ངང་གིས་སྟེར་ཐུབ།         རྒྱ་གར་ནང་བར་སྐབས་ཤིག་སྐུ་བརྙན་འདི་ལ་དཔེ་བལྟས་ནས་རྡོ་རྗེ་གདན་སོགས་སུ་འདི་ལྟའི་སྐུ་བརྙན་བཞེངས་བསྐྲུན་བྱེད་སྲོལ་དར་ཁྱབ་བྱུང་ཡོད་ནའང་། དུས་ཡུན་རིང་པོར་སྐུ་བརྙན་གྱི་བཞེངས་སྲོལ་སྔར་ནས་རྒྱུན་འབྱམས་སུ་དར་ཁྱབ་བྱུང་ཡོད་པ་དེས་ཤུགས་སྟོབས་ཀྱིས་སྐུ་བརྙན་འདིའི་བྲིས་རྒྱུན་དར་སྲོལ་མ་བྱུང་བར་མངོན།
        རང་རེ་བོད་དུའང་ད་ནས་ཡར་རྩིས་པའི་ལོ་ངོ་དྲུག་ཅུ་ཙམ་གྱི་སྔོན་དུ་ཕོ་བྲང་པོ་ཏ་ལར་སྟོན་པའི་སྐུ་བརྙན་འདིའི་པར་ཞིག་ཡོད་པར་བཤད་མོད། འོན་ཀྱང་དེ་ལ་དཔེ་བལྟས་ཀྱིས་སྐུ་བརྙན་བཞེངས་མཁན་བྱུང་མེད་པར་སྣང་། གང་ལྟར་སྟོན་པའི་སྐུ་བརྙན་འདི་ནི་ལྷ་བཟོ་དག་གིས་རྒྱུན་འཁྱོངས་དོ་སྣང་བྱ་གཞིའི་ཁྱད་འཕགས་ཀྱི་སྐུ་བརྙན་ཞིག་ཡིན་སྟབས་དེང་སྐབས་གང་སར་འགྲམས་སྤེལ་བྱས་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།