པྲ་ཕབ་པ།
པྲ་ཕབ་པའམ་རྣོ་མཐོང་པྲ་ཡི་རྣམ་གཞག་མདོར་བསྡུས་སུ་བརྗོད་པ་ལ། སྤྱིར་པྲ་ནི་མོའི་བྱེ་བྲག་ཅིག་ཏུ་བརྩི་ཡང་མོ་དང་མི་འདྲ་སྟེ། པྲ་ཞེས་པ་དེ་ལྷའི་སྔགས་དང་རྫས་ལ་བརྟེན་ནས་བརྟག་བྱའི་ལྐོག་གྱུར་གྱི་དོན་དེ་ཉིད་གཟུགས་བརྙན་དང་སྐད་ཆའི་བརྡ་ལས་སྟོན་པ་ཞིག་ལ་ཟེར། 《པྲ་དཔེའི་ཁ་བྱང》(མགོ་ཤོག་གི་རྒྱབ)དུའང༌། གསང་སྔགས་པྲ་འབེབས་ཀྱི་གདམས་ངག་ཁྱད་པར་ཅན་ཞེས་བྲིས་འདུག་པ་དང༌། སྒྲུབ་ཐབས་སུ་ཉིན་པར་མི་བྱ་མཚན་མོ་བྱའོ། །ལུང་རྒྱུན་ལེགས་པར་ཐོབ་པའི་གང་ཟག་མ་གཏོགས་མི་བྱའོ། །གཞན་ལ་སྨྲ་མི་རུང་ངོ་ །ཞེས་སོགས་ཀྱིས་གསང་བའི་གདམས་ངག་གི་ཁྱད་ཆོས་ཤེས་སླའོ། །
པྲ་ལ་རིགས་ཀྱི་སྒོ་ནས་དབྱེ་ན་མེ་ལོང་པྲ་དང༌། མཐེ་བོང་པྲ། རྩ་པྲ་བཅས་རྣམ་གྲངས་གསུམ་དུ་འདུ་ལ། དེ་དག་ལས་ཀྱང་སྔ་མ་གཉིས་ལ་མཐོང་པྲ་ཞེས་པ་སྟེ། པྲ་མཁན་རང་གིས་བལྟ་དགོས་པ་དང༌། གཞན་མཐོང་གི་པྲ་སྟེ་པྲ་མཁན་གྱིས་པྲ་ཕབ་ནས་མི་གཞན་ལ་ལྟར་འཇུག་དགོས་པའི་རིགས་གཉིས་སུ་སྣང་ངོ༌། །རྩ་པྲ་ནི་རྣམ་པ་གཞན་ཞིག་སྟེ། ཤིང་སྟག་པའི་བུ་ཆུང་སོར་བཞི་པ་ཞིག་བསྒྲུབས་ནས་གོས་ཀྱི་གོང་བ་ལྟ་བུ་རྣ་བ་དང་ཉེ་བར་སྦེད་པ་ན་དེས་ལེགས་ཉེས་སྐད་ཀྱི་བརྡ་རུ་སྟོན་པ་ཞིག་ཡིན་ལ། འདི་ནི་སྨན་པས་རྩ་སོགས་ནད་ལ་བརྟག་པར་མཁོ་བས་རྩ་པྲ་རུ་འབོད། གཞན་ཡང་ཆུས་བཀང་བའི་སྣོད་དང་ནམ་མཁའི་ཁམས་སུ་པྲ་འབེབས་པ་དང༌། བརྟག་བྱའི་དོན་མིག་ལམ་དུ་ཡི་གེར་འཆར་བ་དང་ཡིད་ཀྱི་སྣང་ངོར་ཤར་བའི་པྲའི་རིགས་ཡོད་པར་བཤད་ཀྱང་ཡི་གེ་ནི་མ་མཐོང་ངོ༌། ། པྲ་མཁན་སུ་ཡིན་ཡང་ཐོག་མར་དད་དང་དམ་ཚིག་ལྡན་པའི་སྒོ་ནས། གདམས་ངག་གི་རྒྱུན་ཡོད་པ་ཞིག་ལས་པྲའི་ལུང་དང་ལག་ལེན་གྱི་སྐོར་རྣམས་ཚང་བར་མནོས་ཏེ། པྲ་ལྷའི་སྒྲུབ་ཐབས་དང་སྔགས་ཀྱི་བསྙེན་པ་བཏང་ནས་པྲ་རྟགས་ཐོན་པ་ན་པྲ་མཁན་རང་དུ་གྱུར་པ་ཡིན། སྤྱིར་རྣོ་མཐོང་པྲའི་ལྷ་ནི་དཔལ་ལྡན་ལྷ་མོའི་ཆོ་གར་ཚེ་རིང་མཆེད་ལྔའི་གྲས་མཐིང་གི་ཞལ་བཟང་མ་ཞེས་པ་གསེར་གྱི་མེ་ལོང་འཛིན་པ་དེ་ཉིད་ཡིན་དགོས་པར་བཤད་དེ། ལྷ་མོའི་ཆོ་གར་འདིའི་ཐད་དུ། སྣང་གསལ་པྲ་སྟོན་མཐིང་གི་ཞལ་བཟང་མ། །ཞེས་པ་ལྟར་དེ་ལ་བརྟེན་ནས་པྲ་བསྒྲུབ་པ་མང་བར་མཐོང༌། མཐེ་བོང་པྲ་ཡི་སྒྲུབ་ཐབས་ཤིག་ན་ལྷ་མོ་དམག་ཟོར་མ་ལ་བརྟེན་ནས་པྲ་བསྒྲུབ་དང་པྲ་འབེབས་པ་བྲིས་པ་བརྒྱུད་པ་ཡིན་ལ། གཞན་ཡང་བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས་ཀྱི་ནང་ཚན་རྡོ་རྗེ་གཡུ་སྒྲོན་མའི་པྲའི་ཆོ་གའང་ཡོད་པར་ཐོས་པས་མཐའ་གཅིག་ཏུ་མ་ངེས་པར་སེམས།
རྩ་པྲ་ནི་རྩ་སོགས་ནད་བརྟག་པའི་གནད་ལ་མི་མཁས་པའི་སྨན་པ་དག་གིས་བསྒྲུབས་ནས་གྲུབ་ན། ནད་གང་ཡིན། སྨན་ཅིས་ཕན་སོགས་ཁད་ཀྱིས་དྲན་ཡོང་བ《དར་མོའི་གདམས་ངག་བཀའ་རྒྱ》ལས་གསུངས། དེ་ཡང་སྨན་བླ་དང་ལྷ་མོ་རྩྭའི་གླིང་བུ་ཐོགས་པ་ལ་བརྟེན་ནས་སྟག་པའི་བུ་ཆུང་བསྒྲུབ་པའི་བསྙེན་པ་བྱས་ནས་རྟགས་ཐོན་ཚེ་གྲུབ་པ་ཡིན། སྔོན་གྱི་དུས་སུ་བོད་ཁམས་འདིར་སྨན་པ་ཁོ་ན་མ་ཡིན་པར། བརྟག་འགྱུར་དོན་འགའ་རེ་ཤས་ཆེར་སྒྲུབ་མཁན་མང་བ་དང༌། པྲ་མཁན་གྱིས་བརྟག་བྱའི་དོན་སྟོན་པ་ལ་མི་རྣམས་ཡིད་ཆེས་ཡོད་པས་པྲ་ནི་རྣོ་མཐོང་ཀུན་ལས་ལེགས་པ་རྒན་པོའི་ངག་རྒྱུན་ལ་ཡང་འདུག ལ་ལ་ན་རེ། རྩ་པྲ་མཁན་པོས་འཆི་ཁར་སྟག་པའི་བུ་ཆུང་གིས་ཡང་ཡང་མིང་ནས་ངུ་འབོད་ཀྱིས་བདེ་བར་འཆིར་མི་འཇུག་པ་སོགས་ངན་སྨྲས་དག་ནི་ཁུངས་མེད་རྫུན་གཏམ་དུ་ཟད་ཀྱི། སྒྲུབ་ཐབས་ཁུངས་བཙན་དག་ལས་ཀྱང་དེ་ལྟར་གང་ཡང་མ་གསུངས་སོ། །
མེ་ལོང་རང་མཐོང་གི་པྲ་འབེབས་སྐབས། པྲ་མཁན་གྱིས་རག་སེར་གྱི་མེ་ལོང་དུ་བརྟག་བྱའི་གཟུགས་བརྙན་མཐོང་བ་དང་འབྲུ་ཟན་གྱིས་བྲབ་ཚེ་དེ་མ་ཐག་མི་སྣང་བར་འགྱུར་ལ། དེ་ནས་ཡིད་ལ་གང་དམིགས་པའི་གཟུགས་བརྙན་དེ་སླར་ཡང་འཆར་སྲིད་པས་དེང་དུས་ཀྱི་གློག་བརྙན་ཤར་བ་ལྟ་བུ་ངོ་མཚར་བ་ཞིག་འདུག སྐབས་འདིར་བརྟག་བྱའི་ཡུལ་ཁམས་དང་མི་ཕྱུགས་སོགས་ལ་གསལ་པོ་ངེས་པ་ཞིག་པྲ་མཁན་གྱི་བློར་བསྡད་ནས་དྲི་ལན་ལྡོན་དགོས།
མཐེ་བོང་པྲའི་སྒྲུབ་ཐབས་སུ་བལྟ་མཁན་གསུམ་མམ་ལྔ་ཙམ་དང༌། དེ་དག་བུ་དང་བུ་མོ་གཉེན་དུ་མ་བསྡེབས་པ། རང་ལོ་བཅོ་ལྔ་ཅན། མིག་རྣོ་ནག་པ་བཟང་བར་བཤད་ཀྱང༌། ལག་ལེན་སྐབས་སུ་ཧ་ཅང་རྒན་པ་དང་བྱིས་པ་ལས་གཞན་སུ་ཡིན་ཡང༌། ཆོ་གའི་ལུགས་ལྟར་བྱས་ན་ཕྱེད་ཙམ་པ་ཞིག་གིས་མཐོང་ཐུབ།
སྤྱིར་རང་མཐོང་དང་གཞན་མཐོང་གི་པྲ་གང་ཡིན་རུང༌། བརྟག་བྱའི་གཟུགས་བརྙན་ཉུང་ཤས་ཤིག་ཐད་ཀར་དུ་གསལ་པོ་མངོན་པ་ལས། མང་ཤས་ཤིག་ནི་མཚོན་བྱེད་བརྡའི་གཟུགས་བརྙན་ལས་སྟོན་པས། པྲ་འ
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com