༄༅ །། ཚེ་རིང་རྣམ་དྲུག

རྩོམ་པ་པོ།:gjmg ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2009-10-01 12:46:47 ཀློག་གྲངས།:

  ཚེ་རིང་རྣམ་དྲུག་གི་དང་པོ་བྲག་ཚེ་རིང་ནི།  སྔོན་གྱི་དུས་སུ་མ་ཧྰ་ཙི་ནའི་ཡུལ་གྲུ་ཆེན་པོའི་རྣམ་དག་བདེ་ཆེན་གྱི་ཚལ་ཞེས་བྱ་བ།  དབེན་ཞིང་ཉམས་དགའ་བ་སྤྲུལ་པའི་བཟོ་བོས་བྱས་པ་ལས་ཀྱང་ཆེས་མཛེས་པའི་ཡུལ་དེའི་དབུས་སུ།  བསྐལ་བ་ཆགས་པའི་ཐོག་མར་བྱུང་བའི་བྲག་རི་དུང་དཀར་གཡས་སུ་འཁྱིལ་བའི་དབྱིབས་ཅན།  སྲིད་པའི་འཇིག་པ་ལའང་ཅི་མི་སྙམ་པ་ལྟར་བརྗིད་ཅིང་རབ་ཏུ་བརྟན་པ།  སངས་རྒྱས་ཚེ་དཔག་མེད་ཀྱིས་བྱིན་གྱིས་བརླབས་པའི་གནས།  རྩེ་མོ་མཁའ་ལ་བསྙེགས་པ།  སྐྱེ་བོ་ཕལ་པ་རྒྱུ་བའི་སྐབས་དང་བྲལ་ཞིང་འཆི་མེད་ཚེའི་སྒྲུབ་ཆུ་རྒྱུན་དུ་འབབ་པ་ཞིག་ཡོད་པ་དེ་ལའོ།།  གཉིས་པ་མི་ཚེ་རིང་ནི།  གོང་གི་བྲག་དེའི་དྲུང་དུ་འཆི་མེད་ཚེའི་དངོས་གྲུབ་བརྙེས་པ་དབེན་པའི་གནས་དེར་མི་ལོ་སྟོང་ལ་ཉེ་བར་བསྒོམས་པས།  འབྱུང་བ་བཞི་ལ་རང་དབང་ཐོབ་པའི་རིག་འཛིན་གྱི་དྲང་སྲོང་ཆེན་པོ་སྨ་ར་དང་སྨིན་མ་དུང་ལྟར་དཀར་ཞིང་དཀར་ལ་དམར་བའི་མདངས་ཆགས་པ།  རྒྱ་ནག་གི་རིག་འཛིན་གྱི་ཆས་ལ།  ཕྱག་གཡས་ཀ་པེད་ཀྱི་ཚེ་བུམ་དར་གྱི་མགུལ་ཆིངས་ཅན་གྱིས་བརྒྱན་པའི་ཕྱག་མཁར་དང་།  གཡོན་དུ་མི་ལོ་སྟོང་ལས་སྨིན་པའི་ལྷའི་ཁམ་བུ་བསྣམས་ཏེ་སྦྱིན་པའི་ཚུལ་དུ་བཞུགས་པའོ།།  གསུམ་པ་ཆུ་ཚེ་རིང་ནི།  དྲང་སྲོང་དེའི་མཐུ་བྱིན་ལས།  རྒྱབ་ཀྱི་བྲག་རི་དུང་དཀར་དབྱིབས་འདྲ་བའི་འཁྱིལ་ཁུག་ནས་རྒ་ཤི་མེད་པའི་བཅུད་ལེན།  ཡན་ལག་བརྒྱད་ལྡན་པའི་སྒྲུབ་ཆུ་རྒྱུན་མི་ཆད་པར་སྐྱེ་དགུ་ཚེ་སྲོག་འཚོ་བའི་གཉེན་དུ་འབབ་པའོ།།  བཞི་པ་ཤིང་ཚེ་རིང་ནི།  ཚེ་རིང་བའི་ལྗོན་པ་མྱ་ངན་མེད་པའི་ཤིངརྒྱ་ནག་རང་ལུགས་སུ་སྒྲོན་ཤིང་ངོརྩ་བ་བརྟན་ཅིང་ཡལ་ག་དང་ལོ་འདབ་རྒྱས་པ།  མེ་ཏོག་དང་འབྲས་བུ་ཁུར་གྱིས་ལྕི་བ།  འགྲོ་ཀུན་ཚ་གདུང་སེལ་བའི་མཆོག་ཏུ་གྱུར་པ།  དེའི་གྲིབ་མས་རེག་པ་དང་འབྲས་བུ་མྱང་བ་ཙམ་གྱིས་ཀྱང་ཚེ་བསྲེངས་ཏེ་ཚེ་མཐར་ཕྱིན་པར་གྱུར་པ་དེའོ།།  ལྔ་བ་བྱ་ཚེ་རིང་ནི།  དྲང་སྲོང་དེའི་ཁྱམས་ཀྱི་ར་བ་ན།  རྒྱུན་པར་ཟང་ཟིང་གི་སྦྱིན་པ་དང་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པའི་གཡབ་མོ་ལ་བརྟེན་ནས།  སྤུ་སྡུག་འདབ་ཆགས་ཚོགས་ཀྱང་འདུ་བར་གྱུར་བ་ལས་ལྷ་བྱ་ཁྲུང་ཁྲུང་གངས་ལ་ཟླ་བའི་འོད་ཀྱིས་ཁྱབ་པ་ལྟར་མཛེས་ཤིང་མགྲིན་པ་དང་རྐང་པ་རིང་བ།  དཀར་ནགས་མངོན་པར་བཀྲ་ཞིང་རིན་ཆེན་གྱི་ཏོག་དམར་པོས་གཙུག་བརྒྱན་པ་གཉིས་ཡོད་པ་དེའོ།།  དྲུག་པ་རི་དྭགས་ཚེ་རིང་ནི།  དྲང་སྲོང་གི་བཞུགས་གནས་དང་ཉེ་བའི་སྤང་གཡུའི་མེ་ལུང་འདྲ་བར་རི་དྭགས་རུ་རུའམ་ཤྭ་བ་རྭ་ལག་ཡོངས་སུ་རྒྱས་པ་ཡུ་མོ་དང་རྩེན་བཞིན་དུ་འགྲོགས་ཤིང་བག་ཕེབས་ཏེ་ཅི་དགར་རང་བྱུང་གི་ཟན་དང་ཆུ་ལ་ལོངས་སྤྱོད་པ་རྣམས་ཀྱང་གནས་དང་སྲང་སྲོང་གི་བྱིན་བརླབས་ལས་རྒ་ཤི་སྤངས་པའི་བདེ་བ་ལ་མངོན་སུམ་དུ་རེག་པར་གྱུར་པས་ཚེ་རིང་རྣམ་དྲུག་ཏུ་བརྗོད་ལ་རྒྱ་ནག་གི་སྐད་དུ་དབང་ཐང་གི་སྲོག་ཡིག་ལུའུ(禄)དང་ཤྭ་བའི་མིང་ལུའུ(鹿)ཞེས་པའི་ཡི་གེ་གཉིས་ཀྱི་སྒྲ་གཅིག་པས།  རི་དྭགས་གཉིས་དབང་ཐང་རྒྱས་པའི་རྟེན་འབྲེལ་དུ་བྲིས་པ་ཡིན་ཚུལ་ཡང་རྒྱ་ནག་གི་ཡིག་རྙིང་ལས་འབྱུང་ངོ་།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།