གཏོར་མའི་རྣམ་བཤད།
༡. གཏོར་མའི་རྣམ་གཞག་བཤད་པ།
གཏོར་མའི་རྣམ་གཞག་ནི་བཀའ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ནས་གསུངས་ལ།དེའང་འདུལ་བ་ནས་གཙང་སྦྲ་ལེགས་པར་བྱ་བ་དང༌། བདེན་པ་བདར་བ་དང༌། ཆོས་བཤད་པར་གསུངས། མདོ་སྡེ་ནས་སྔགས་དང་ཕྱག་རྒྱས་འབུལ་བར་གསུངས། མངོན་པ་ནས་མགྲོན་གྱི་བྱེ་བྲག་ཏུ་བྱ་ཐབས་གསུངས། བདེ་མཆོག་དགྱེས་རྡོར་གསང་འདུས་སོགས་རྒྱུད་སྡེ་རྣམས་ནས་སྔགས་ཀྱིས་འབུལ་བར་གསུངས། རྒྱུད་སྡེ་འོག་མ་གསུམ་གྱི་ལ་ལར་སྔགས་དང་ཕྱག་རྒྱ། ལ་ལར་ཏིང་ངེ་འཛིན་གྱིས་འབུལ་ཚུལ་གཙོ་ཆེ་བར་བསྟན་ཏོ། །
བསྟན་བཅོས་ལས་ཀྱང་གསུངས་ཏེ་སྤྱན་རས་གཟིགས་སོགས་སེམས་དཔའ་ཆེན་པོ་རྣམས་དང༌། དེ་དག་གི་རྗེས་འབྲངས་དཔལ་ལྡན་ས་ར་ཧ་དང་དཔལ་མགོན་ཀླུ་སྒྲུབ་ལ་སོགས་པའི་རྒྱ་བོད་ཀྱི་གྲུབ་ཆེན་རྣམས་ཀྱིས་མཛད་པའི་སྒྲུབ་ཐབས་རྣམས་ལས་གཏོར་མའི་ལག་ལེན་གསལ་བར་གསུངས་པའི་ཕྱིར། དེས་ན་བཀའ་བསྟན་གཉིས་ཀ་ནས་གསུངས་པས། བཀའ་ལའང་ཞལ་ནས་གསུངས་པ་དང་རྗེས་སུ་གནང་བ་དང་བྱིན་གྱིས་བརླབས་པའི་བཀའ་གསུམ་ལས་དང་པོ་ཡིན་ནོ། །འདི་ནི་མདོ་སྔགས་སུ་འདུས་ཤིང༌། བྱ་རྒྱུད་དུ་འདུས་ཏེ། དེའི་ལུགས་ལ་ཁྲུས་དང་གཙང་སྦྲ་གཙོ་བོར་བྱེད་པས། འདིར་ཡང་དེ་དག་ལ་བརྩོན་པར་བྱའོ། །འོ་ན་འདི་ཞལ་ནས་གསུངས་པའི་བཀའ་ཡིན་ན། དུས་ནམ་གྱི་ཚེ་གསུངས། ཡུལ་གང་དུ། གང་ཟག་སུ་ལ། བརྒྱུད་པ་ཇི་ལྟར་ཡོད་སྙམ་ན། སྔོན་འཕགས་ཡུལ་གྲོང་ཁྱེར་སེར་སྐྱའི་ནགས་ཁྲོད་དུ། གཅུང་དགའ་བོ་ཆོས་ཡིད་ལ་བྱེད་ཅིང་ཡོད་པའི་དྲུང་དུ་ནམ་ཀྱི་ཆ་སྨད་ལ། ཡི་དྭགས་ཁ་ལ་མེ་འབར་བ་འཇིགས་ཤིང་སྐྱི་གཡའ་བ་ཞིག་བྱུང་ནས། ཁྱོད་ད་སྟེ་ཞག་བདུན་ནས་འཆི་བ་ཡོང༌། ངའི་ཟས་སྐལ་ཡིན་ཟེར་བས། དགའ་བོ་ཤིན་ཏུ་བྲེད་ནས་བཅོམ་ལྡན་འདས་ལ་ཞུས་པས། སྟོན་པས་གཟུངས་སྔགས་གཟི་བརྗིད་ཚད་མེད་པའི་གཏོར་མ་འདི་གསུངས་ནས། དགའ་བོས་གཏོར་མ་བཏང་བས་དུས་མ་ཡིན་པར་འཆི་བའི་འཇིགས་པ་ལས་གྲོལ་ཏེ་ཡོན་ཏན་ཚད་མེད་པ་བརྙེས་པར་གསུངས་སོ། །གཅུང་དགའ་བོས་དགེ་སློང་མ་དགའ་མོ་ལ་གནང༌། དེས་དགེ་སློང་མ་གྲགས་འཛིན་མ་ལ། དེས་དགེ་སློང་མ་ཉེ་གནས་མ་ལ། དེས་དགྲ་བཅོམ་པ་ལ། དེས་རྣལ་འབྱོར་བ་ཨཱ་ནནྡ་བཛྲ་ལ་དེས་རྡོ་རྗེ་གདན་པ་ལ། དེས་གསེར་གླིང་བ་ལ། དེས་ཇོ་བོ་ལ། དེས་དགེ་བཤེས་སྟོན་པ་ལ། དེས་པོ་ཏོ་བ་ལ། དེས་ཤ་ར་བ་ལ་སོགས་པར་གསུངས། དེ་ནས་བཟུང་དེང་སང་གི་དགེ་བའི་བཤེས་གཉེན་གྱི་བར་དུ་རྒྱུན་མ་ཆད་པར་བརྒྱུད་དོ། །
༢. གཏོར་མའི་ལག་ལེན་དངོས་ལ་འཇུག་ཚུལ་བཤད་པ།
དེ་ལ་གཏོར་མའི་ངོ་བོ། དབྱེ་བ། ངེས་ཚིག རྟེན་གྱི་གང་ཟག མགྲོན་གྱི་དབྱེ་བ། གཏོར་བའི་དུས།། གཏོར་བའི་རྫས། བྱིན་གྱིས་རླབས་པ། ཇི་ལྟར་འཐོབ་ཚུལ། འཁོར་གསུམ་མི་དམིགས་པར་བསྔོ་བ། ལམ་གྱི་ཉམས་ལེན་གྱི་གནད་ཀུན་ཚང་བ། དམ་ཚིག ཕན་ཡོན་བཤད་པ་དང་བཅས་སོ།།
(༡)གཏོར་མའི་ངོ་བོ་ནི། ཕྱི་སྣོད་ཀྱི་འཇིག་རྟེན་རྣམ་པར་དག་པའི་རང་བཞིན་ཆོས་ཀྱི་དབྱིངས་དང༌། ནང་བཅུད་ཀྱི་སེམས་ཅན་རྣམ་པར་དག་པའི་རང་བཞིན་རིག་པ་ཡེ་ཤེས་ཀྱིས་མཚོན་ཏེ། ཡུལ་སྟོང་པ་ཉིད་དང་ཡུལ་ཅན་ཡེ་ཤེས་གཉིས་མེད་པ་གཏོར་མའི་ངོ་བོ་ཡིན་ནོ། །
(༢)གཏོར་མའི་དབྱེ་བ་ནི། སྤྱིར་གཏོར་མ་ལ་ཕྱིའི་གཏོར་མ་དང༌། ནང་གི་གཏོར་མ། གསང་བའི་གཏོར་མ། བསམ་གཏན་གྱི་གཏོར་མ། མཚོན་པའི་གཏོར་མ་དང་དྲུག་ལས་འདི་ནི་དང་པོ་ཡིན་ནོ། །
(༣)གཏོར་མའི་ངེས་ཚིག་ནི། ཅིའི་ཕྱིར་གཏོར་མ་ཞེས་བྱ་ཞེ་ན། སེམས་ལ་འཛིན་ཆགས་མེད་པར་གཏོང་བས་ན་གཏོར་ཞེས་བྱ་ལ། མགྲོན་རྣམས་ཀྱི་སྤྱན་ལམ་དུ་ཁྱབ་པས་ན་མ་ཞེས་བྱའོ། །དེ་ལྟར་ཡང་སློབ་དཔོན་པད་མས། མི་འཛིན་གཏོང་བས་གཏོར་ཞེས་བྱ། །ཡོངས་ལ་ཁྱབ་པས་མ་ཞེས་བྱ། །ཞེས་གསུངས་པའི་ཕྱིར། །
(༤)གཏོང་བའི་གང་ཟག་ནི། གཟུངས་ལས་དགེ་སློང་ཕ་མ་གཉིས་དགེ་བསྙེན་ཕ་མ་གཉིས་ཚིག་ཟིན་ལ་གསུངས་པ་མཚོན་བྱེད་ཡིན་པས། དགེ་སློང་ནས་དགེ་བསྙེན་མའི་བར་གྱི་སྡོམ་ལྡན་གྱིས་བཏང་ན་བསོད་ནམས་གཞན་ལས་ཆེ་བར་དགོངས་ལ། ཁྱིམ་པ་ལ་སོགས་པ་གང་ཟག་ཕལ་པ་རྣམས་ཀྱིས་ཀྱང་གཏོང་དུ་རུང་བར་གསུངས། དེའང་དབང་པོ་རབ་ཀྱིས་གཏོར་མ་གཞི་གཅིག་ལས་མེད་ཀྱང༌། མགྲོན་སོ་སོའི་སྤྱན་ལམ་དུ་ཇི་ལྟར་འདོད་པ་བཞིན་དུ་སྤྲུལ་ནུས་ལ། དེ་མེད་ཀྱང་ཏིང་ངེ་འཛིན་གསལ་ཞིང་སྔགས་དང་ཕྱག་རྒྱ་དང་ཆོ་ག་ནོར་འཁྲུལ་མེད་པས་བྱིན་གྱིས་བརླབས་ནས་བདུད་རྩིར་བསྒྱུར་ནུས་པས། གང་ཟག་སུས་གཏོང་ཡང་དེ་དག་ལ་འབད་པར་བྱའོ། །
(༥)མགྲོན་གྱི་དབྱེ་བ་ནི། བསྡུས་ན་མཆོད་ཡུལ་དང་སྦྱིན་གནས་གཉིས་སུ་འདུ། ཅུང་ཟད
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com