ཨ་མདོའི་རྡོ་འབུམ།

རྩོམ་པ་པོ།:xbtx ཡོང་ཁུངས།:རེབ་གོང་ཤེས་རིག་གླིང་། དུས་ཚོད།:2009-07-10 10:37:31 ཀློག་གྲངས།:

  ཨ་མདོ་རོང་བོ་དགོན་ཆེན་གྱི་བྱང་ཕྱོགས་སུ་ཨ་མདོ་རྡོ་འབུམ་སྔོ་རིས་དང་ཨ་མདོ་མཆོད་རྟེན་རིང་མོ་གཉིས་ཡོད༌།  ཨ་མདོ་རྡོ་འབུམ་སྔོ་རིས་ནིརེབ་གོང་རུས་མཛོདཉམས་རྟོགས་ཀྱི་ཀློང་བརྡོལ་ཞིང་འབྱུང་བཞི་ལ་ཁ་ལོ་བསྒྱུར་བའི་སློབ་དཔོན་པདྨ་འབྱུང་གནས་ཀྱིས།  ཡུལ་མདོ་སྨད་འདིར་ཆོས་ཀྱི་འཛད་འཕྲིན་མང་པོ་གནང་སྟེ། རྟ་ཁོག་སྐམ་པོ་འདྲ་བའི་རེབ་གོང་གི་ཡུལ་འདི།  རྟ་སྙིང་རློན་པར་མཚུངས་པའི་མཁར་གོང་རི་བོའི་ལྷོ་ངོས་ན།  ས་དཀར་ཨ་ཡིག་འབུར་དུ་དོད་པའི་ཨ་ཡི་མིང་ཅན་གྱི་གཡས་ཕྱོགས་སུ་བྱ་ཀོའུ་བོའི་རྔ་སྒྲོ་འདྲ་བའི་སྟེང༌།  རྒྱལ་བསྟན་སྤེལ་ཞིང་ཀླ་ཀློའི་དམག་ཚོགས་བཟློག་ཕྱིར་ཕྱོགས་དེར་ཕེབསསློབ་དཔོན་གྱི་སྤྲུལ་བའི་སྔགས་འཆང་སྨྱོན་པའི་ཆ་བྱད་ཅན་ཞིག་ཅེས་ཀྱང་འབྱུང་སློབ་དཔོན་པད་འབྱུང་གིས་བདུད་སྲིན་འབྱུང་བའི་རིགས་རྣམས་རྫུ་འཕྲུལ་གྱིས་བདུལ་ཏེ་ལྷ་ཀླུ་བཙན་གསུམ་བྲན་དུ་འཁོལ་ནས་ཕོ་འདོམ་དགུ་བརྒྱའི་འོག་ཏུ་གདོན་བགེགས་ཀྱི་རིགས་དེ་དག་མནན་ཏེ། མི་ལོ་དགུ་སྟོང་གི་བར་དུ་དམ་ལས་མི་འདའ་བའི་ཕྱག་རྒྱས་བཏབས། ཕྱིས་སུ་སྐྱེས་ཆེན་དམ་པ་དུ་མས་གཟུངས་སྔགས་ཀྱི་བཟློས་བརྗོད་ཚད་དུ་འཁྱོལ་བར་སྔགས་ཏེ། རྡོའུ་སྤུངས་ནས་གཞི་རྒྱ་ཇེ་ཆེར་བཏང་བར་མ་ཟད།  དད་ལྡན་མང་པོས་མ་སྐུལ་དང་བླངས་ཀྱིས་སྤུངས་པའི་རྡོ་འབུམ་འདི་ལ་གྱང་སྐྱའི་རྡོ་འབུམ་སྔོ་རིས་དང༌། ཡང་ན་ཨ་མདོ་རྡོ་འབུམ་སྔོ་རིས་ཞེས་བྱིན་རླབས་ཀྱི་ཚན་ཁ་ཆེ་བར་བཤད་དོ།། 

   རླུང་ལྟར་གྲགས་པའི་རྒན་རབས་ཀྱི་ངག་རྒྱུན།

   ཨ་མདོ་རྡོ་འབུམ་སྔོ་རིས་འདིའི་རྨང་རྩིག་པ་པོ་ནི་རྗེ་ཐམས་ཅད་མཁྱེན་པའི་སློབ་དཔོན་ཆོས་རྗེ་དོན་གྲུབ་རིན་ཆེན་ཡིན་ལ། ཁོང་མཆམས་བློ་བཟང་གྲགས་པའི་ལུང་བསྟན་ལྟར་བྱ་ཁྱུང་གི་གནས་འཚོལ་བར་ཕེབས་སྐབས།  གྱང་སྐྱའི་ས་སྒང་རྒྱབ་ལ་ཕེབས་ནས་མདུན་གྱི་རི་འདིའི་མིང་ལ་ཅི་ཟེར་ཞེས་བུད་མེད་ཞིག་ལ་དྲིས་པས། བུད་མེད་དེས་རི་འདིའི་མིང་ལ་དཀྱིལ་རི་ཟེར་ཞུས་པས། ཁོང་གིས་འདི་ཙོང་ཁའི་དཀྱིལ་རི་ཡིན་པར་སྙམ་ནས་ཞག་འགར་བཞུགས་པར་བཤད།  གྱང་སྐྱའི་ས་སྒང་རྒྱབ་ན་བཞུགས་ཤུལ་ཀྱང་ཡོད། དེ་ནས་ཁོང་གིས་ཙོང་ཁའི་དཀྱིལ་རི་ཟེར་བ་ཞིག་ཡོད་མེད་ཀྱི་གཏམ་དྲིས་པ་དང༌། རང་གི་རྨི་ལམ་སོགས་ལ་བརྟེན་ནས་རི་འདི་ཙོང་ཁའི་སྐྱེས་རི་མིན་པར་རྟོགས་ཏེ་ཙོང་ཁའི་སྐྱེས་རིར་ཕེབས་སྐབས་སྡེ་འདིའི་དད་ལྡན་རྣམས་ཀྱིས་བྱིན་རྟེན་ཞིག་འཇོག་དགོས་པར་ཡང་ཡང་བསྐུལ་ངོར་ཁོང་གིས་ཡུལ་འདིའི་ས་དཔྱད་དང་བོད་ཁམས་སྤྱིའི་དགེ་ཕན་ལ་དམིགས་ནས་ས་རྒྱ་གྲམ་འདྲ་བའི་བཞི་མདོར།  བྱ་ཁྱུང་དགོན་པ་བཏབས་པའི་སྔ་ལོར་༡༣༦༨ལོར་རྡོ་འབུམ་འདི་བཞེངས་བར་སྙམ།  རྡོ་འབུམ་འདིའི་ནང་རྟེན་ལ་ཆོས་རྗེ་དོན་རིན་པའི་ཕྱག་རྟེན་དང་མཆིལ་ལྷམ་བྱིན་རླབས་ཀྱི་རང་དྲོད་འབར་བ་བཞུགས་ཡོད་པས་གནའ་ནས་ད་ལྟའི་བར་དུ། སྡེ་འདིའི་ཡ་རབས་སྐྱེ་པོ་དང་ལམ་འགྲོ་དད་ལྡན་རྣམས་ཀྱིས་མ་ཎི་རྡོ་བརྐོས་དང་རྡོ་དཀར་སོགས་སྤུངས་ནས་ད་ལྟ་གཞི་ཁྱོན་ཧ་ཅང་ཆེ་བ་ཡིན་ནོ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།